༄༅།།ངོ་མཚར་འབག་ལས་གསལ་བའི་ལྷ་མོའི་གྲོང་ཚོ་དང་པོ།

རྩོམ་པ་པོ། ཀླུ་མོ་མཚོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་དྲ་བ། སྤེལ་དུས། 02-16


脑循环
 

—— བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་བཅར་འདྲི་བྱས་པ།

ཟླ8པར། གངས་རི་ཡར་ལྷ་ཤམ་པོའི་གཤམ་གྱི་ཡར་ཀླུང་ལུང་གཞུང་དུ་རྩྭ་རྩི་ཤིང་རྒྱས་ཤིང་འདབ་ཆགས་ཅི་དགར་རོལ་བའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད།

ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་སྐྱོད་སྐབས་བོད་བཟོའི་ཐོག་ཁང་གྲལ་སྟར་འགྲིག་པ་དང་གྲོང་ཚོའི་ལྗོན་གྲིབ་ལམ་ཆུང་དང་སྙེ་མའི་རླབས་ཕྲེང་གཡོ་བའི་ཞིང་ཁར་པར་རྒྱག་པར་ཡོང་མཁན་ཡུལ་སྐོར་བ་གང་སར་མཐོང་རྒྱུ་ཡོད་ཅིང་། “འབག”འོག་གི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་གནའ་གྲོང་དེ་རིམ་གྱིས་ངོ་མཚར་ཆེ་བའི་ཡོལ་བ་ཕྱེ་ནས་མི་རྣམས་ཀྱི་མིག་ལམ་དུ་མངོན་བཞིན་མཆིས།

1310109719_16281542933841n.jpg

“ངག་རྒྱུན་དུ་སྤྱི་ལོའི་དུས་རབས15པར། ལྷ་མོའི་སྲོལ་གཏོད་མཁན་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ཟམ་པ་བསྐྲུན་པར་ཞལ་འདེབས་སློང་ཆེད་ཡུལ་དེ་བརྒྱུད་སྐབས་ལྷ་མོ་ཡར་ཀླུང་བཀྲ་ཤིས་ཞོལ་པ་གསར་རྩོམ་མཛད་པ་དང་། ལོ་ངོ600ལྷག་ཙམ་རིང་འཁྲབ་སྟོན་རྒྱུན་འཛིན་བྱས་པར་བརྟེན‘ལྷ་མོའི་གྲོང་ཚོ་དང་པོ’ཞེས་བརྗོད་ཀྱི་ཡོད”ཅེས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་ཚེ་རིང་གིས་གསར་འགོད་པར་ངོ་སྤྲོད་བྱས་པ་རེད།

ཡར་ཀླུང་བཀྲ་ཤིས་ཞོལ་པ་ནི་ལྷ་མོའི་འབག་དཀར་པོའི་ལུགས་སུ་གཏོགས་ཤིང་། སྲོལ་རྒྱུན་གྱི་ལྷ་མོ་འཁྲབ་སྟོན་བྱེད་སྐབས་སྤྱིར་བཏང་འཁྲབ་འགོ་འཛིན་པ་ཞིག་ཡིན། 2006ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད།

1310109719_16281543848491n.jpg

“ང་ཚོའི་འདིར་མི་ཚང་མས་ལྷ་མོ་འཁྲབ་ཤེས་པ་མ་ཟད། ལྷ་མོ་བལྟ་རྒྱུར་ཡང་དགའ་པོ་ཡོད” འདི་ལོ་ལོ49ལ་སླེབས་པའི་ཉི་མ་ཚེ་རིང་ལོ16ནས་དགེ་རྒན་པད་མ་དོན་གྲུབ་ཀྱི་དྲུང་ནས་ལྷ་མོ་སྦྱངས་པ་རེད། “མངོན་མིན་རིག་གནས་ཤུལ་བཞག”གི་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས་ཁོང་གིས་ཉིན་ལྟར་གཞོན་ནུ་ཚོར་ལྷ་མོ་ནང་སྦྱོང་ལ་མཛུབ་ཁྲིད་བྱེད་དགོས་ཤིང་། ཁོང་གིས“བཀྲ་ཤིས་ཞོལ་པའི་གདངས་ཆ་དང་གཞུང་སྲོང་ཐབས་ནི་ལྷ་མོ་གཞན་དག་དང་མི་འདྲ་བ་དང་འཁྲབ་སྟོན་པས་གྱོན་པ་ནི་འབག་སེར་པོ་ཡིན་ཞིང་། ནང་དོན་ལ་འདོན་དོན་པ་ཞེས་འགོ་འཛུགས་དང་། གཞུང་དངོས། བཀྲ་ཤིས་བཅད་པ་ཞེས་མཇུག་བསྡུ་བ་བཅས་ཁག་གསུམ་ཡོད”ཅེས་བཤད་པ་རེད།

བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་མིག་སྔར་ཁྱོན་དུད་ཚང129དང་མི་གྲངས513ཡོད་ཅིང་། 1951ལོའི་ཞི་བའི་བཅིངས་འགྲོལ་མ་བཏང་གོང་། བོད་དུ་ལག་ལེན་བསྟར་བ་ནི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡིན་པས་བཀྲ་ཤིས་པ་དང་རྟེན་འབྲེལ་མཚོན་བྱེད་ཀྱི་ལྷ་མོའི་འབག་གི་འོག་ཏུ་སྦས་པ་ནི་རྒྱ་ཆེའི་ཞིང་བྲན་རྣམས་ཀྱི་དཀའ་སྡུག་དང་སྡུག་བསྔལ་རེད།

འདི་ལོ་ལོ79ལ་སླེབས་པའི་ཚེ་རིང་དབང་མོས“སྐབས་དེ་དུས་གྲོང་མི་རྣམས་བཀྲ་ཤིས་ཆོས་སྡེ་དགོན་པའི་ཞིང་བྲན་དང་ས་ཞིང་རྒྱ་ཆུང་ཙམ་ཡོད་པའི་ཁྲལ་པ་སོགས་སུ་དབྱེ་ཡོད་པ་དང་། མི་མང་ཆེ་བས་མི་རབས་ནས་མི་རབས་བར་ལྷ་མོའི་འུ་ལག་རྒྱུག་དགོས་ཀྱི་ཡོད། ངའི་ནང་མི་5ཡིས་ས་ཞིང་མུའུ་3འདེབས་པ་དང་ཐོག་དཔངས་དམའ་བའི་ས་ཕག་གི་ཁང་པ་ཁང་མིག2ནང་སྡོད་ཀྱི་ཡོད”ཅེས་བཤད།

1310109719_16281543849181n.jpg

ད་ཆ་ཚེ་རིང་དབང་མོའི་ཁྱིམ་ནི་བོད་བཟོའི་ཐོག་ཁང་ཡིན་ཞིང་། ཐོག་སོ་དང་པོར་ཐབ་ཚང་དང་། མཛོད་ཁང་། གསང་སྤྱོད་བཅས་ཡིན་པ་དང་། ཐོག་སོ་གཉིས་པར་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཚོམས་ཆེན་དང་ཉལ་ཁང་བཞི་ཡོད། ཉི་འོད་ཁང་པའི་ནང་དུ་འཕྲོས་ནས་མེ་ཏོག་ཁོག་མ་བཅུ་ལྷག་ཙམ་ཧ་ཅང་མཛེས་པར་སྣང་།

“དེ་སྔ་ཡིན་ན་འཚོ་བ་འདི་ལྟ་བུ་ནི་རྨི་ལམ་རང་རེད”ཅེས་རྒན་མོས་བཅིངས་འགྲོལ་མ་བཏང་གོང་གི་བྱ་བར་ཕྱིར་དྲན་བྱེད་བཞིན“སྤྱི་ཚོགས་རྙིང་པར་ལོ་རེའི་ཞོ་སྟོན་ནི་ལྷ་སའི་སྐུ་དྲག་གིས་དགའ་སྤྲོའི་ངང་གཏོང་བའི་དུས་ཤིག་ཡིན་པའི་སྒང་ལ་ཏག་ཏག་སྟོན་བསྡུ་ལས་བྲེལ་ཆེ་བའི་དུས་འཁེལ་བས་གྲོང་ཚོའི་ནང་གི་མི་ཚང་མ་ལྷ་སར་ལྷ་མོའི་འུ་ལག་རྒྱུག་པར་འགྲོ་དགོས་སྟབས་ཁུར་པོ་ཧ་ཅང་ལྕི་པོ་ཡོད། ངའི་གཅེན་མོ་བསོད་ནམས་སྒྲོལ་དཀར་ངལ་དུབ་ཀྱིས་རྐྱེན་པས་ནད་གཞི་ཕོག་ནས་སྨན་པའང་བསྟེན་མི་ཐུབ་པས་གྲོངས་སོང”ཞེས་བཤད།

