༄༅།།མཛེས་སེ་ལགས་ཀྱི་ལྷུག་རྩོམ་གསར་པ།

མཛེས་སེ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ། སྤེལ་དུས། 02-14


  རྒྱ་ནག་ཞིང་རྩིས་ལུགས་ཀྱི་ལོ་སར་རམ་དཔྱིད་གསར་དུས་ཆེན་སྐབས་སུ། ང་རང་ཨ་མདོ་བ་མང་ཆེ་ཤོས་ཀྱི་སྲོལ་ལྟར་ལོ་སར་དེ་ལ་རོལ་བ་ཡིན། ང་རང་ཆུང་ངུའི་དུས་སུ། རྒྱ་ལོ་ཞེས་པ་དེ་ནི་བོད་ཀྱི་ལོ་སར་གྱི་མིང་ཡིན་པར་བསམས་ལ། བོད་ཀྱི་ལོ་སར་ནི་རྒྱ་ལོ་ཞེས་གྲགས་པ་དེ་དང་དོན་གཅིག་ཡིན་པར་སྙམ། རྒྱ་ལོ་ཚེས་གཉིས་ཉིན་གྱི་ཞོགས་པར། ལྷ་སའི་དྲ་གྲོགས་ནང་མ་དང་སྟོད་གཞས་ལ་མཁས་པའི་སྐྱེས་མ་ཞིག་གིས་འཕྲིན་ཕྲན་གྱི་ལམ་ནས་ང་ལ་བོད་ཀྱི་སོ་ནམ་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ་ཞེས་བསྐུར་འདུག་པས། ངས་ད་གཟོད་དེ་རིང་ནི་བོད་རང་གི་དུས་ཆེན་ཞིག་ཡིན་པ་ཤེས་བྱུང་། རྒྱལ་པོའི་ལོ་སར་དང་སོ་ནམ་ལོ་སར་སྐོར་གྱི་ཤེས་བྱ་ཕྲན་བུ་ངའི་བློ་ན་ཡོད་མོད། དུས་རྒྱུན་བོད་རྩིས་ཀྱི་ལོ་ཐོ་ལ་དོ་སྣང་ཆེན་པོ་མ་བྱས་པའི་རྐྱེན་གྱིས་དང་། བོད་རང་གི་སྲོལ་རྒྱུན་དུས་ཆེན་རྣམས་ཨ་མདོ་བ་ཕལ་ཆེ་བས་རྒྱ་ནག་ཞིང་རྩིས་ལུགས་ཀྱི་གཟའ་སྐར་དགེ་བའི་ཉིན་མོར་གཏུགས་ཤིང་བོད་རྩིས་ནི་ཆ་རྒྱུས་མེད་པའི་མགྲོན་པོ་ཅིག་གི་ཚུལ་དུ་བཞག་ཏེ་མཐོང་ཆེན་བྱེད་ཀྱིན་མེད་པའི་རྐྱེན་གྱིས། གལ་ཏེ་མི་གཞན་གྱིས་དྲན་སྐུལ་བཏང་བ་པ་མིན་ཚེ་ང་རང་གིས་ཀྱང་བརྩི་མཐོང་དང་རྒྱུན་སྐྱོང་བྱེད་ཐུབ་ཀྱི་མེད་ཅེས་ད་ལྟ་རང་སྐྱོན་ངོས་ལེན་བྱ་རྒྱུ་ཡིན།
        གཞན་སྐྱོན་ཁོ་ན་མཐོང་མཁན་སྐྱེ་བོ་རྣམས་མཁས་ཅན་གྲས་སུ་ངས་གཏན་ནས་འཇོག་མི་སྲིད། རང་སྐྱོན་མི་མཐོང་བ་མ་ཟད་སྐྱོན་ནམ་ཞན་ཆ་དེ་དག་ཡོན་ཏན་ནམ་ཁྱད་གཤིས་སུ་འཛིན་པའི་ཨུ་ཚུགས་ཅན་གྱི་རིགས་ནི་ལོང་བ་རེད་ཅེས་ང་ཡིས་ཟེར་འདོད། ངའི་