“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ནང་བཟུང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དམིགས་འབེན་དུ་བཟུང་ནས། རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་ནུས་ལྡན་ངང་གསབ་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ས་ཁོངས་ཧྲིལ་པོ་སྦྲེལ་མཐུད་བྱེད་པའི་བར་མཐོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་ཡོད། མིག་སྔར། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ“སྣུམ་ནག་ཅན”དུ་འགྱུར་ཚད་མཐོ་རུ་ཕྱིན་ནས། ལམ་ངོས་འདིང་ཚད་སྤྱི་ལེ4550ལ་སླེབས་པ་དང་། གཞུང་ལམ་དོ་དམ་བདག་སྐྱོང་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་ཕྱིན་པ། རྒྱལ་ཁབ(ཞིང་ཆེན)རིམ་པའི་གཞུང་ལམ་དང་ཞིང་སྡེའི་གཞུང་ལམ་བདག་སྐྱོང་གི་ལམ་ཐག་སོ་སོར89.5%དང16.3%འཕར་ཡོད།
“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་། ལྷོ་ཁ་གྲོང་ཁྱེར་གྱིས་གཙོ་གནད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས10དང་། གཙོ་གནད་ཉེན་ཡོད་ཟམ་པ་སྒྱུར་བཀོད་རྣམ་གྲངས3ལག་བསྟར་བྱས་ཏེ། འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར269.66བཏང་བ་དེ“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”རིང་གི་ལྡབ3.8རེད། ལྷ་སའི་གོང་དཀར་གནམ་གྲུ་ཐང་ནས་རྩེད་ཐང་བར་གྱི་མཐོ་རིམ་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེས་ལྷོ་ཁར་མཐོ་རིམ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། རྒྱལ་ལམ219རྒྱུད་ཀྱི་ཁང་དམར་རྫོང་ཉིང་རུ་སྨད་ཤང་ནས་སྣང་རྫོང་སྐྱེམས་སྟོང་ཤང་བར་གྱི་གཞུང་ལམ་དང་། རྒྱལ་ལམ560རྒྱུད་ཀྱི་འཕྱོངས་རྒྱས་རྫོང་ནས་མཚོ་སྣ་རྫོང་བར་གྱི་གཞུང་ལམ་སོགས་གཙོ་གནད་གཞུང་ལམ་འབོར་ཆེན་ཞིག་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ། ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་བཞིན་ཡོད་ཅིང་། རྩེད་ཐང་ལྟེ་བར་བྱེད་པ་དང་། རྩེད་གོང་མཐོ་རིམ་གཞུང་ལམ་དང་རྒྱལ་ལམ349དང་། 560། 219བཅས་སྒྲོམ་གཞི་གཙོ་བོར་བྱེད་པ། ཞིང་ཆེན་རིམ་པའི་གཞུང་ལམ205དང་། 206། 507། 508སོགས་འཕར་རྩ་བྱེད་པ། ཆེད་སྤྱོད་གཞུང་ལམ་དང་ཞིང་སྡེའི་གཞུང་ལམ་སོགས་ཁྲག་རྩ་ཕྲ་མོའི་འགྱེད་འཕྲོ་ཕྱོགས་བཞིར་ཁྱབ་པ་དང་། འགྲོ་འོང་སྟབས་བདེ་བ།མགྱོགས་མྱུར་བདེ་བགྲོད་བཅས་ཡིན་པའི་མངའ་ཁོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་རགས་ཙམ་ཆགས་ཡོད།
