ཉིང་རྡུལ་བཙོག་ཆུའི་གནད་དོན་བརྟག་དཔྱད་བྱེད་འགོ་བཙུགས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-16
ཞིན་ཧྭ་གསར་འགྱུར་ཁང་ཐོ་ཁེའོ་ནས་ཟླ་2ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་བརྟག་དཔྱད་ཚོགས་ཆུང་གིས་ལྗར་པན་དུ“གཙང་སེལ་བྱས་རྗེས”ཀྱི་ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོའི་ཉིང་རྡུལ་བཙོག་ཆུའི་བདེ་འཇགས་རང་བཞིན་གྱི་གནད་དོན་ལ་བརྟག་དཔྱད་བྱེད་འགོ་བཙུགས་པ་དང་འབྲེལ་ད་ལོའི་དུས་དཀྱིལ་གྱི་བརྟག་དཔྱད་སྙན་ཞུ་ཞིག་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད།
ལྗར་པན་གྱི་དཔལ་འབྱོར་ཐོན་ལས་ཞིང་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་བརྟག་དཔྱད་ཚོགས་ཆུང་གི་གྲས་སུ་ཀྲུང་གོ་དང་ཧན་གོ་སོགས་རྒྱལ་ཁབ་15ནས་ཡོང་བའི་རིགས་གཅིག་མཁས་ཅན་15ཚུད་ཡོད་པ་རེད། བརྟག་དཔྱད་ཚོགས་ཆུང་དེས་ཚེས་14ཉིན་ནས་བཟུང་ལྗར་པན་གྱི་དཔལ་འབྱོར་ཐོན་ལས་ཞིང་ཆེན་དང་། ཐོ་ཁེའོ་གློག་ཤུགས་ཀུང་སི་སོགས་ཚན་པར་བཅར་འདྲི་བྱེད་འགོ་བཙུགས་པ་དང་འབྲེལ། ཚེས་15དང་16ཉིན་ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོར་བསྐྱོད་ནས་ཡུལ་དངོས་སུ་བརྟག་དཔྱད་བྱ་རྒྱུ་རེད། དེའི་རྗེས་སུ་བརྟག་དཔྱད་ཚོགས་ཆུང་གིས་ཚེས་18ཉིན་གསར་འགོད་པའི་ཚོགས་འདུ་འཚོག་ནས་ད་ཐེངས་བརྟག་དཔྱད་ཀྱི་འབྲེལ་ཡོད་གནས་ཚུལ་གསལ་བཤད་བྱ་རྒྱུ་རེད།
རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་བརྟག་དཔྱད་ཚོགས་ཆུང་2021ལོའི་ལོ་མཇུག་ཏུ་ལྗར་པན་ཏུ་བརྟག་དཔྱད་བྱེད་པར་ཡོང་རྩིས་བྱས་མོད། འོན་ཀྱང་ཏོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས་ད་བར་འགོར་འགྱངས་བྱས་ཡོད།
2011ལོར“གསུམ་པའི་བཅུ་གཅིག”གི་ས་ཡོམ་ཆེན་པོ་ལས་ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོའི་སྙིང་པོར་ཞུན་སྐྱོན་ཕོག་པ་དང་། འགྱེད་འཕྲོ་རང་བཞིན་གྱི་དངོས་པོ་ཕྱིར་བཞུར་བ། སྙིང་པོ་འཁྱགས་བཟོའི་ལས་ཀ་མུ་མཐུད་བྱས་པ་དང་ཆར་ཆུ་དང་ས་འོག་གི་ཆུ་འགྱུར་འབྱུང་སྒྲིག་ཆས་ནང་བླུགས་པས་ཉིང་རྡུལ་གྱི་བཙོག་ཆུ་མང་པོ་ཐོན་པ་མ་ཟད། རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད་པ་རེད། མིག་སྔར་ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོའི་ནང་ཁྱོན་ཉིང་རྡུལ་བཙོག་ཆུ་ཏུན་ཁྲི་130ཙམ་གསོག་འཇོག་བྱས་ཡོད།
ལྗར་པན་སྲིད་གཞུང་གིས་2021ལོའི་ཟླ་4པར་ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོའི་ཉིང་རྡུལ་བཙོག་ཆུ་འཚག་རྒྱག་པ་དང་འབྲེལ་སླ་བཟོ་བྱས་རྗེས་རྒྱ་མཚོར་འབུད་རྩིས་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོ་གཉེར་སྐྱོང་བྱེད་མཁན་ཐོ་ཁེའོ་གློག་ཤུགས་ཀུང་སིས་2023ལོའི་དཔྱིད་དུས་ནས་བཟུང་ཞི་བདེ་རྒྱ་མཚོ་ཆེན་མོར་ཉིང་རྡུལ་བཙོག་ཆུ་འབུད་རྩིས་ཡོད་པ་རེད། བྱེད་ཐབས་དེསལྗར་པན་གྱི་རྒྱལ་ནང་དང་མཐའ་འཁོར་རྒྱལ་ཁབ་ལ་སེམས་ཁྲལ་ཆེན་པོ་བཟོས་ཡོད། ཧྥུའུ་ཏའོ་རྫོང་ཉ་ལས་མཐུན་ཚོགས་ཀྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོའི་ནང་ཕྱིར་འབུད་པར་མུ་མཐུད་དུ་ངོ་རྒོལ་བྱས་པས། རྒྱལ་སྤྱིའི་ལྟ་ཞིབ་མི་སྣས་ལྗར་པན་ཕྱོགས་ལ་མཐའ་འཁོར་རྒྱལ་ཁབ་དང་གྲོས་མོལ་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ཐབས་ཇུས་གཟབ་ནན་ངང་འདོན་དགོས་པའི་འབོད་སྐུལ་དྲག་པོ་བྱས་པ་རེད།