དཀར་མཛེས་ཁུལ་གྱིས་བྱེད་ཐབས་བཅུ་གསུམ་བཏོན་ནས་ཀྲུང་བོད་ལུགས་གསོ་རིག་གི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 02-07
ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱིས《དཀར་མཛེས་ཁུལ་གྱིས་ཀྲུང་བོད་ལུགས་གསོ་རིག་གི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་བྱེད་ཐབས་དོན་ཚན་བཅུ་གསུམ》འགྲེམས་སྤེལ་བྱས་ཏེ། ནོར་སྲིད་གཏོང་ཤུགས་ཆེ་རུ་གཏོང་བ་དང་། མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་བྱེད་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་མ་དངུལ་བརྩོན་ལེན་བྱེད་པ། ཁེ་ལས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད“ཐབས་མང་མཉམ་སྤྱོད”རབ་དང་རིམ་པ་བཏོན་ནས་ཀྲུང་བོད་ལུགས་གསོ་རིག་གི་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་དང་སྐུལ་འདེད་ནུས་ལྡན་བྱས་པ་རེད།
《བྱ་ཐབས》ནང་འབྲེལ་ཡོད་སྡེ་ཚན་གྱི་ནོར་སྲིད་སྔོན་རྩིས་མ་དངུལ་སྤྱི་འདོམས་དང་མཐུན་སྦྱོར་བྱས་ནས། རྗེས་ཀྱི་ཁ་གསབ་དང་བྱ་དགའ། ཉེན་ཁ་བཅས་ཀྱི་ཁ་གསབ་སྤྱད་དེ་ཀྲུང་བོད་ལུགས་གསོ་རིག་དང་སྨན་རྫས་ཐོན་ལས་ཀྱི་ནོར་སྲིད་མ་དངུལ་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད། ཀྲུང་བོད་ལུགས་གསོ་རིག་དང་སྨན་རྫས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་བརྩོན་ལེན་བྱས་ཏེ། 2025ལོར་སླེབས་སྐབས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི1000ལྷག་བརྩོན་ལེན་བྱས་ནས་ཁེ་ལས་ཀྱིས་ལག་རྩལ་སྒྱུར་བཀོད་དང་ལག་རྩལ་གསར་གཏོད་བྱ་རྒྱུར་སྐུལ་འདེད་བྱ་རྒྱུ་རེད། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་སྐས་རིམ་གསོ་སྐྱོང་འཆར་གཞི་ལག་བསྟར་བྱས་ཏེ། 2025ལོར་སླེབས་སྐབས་ཀྲུང་བོད་ལུགས་གསོ་རིག་ཐོན་ལས་ཀྱི་ཆེད་ལས་སྤུས་ལེགས་དང་དམིགས་བསལ་གྱི་ཁེ་ལས་གསར་པ5ཟིན་རྒྱུ་དང་། ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། རབ་འབྱམས་པ་དང་འབུམ་རམས་པའམ་ཡང་ན་མཐོ་རིམ་གཞོན་པ་ཡན་གྱི་ཤེས་ལྡན་མི་སྣ་ནང་འདྲེན་དོན་འཁྱོལ་བྱེད་པ་དང་འབྲེལ་ལོ3ཡན་གྱི་དམངས་གཉེར་ཁེ་ལས་ལ་ཞབས་འདེགས་ཡག་པོ་ཞུས་ཏེ། ཤེས་ལྡན་མི་སྣ་ནང་འདྲེན་ཁ་གསབ་སྒོར་ཁྲི6སྤྲོད་རྒྱུ་རེད། དཀར་མཛེས་ཁུལ་ཡོངས་ཀྱི་བཟོ་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ནང་འདྲེན་འཆར་གཞི་དང་ཟུང་འབྲེལ་གྱིས་འཆར་གཞི་ལྡན་པའི་སྒོ་ནས་ཀྲུང་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན་བྱ་རྒྱུའི་སྒྲིག་འཛུགས་བྱས་ཡོད། །