དེ་དང་ཆབས་ཅིག དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ། ཁོངས་ཡོངས་ཡུལ་སྐོར་སོགས་སྲིད་ཇུས་ཀྱི་སྐུལ་འདེད་འོག ལྷོ་ཁ་གྲོང་ཁྱེར་གྱི་རོང་འབྲོག་ཁུལ་དུ་གཞུང་ལམ་དང་ཡུལ་སྐོར་གཞུང་ལམ་ཤར་གཏོང་ཐུབ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས367ལག་བསྟར་བྱས་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)12དང་ཤང་གྲོང82སོ་སོར་གཞུང་ལམ་ཤར་གཏོང་ཐུབ་ཚད100%ཟིན་པ་དང་། སྲིད་འཛིན་གྲོང་ཚོ550ལ་གཞུང་ལམ་ཤར་གཏོང་ཐུབ་ཚད82.18%ཟིན་ཡོད། དེའི་ནང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་པའི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས19ལག་བསྟར་བྱས་ཏེ། ལྷ་ས་ནས་ལྷོ་ཁ་དང་ཉིང་ཁྲིའི་བར་གྱི་ཤར་རྒྱུད་ཡུལ་སྐོར་ལམ་ཐིག་དང་། རྒྱལ་ལམ219རྒྱུད་ཀྱི་གཞིས་ཀ་རྩེ་ནས་ལྷོ་ཁ་དང་ཉིང་ཁྲིའི་བར་གྱི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་ཆགས་ཡོད་ཅིང་། དེས་མངའ་ཁོངས་བར་མཐོངས་མགྱོགས་མྱུར་འབྲེལ་མཐུད་བྱེད་པའི་བར་ཁྱམས་སྔར་བས་འཐུས་ཚང་དུ་བཏང་ནས། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་མི་དམངས་མང་ཚོགས་ཀྱི་ཕྱིར་སྐྱོད་དགོས་མཁོ་བསྐངས་ཡོད།
གཞན་ཡང་། ལྷོ་ཁ་གྲོང་ཁྱེར་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ལ་ཤུགས་བསྣན་ནས། གཞུང་ལམ་བདག་སྐྱོང་ཚད་ལྡན་ཅན་དང་སྐྱེལ་འདྲེན་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱི་གཞུང་ལམ་བདག་སྐྱོང་ཐད“ལམ་ཡོད་ཚེ་བདག་སྐྱོང་བྱེད་ངེས་པ་དང་། བདག་སྐྱོང་བྱས་ཚེ་ལེགས་ངེས་ཡིན”ཞེས་པའི་དུས་སྐབས་གསར་པར་སླེབས་ནས། གཞུང་ལམ་བདག་སྐྱོང་ལག་རྩལ་སྔར་བས་ཇེ་ལེགས་སུ་ཕྱིན་པ་དང་འཕྲུལ་ཆས་ཅན་གྱིས་ལས་ཀ་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཏེ། “རྫོང་རིམ་པའི་གཞུང་ལམ་རྫོང་གིས་བདག་སྐྱོང་བྱེད་པ་དང་། ཤང་རིམ་པའི་གཞུང་ལམ་ཤང་གིས་བདག་སྐྱོང་བྱེད་པ། གྲོང་ཚོ་རིམ་པའི་གཞུང་ལམ་གྲོང་ཚོས་བདག་སྐྱོང་བྱེད་པ”བཅས་ཀྱི་བདག་སྐྱོང་སྒྲིག་སྲོལ་ཆགས་ཡོད། “བདེ་བགྲོད་དང་དྭངས་གཙང་། ལྗང་མདོག མཛེས་སྡུག། བདེ་འཇགས”བཅས་ཀྱི་གཞུང་ལམ་ཕྱོགས་བསྡུས་འགན་ལེན་ནུས་པ་མཐོར་འདེགས་སུ་ཕྱིན་ཡོད། སྤྱི་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲོམ་ར་འཛུགས་སྐྲུན་ཐད། ལྷོ་ཁ་གྲོང་ཁྱེར་གྱི་རྫོང11དང་ཤང་གྲོང་ཁག་ལ་འགྲུལ་སྐྱེལ་ས་ཚིགས་རིམ་པའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཡོད་པའི་དམིགས་འབེན་མངོན་འགྱུར་བྱུང་ཡོད། མིག་སྔའི་བར་རིམ་པ་ཁག་གི་འགྲུལ་སྐྱེལ་ས་ཚུགས13སྐྲུན་པ་དང་། འགྲུལ་སྐྱེལ་ལམ་ཐིག་མེད་པ་ནས་ད་ལྟའི་ལམ་ཐིག89བར་འཕེལ་རྒྱས་བྱུང་བ། ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་གྱི་འགྲུལ་སྐྱེལ་ལམ་ཐིག་ཁྱབ་ཚད100%ཟིན་ནས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་བདེ་འཇགས་དང་མཐུན་སྦྱོར། གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། །