ལུས་ཀྱི་མིག་དང་ངག་གི་མིག་དང་ཡིད་ཀྱི་མིག་ནི་ཨ་མདོ་བ་ཕལ་མོ་ཆེ་ནང་བཞིན་སྤྱི་ཡོངས་ལ་བསམ་ཤེས་བྱེད་པའི་བློ་གཉིད་དུ་ཤོར་ཞིང་མཁྲེགས་བཟུང་ལ་གོམས་ནས་རང་ཉིད་མཆོག་གོ་སྙམ་ནས་ཡུན་རིང་འགོར་ཡོད་པ་ང་རང་གིས་ཀྱང་རིམ་བཞིན་ཚོར་བྱུང་། འོན་ཀྱང་ནམ་ཞིག་གི་ཚེ། རང་གི་འགྲོ་ཕྱོགས་ལ་ནོར་འཁྲུལ་བྱུང་འདུག་པ་ཀུན་གྱིས་ངོས་ཟིན་ཅིང་དེ་ཉིད་ཡོ་བསྲང་བྱེད་པའི་སྤོབས་པ་དང་ཐབས་ཤེས་རྙེད་པའི་དུས་ཤིག་ཨ་མདོ་བ་རྣམས་ལ་འཆར་སྲིད། རྒྱུ་མཚན་གང་ཞེ་ན། བློ་རྒྱ་ཆེ་ཞིང་མིག་རྒྱང་རིང་བའི་ཨ་མདོ་བ་མི་ཉུང་བ་ཞིག་གིས་ད་ནི་ལོ་རེའི་སྲོལ་རྒྱུན་དུས་ཆེན་རྣམས་བོད་རྩིས་དང་རྒྱ་རྩིས་གཉིས་ཀའི་ལུགས་ལྟར་ཐེངས་གཉིས་རེར་གཏོང་གིན་འདུག་ལ། ད་དུང་སྐོར་ཞིག་གིས་བོད་རྩིས་ཁོ་ན་གཞིར་བཟུང་ནས་ཆོས་དང་འཇིག་རྟེན་གྱི་སྲོལ་རྒྱུན་ཆོ་ག་སྤེལ་མགོ་བརྩམས་བྱུང་བས་སོ། །
        དེ་རིང་ང་ནི་འཆར་གཞི་ལྟར་ཚ་བོའི་སྒེར་འཁོར་དུ་བསྡད་དེ་རྡོ་ར་ཞེས་པའི་གྲོང་སྡེ་རུ་ཤ་ཉེ་འགའི་ཁྱིམ་དུ་ལོ་སར་ལ་རྟེན་འབྲེལ་ཞུ་རུ་སོང་། རྡོ་ར་ནི་བྲག་དཀར་རྫ་འདབས་ཀྱི་ཕྱུགས་ལས་གཙོ་བོ་དང་ཞིང་ལས་ཕལ་བར་གཉེར་བའི་གྲོང་སྡེ་ཞིག་ཡིན་ཞིང་། རྫོང་མགོ་གྲོང་སྡེའི་གོང་དུ་ཆགས་ཡོད་པ་རེད། སྔོན་ཆད་རྫོང་མགོ་ནས་རྡོ་རར་རྐང་ཐང་དུ་ཉིན་ཕྱེད་རིང་འགྲོ་དགོས་པ་དང་། རྟ་ལ་བཞོན་ནས་བསྐྱོད་ཚེ་ཆུ་ཚོད་གཉིས་ཙམ་དགོས་ལ། བོང་བུར་བཞོན་ནས་ཆུ་ཚོད་བཞི་ཡས་མས་འགྲོ་དགོས་པ་རེད། ར་ལུག་ཁྱི་ཕག་སོགས་ཀྱི་རྒྱབ་ཏུ་བཞོན་ནས་འགྲོ་དགོས་པའི་དུས་རབས་ལ་ངའང་མ་འཕྲད་པས་ཆུ་ཚོད་ཅི་ཙམ་དགོས་མིན་ཤེས་ཐབས་བྲལ། ང་རང་ལོ་བརྒྱད་ལ་སོན་དུས་གྲོང་སྡེ་ནང་གི་མི་རྒན་སྐོར་ཞིག་དང་མཉམ་དུ་རྟར་བཞོན་ནས་རྡོ་ར་བརྒྱུད་དེ་བྲག་དཀར་རྫ་མགོར་ལབ་ཙེ་བསྟད་དུ་སོང་མྱོང་ཞིང་། དུས་ད་ལྟའི་བར་དུ་ངའི་མིག་ལམ་དུ་རྡོ་རའི་དབྱར་ཁའི་མཛེས་ལྗོངས་སྟེ་ལྟ་ན་སྡུག་པའི་ཞིང་ར་དང་ལྷིང་འཇགས་ཀྱི་འབྲོག་རའི་རྣམ་པ་འཁོར་ཡོང་གི་འདུག