1959ལོ་ནས་འགྱུར་ལྡོག་འགྲོ་འགོ་ཚུགས་ཤིང་། ལོ་དེར། ལེ་དབར་ཁྲི་ཟིན་པའི་ས་མཐོར་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་བཀྲ་ཤིས་མཆོད་རྟེན་གྲོང་ཚོའང་བོད་ཀྱི་གྲོང་ཚོ་མང་པོ་ཞིག་དང་འདྲ་བར་འཚོ་ཐབས་བྲལ་བའི་གནས་ལས་ཐར་ཏེ་རེ་བའི་དྲོ་སྐྱིད་ཐོབ་ཡོད། དེ་སྔའི་ཞིང་བྲན་ལ་རང་ཁྱིམ་རང་བདག་བྱུང་ནས་ས་ཞིང་དང་ནོར་ལུག་རག་པ་དང་སྔར་འབྱུང་མྱོང་མེད་པའི་འཚོ་བའི་སྤྲོ་སེམས་རབ་ཏུ་འཕེལ་ཏེ་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ལྟོ་གོས་བསགས་པ་དང་རང་ཉིད་ལ་དབང་བའི་ས་ཕག་ཁང་པ་བརྒྱབ་པ་རེད།

2005ལོར་འགྱུར་ལྡོག་ཇེ་མགྱོགས་སུ་སོང་ཞིང་། ལོ་དེར། ཧུའུ་པེའི་ཝུའུ་ཧན་གྱིས་གྲོང་ཚོར་རིང་ཚད་ལ་སྨི་400ཟིན་པའི་ཨར་འདམ་ལམ་སྐྲུན་རོགས་བྱས་པ་དང་། མང་ཚོགས་ཚོས་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་འཕྲུལ་ཆས་ཉོས་ཏེ་ལས་གྲྭར་ཞུགས་པའམ་ཡང་ན་ཕྱིར་གླ་པར་བསྐྱོད་ནས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་ཕྱིན་ཡོད། 2016ལོར་བཀྲ་ཤིས་མཆོད་རྟེན་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་བྱུང་བ་དང་། 2020ལོར་ཨན་ཧུའེ་ཡི་བོད་སྐྱོར་དང་ལྷོ་ཁ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་5000ཙམ་བཏང་སྟེ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་བ་དང་ཡུལ་སྐོར་གྱི་ཁྱིམ་ཚང་མགྲོན་ཁང་སྐྲུན་པའི་རྣམ་གྲངས་ལག་ལེན་བསྟར་བས། གྲོང་གསེབ་ཀྱི་ཡུལ་སྐོར་ལས་སྡེ་ཁུལ་ལ་གསོན་ཤུགས་གསར་པ་རྒྱས་ཡོད་པ་རེད།

“སྤྱི་ཚོགས་རྙིང་པར། ང་ཚོས་ལྷ་མོ་འཁྲབ་པ་ནི་ཞིང་བྲན་བདག་པོ་དགའ་པོ་ཡོང་ཆེད་ཡིན་མོད། འོན་ཀྱང་ད་ཆ་འཁྲབ་པ་ནི་ང་ཚོ་རང་ཉིད་ཚུད་པའི་མི་དེ་བས་མང་བ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་ཆེད་རེད”ཅེས་ཉི་མ་ཚེ་རིང་གིས་བཤད། བཀྲ་ཤིས་ཞོལ་པ་དངོས་སུ་སྐད་གྲགས་ཆེ་རུ་སོང་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་ཆབས་ཅིག་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་ཆེད། ཉེ་བའི་ལོ་འདི་དག་རིང་ཡི་གེ་ན་གཅིག་ཀྱང་མི་ཤེས་པའི་ཉི་མ་ཚེ་རིང་གིས་བོད་ཡིག་རང་སྦྱོང་བྱས་ཏེ་ཡིག་འབྲུ་ཁྲི་8ཙམ་ཟིན་པའི་ལྷ་མོའི་གཞུང་དང་རྣམ་ཐར་སོགས་ལེགས་སྒྲིག་དང་ལྷ་མོའི་རྒྱུན་འཛིན་བ་30གསོ་སྦྱོང་བྱས་ཤིང་། གྲོང་ཚོའི་ལྷ་མོ་ཚོགས་པས་འཁྲབ་ཐེངས་གཅིག་ལ་རྒྱུན་མཐུད་དེ་འཁྲབ་སྟོན་བྱེད་ཡུན་ཆུ་ཚོད་8ཟིན་གྱི་ཡོད་པ་རེད།