ད་ལྟ་གྲོང་སྡེ་སོ་སོར་གཞུང་ལམ་གསར་དུ་བཟོས་ཤིང་དུད་ཁྱིམ་མང་བོས་སྒེར་ཁོར་ཡང་ཉོས་ཡོད་ཕྱིར། རྫོང་མགོ་ནས་ལམ་དུ་ཆས་ཤིང་སེམས་སུ་ཡར་མར་དྲན་ཞོར་དུ་ཆུ་ཚོད་སྐར་མ་བཅུ་དྲུག་ལས་མ་འགོར་བར་ང་ཚོ་རྡོ་ར་གྲོང་སྡེ་རུ་འབྱོར་སོང་།
        རྡོ་རར་བསླེབས་མ་ཐག་ཏུ། ངས་མི་ཤེས་མདོག་བསྟན་ནས། འཕྲིན་ཕྲན་གྱི་ཁ་ཕྱེ་སྟེ། དེ་རིང་ནི་བོད་ཀྱི་སོ་ནམ་ལོ་སར་གྱི་ཉིན་མོ་ཡིན་པས་ཀུན་ལ་བཀྲ་ཤིས་བདེ་ལེགས་ཞུ་ཞེས་པའི་ཚིག་ཐུང་ཞིག་སློབ་གྲོགས་ཀྱི་ཚོམ་དང་ཡུལ་གྲོགས་ཀྱི་ཚོམ་འགའི་ནང་དུ་བསྐུར་བ་ཡིན་ལ། གྲོང་སྡེ་དེའི་ནུབ་བྱང་མཚམས་སུ་བརྗིད་ཉམས་ཀྱིས་འགྱིང་བའི་རིན་ཆེན་འདུས་རི་དང་ཨ་མ་ཟོ་དགུའི་ཕྱོགས་སུ་ལྟ་ཞོར་དུ། ཟླ་གཅིག་གི་རྗེས་སུ་བསླེབ་པར་འགྱུར་བའི་བོད་ཀྱི་ལོ་སར་དུས་ཆེན་དེ་ཇི་ལྟར་རོལ་དགོས་པར་བསམ་བློ་བཏང་།
        ཕྱིར་རྫོང་མགོར་ལོག་པའི་ལམ་དུ། རླངས་འཁོར་ནི་དགོང་ཁའི་ཉི་ཟེར་ལས་བརྒལ་ཞིང་སྨག་རུམ་གྱི་ཀློང་དུ་འཛུལ་བས་ན། ངས་ཁ་སང་དཔྱིད་གསར་དུས་ཆེན་ནམ་རྒྱ་ལོ་ཚེས་གཅིག་གི་ཉིན་མོར་ཨ་མདོའི་ཤེས་ཡོན་པའི་སྡེ་རུ་བོད་རབ་རྒྱན་ཆུ་ཕོ་སྟག་ལོའི་ལོ་སར་ལ་རྟེན་འབྲེལ་བཀྲ་ཤིས་བདེ་ལེགས་ཞུ་ཞེས་པའི་འཕྲིན་ཐུང་ངོ་གནོངས་དགོས་པ་ཞིག་དྲ་ལམ་ནས་ཕན་ཚུན་བསྐུར་བྱུང་བ་དེ་དྲན་པས། ང་དང་མཚུངས་པའི་མི་འདི་ཚོ་སྙིང་རེ་རྗེ་སྙམ་པ་དང་། བོད་མི་ཐམས་ཅད་ཧ་ཅང་དགའ་བའི་བཟའ་བཏུང་ལས་མར་རྩམ་དང་འོ་ཞོ་ལ་གཞན་གྱིས་ཐོས་མི་རུང་བའི་སྐད་ཆ་ཚིག་འགའ་འཆད་པར་འདོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1