1310109719_16281543849801n.jpg

ཚེ་རིང་དབང་མོའི་བུ་མོ་ཟླ་བ་སྒྲོལ་མ་1991ལོར་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོ་ཚོགས་པར་ཞུགས་ནས་མི་ལོ་30ཡི་རིང་གར་སྟེགས་ཐོག་འཁྲབ་སྟོན་རྒྱུན་འཁྱོངས་བྱས་ཡོད། “ད་ཆ་ང་ཚོས་མཚན་མོ་ཡུལ་སྐོར་བར་ལྷ་མོ་འཁྲབ་སྟོན་བྱེད་པ་མ་ཟད། ད་དུང་མེ་ཕུང་དགོང་ཚོགས་གཉེར་ནས་ཡུལ་སྐོར་བར་གྲོང་གསེབ་ཀྱི་ཡུལ་སྐོར་དངོས་ཉམས་ལེན་ཐུབ་པར་བྱེད་ཀྱི་ཡོད། ང་ལྷ་མོ་འཁྲབ་རྒྱུར་ཧ་ཅང་དགའ་པོ་ཡོད། ངའི་ངོས་ནས་བཤད་ན་ལྷ་མོ་འཁྲབ་པ་ནི་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་རེད”ཅེས་ཟླ་བ་སྒྲོལ་མས་བཤད།

མངོན་མིན་རིག་གནས་ཤུལ་བཞག་ལས་གྲོང་གསེབ་ཀྱི་ཡུལ་སྐོར་ལ་སྣེ་འདྲེན་བྱས་ཏེ་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་ཡོད།

2020ལོར། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་མང་ཚོགས་དུད་ཚང་64ཡིས་ཁྱིམ་ཚང་མགྲོན་ཁང་གཉེར་བར་ཉལ་ཁྲི་440ཟིན་པ་དང་། ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི་2ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་54.54བྱུང་བ། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་ཇ་ཁང་ལ་ཡོང་འབབ་སྒོར་ཁྲི་28.25བྱུང་ནས་སྡེ་ཁུལ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་2.8ཟིན་ཡོད་པ་རེད།

“དམངས་སྲོལ་ཡུལ་སྐོར་ལས་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། སྡེ་ཁུལ་གྱི་སྐད་གྲགས་ཆོད་ཚད་ཀྱང་ཆེ་རུ་སོང་ཡོད”ཉི་མ་ཚེ་རིང་དང་གྲོང་ཚོའི་ལས་བྱེད་པ་གཞན་དག་ཚོས་ཡུལ་སྐོར་ཀུང་སི་བཙུགས་ཏེ་ལྷ་མོ་འཁྲབ་སྟོན་དང་། ཁྱིམ་ཚང་མགྲོན་ཁང་། ཡུལ་སྐོར་སྣེ་ལེན་ཞབས་ཞུ་སོགས་གཅིག་གྱུར་གཉེར་སྐྱོང་བྱེད་རྩིས་ཡོད་པ་རེད།

ཉི་མ་ཚེ་རིང་ལ་ཕྲུ་གུ་གཉིས་ཡོད་པའི་ནང་ནས་གཅིག་རྒྱལ་ཁབ་ཀྱི་གཞུང་ལས་པར་རྒྱུགས་འཕྲོད་པ་དང་། གཅིག་ཤོས་དེ་ལྷོ་ཁ་གྲོང་ཁྱེར་དུ་སྡོད་ཁང་མཛེས་བཟོའི་ལས་ཀ་བྱེད་ཀྱི་ཡོད། “སྟབས་ལེགས་པ་ཞིག་ལ་ང་ལ་ཚ་བོ་གཉིས་ཡོད། ངས་ཚ་བོ་གཅིག་ཡར་ཀླུང་བཀྲ་ཤིས་ཞོལ་པའི་རྒྱུན་འཛིན་པར་གསོ་སྐྱོང་བྱེད་རྩིས་ཡོད”ཅེས་ཉི་མ་ཚེ་རིང་གིས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།


རྩོམ་ཡིག་སྔོན་མ།
༄༅།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1