༄༅།།རྒྱལ་ཁབ་ཁྲིམས་ལྟར་སྐྱོང་དགོས་པའི་རྒྱུ་རྐྱེན།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་དྲ་བ། སྤེལ་དུས། 02-17


  མིས་སྐྱོང་དང་ཁྲིམས་སྐྱོང་གི་རྩོད་གཞི་བྱུང་བ་ནས་བཟུང་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བ་ནི་མིའི་རིགས་ལ་ལོ་རྒྱུས་འཕེལ་རིམ་གྱི་ཉམས་མྱོང་ལས་ཐོབ་པའི་སྡོམ་ཚིག་གལ་ཆེན་ཞིག་ཡིན་ཞིང་། ནང་སྒོས་སུ་ཆེ་བ་རྒྱལ་སྤྱིའི་འབྲེལ་འདྲིས་དང་རྒྱལ་ཁབ་ཀྱི་ཆབ་སྲིད་སྒྲིག་གཞི་ནས་ཆུང་བ་མི་སྒེར་གྱི་འགྲོ་འདུག་སྤྱོད་གསུམ་བར་དུ་བཅའ་ཁྲིམས་ཀྱི་སྒྲོམ་འོག་ཏུ་འཁོར་སྐྱོད་བྱེད་དགོས་ཀྱིན་ཡོད་པའི་དེང་གི་སྤྱི་ཚོགས་ལ་མཚོན་ན། རྒྱལ་ཁབ་ཁྲིམས་ལྟར་བསྐྱང་རྒྱུ་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བའི་གནད་འགག་ཅིག་རེད། འོ་ན། དེ་གནད་འགག་ཅིག་ཡིན་པའི་རྒྱུ་མཚན་གང་ཡིན་ནམ།

རྒྱལ་ཁབ་ཁྲིམས་ལྟར་བསྐྱངས་ན་དབང་ཆ་གང་བྱུང་དུ་སྤྱོད་པར་ཚོད་འཛིན་བྱེད་ཐུབ། དེང་སྐབས་འཛམ་གླིང་གི་དཔལ་ཡོན་རྒྱལ་ཁབ་གང་ཞིག་ལ་མཚོན་ནའང་། རྒྱལ་ཁབ་ཀྱི་ལས་ཁུངས་ཁག་གི་འཛུགས་པ་དང་དབང་ཆ་བཀོལ་བའི་གཞི་འཛིན་ས་ནི་བཅའ་ཁྲིམས་ཀྱི་གཏན་འབེབས་ཡིན་ཏེ། དཔེར་ན། རང་རྒྱལ་གྱི་རྩ་ཁྲིམས་ཁྲོད་ཆེས་མཐོ་བའི་སྲིད་འཛིན་ལས་ཁུངས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡིན་པ་གསལ་པོར་བཀོད་ཡོད་པ་ལྟ་བུ་རེད། གཏན་འཁེལ་དེའི་རྐྱེན་པས་གཅིག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་དབང་ཆ་སྤྱོད་ཆོག་པའི་གཞི་འཛིན་ས་ནི་བཅའ་ཁྲིམས་ཀྱི་གཏན་འབེབས་ཡིན་པ་མཚོན་ལ། གཉིས་ནས་སྲིད་འཛིན་གྱི་དབང་ཆ་ལས་བརྒལ་ནས་ཁྲིམས་འཛུགས་སམ་ཁྲིམས་འཛིན་གྱི་བྱ་བ་བྱས་ཚེ་ཁྲིམས་འགལ་ཡིན་པས་བྱས་མི་ཆོག་པ་མཚོན་ཡོད།བཅའ་ཁྲིམས་ཀྱིས་སོ་སོར་ལས་བགོས་བྱས་པའི་གཏན་འབེབས་དེ་ལྟ་བུར་བརྟེན་ནས་དབང་ཆ་གང་བྱུང་དུ་སྤྱོད་པར་ཚོད་འཛིན་བྱས་ཡོད། གཞན་ཡང་ཁྲིམས་སྐྱོང་གིས་དབང་ཆའི་བེད་སྤྱོད་ལ་ལྟ་སྐུལ་ནུས་ལྡན་བྱེད་ཐུབ། གྲལ་རིམ་སྤྱི་ཚོགས་སུ་བར་བརྒལ་བྱས་པ་ནས་བཟུང་།དབང་བསྒྱུར་གྲལ་རིམ་གྱིས་རང་ཉིད་ཀྱི་དབང་ཆ་སྤྱད་དེ“རྗེ་དབང་ལྷས་གནངས”ཀྱི་གཞུང་ལུགས་ལ་ཁ་གཡར་ནས་དབང་སྒྱུར་མྱོང་མཁན་ལ་བཤུ་གཞོག་རབ་དང་རིམ་པ་ཞིག་བྱས་པས། མིན་ཏི་སི་ཁོའུ་ཡིས《ཁྲིམས་ཀྱི་དགོངས་དོན་སྨྲ་བ》ཞེས་པར།“དབང་ཆ་ཡོད་མཁན་གྱི་མི་ཚང་མས་དབང་ཆ་གང་བྱུང་དུ་བེད་སྤྱོད་གཏོང་ཞིང་།དེ་ནི་གནའ་ནས་ད་བར་དུ་འགྱུར་མ་མྱོང་བའི་ཉམས་མྱོང་ཞིག་རེད།དབང་ཆ་ཡོད་མཁན་གྱི་མི་ཚང་མས་དབང་ཆ་ཚད་མེད་དུ་བཀོལ་ཅིང་། དབང་ཆ་རང་སྟེང་དུ་རུལ་བསླད་རང་བཞིན་ཡོད་པས། དབང་ཆ་གང་ཞིག་ཡིན་ཡང་འོས་འཚམ་གྱི་ཚོད་འཛིན་དང་ལྟ་སྐུལ་ལས་བྲལ་ཚེ་རུལ་སུངས་བསྐྱེད་སྲིད།དབང་ཆ་གང་བྱུང་དུ་བེད་སྤྱོད་གཏོང་བ་སྔོན་འགོག་བྱེད་དགོས་ན།ངེས་པར་དུ་དབང་ཆ་ལ་བརྟེན་ནས་དབང་ཆར་ཚོད་འཛིན་བྱེད་དགོས”ཞེས་བྲིས་པ་ལྟར། སྤྱིར་བཅའ་ཁྲིམས་ཀྱིས་གོང་དུ་བཤད་པ་ལྟར། དབང་ཆ་སྤྱོད་མཁན་སོ་སོའི་འགན་ནུས་གཏན་འབེབས་བྱས་ཡོད་ཀྱང་དབང་ཆ་དེའི་རྐྱེན་པས་སྒྲིག་ལམ་གྱི་བཀག་རྒྱ་ལས་བརྒལ་བའི་རུལ་སུངས་སོགས་ཀྱི་ཉེན་ཁ་སྔར་བཞིན་མཆིས་སྲིད་པས། བཅའ་ཁྲིམས་ཀྱིས་ཆབ་སྲིད་ཀྱི་སྒྲིག་གཞིའི་ཁྲོད་དེ་དང་དབང་ཆ་མཉམ་པའི་ལྟ་སྐུལ་ལས་ཁུངས་བཙུགས་ནས། དབང་ཆ་གང་བྱུང་དུ་བེད་སྤྱོད་གཏོང་བར་ལྟ་སྐུལ་དང་ཚོད་འཛིན་བྱས་ཆོག་པ་ཨ་རིའི་དབང་གསུམ་དབྱེ་འཛུགས་མཚོན་བྱེད་དུ་གྱུར་བའི་རྒྱལ་ཁབ་མང་པོའི་ལག་ལེན་ལས་མཐོང་ཐུབ། དེ་ལས་གཞན། ཁྲིམས་ལྟར་སྐྱོང་ན་ཚད་ངེས་ཅན་ཞིག་གི་སྟེང་དབང་ཆ་སྤྱོད་མཁན་གྱི་མི་སྒེར་དེའི་ནོར་འཁྲུལ་སྔོན་འགོག་བྱེད་ཐུབ། གནའ་བོའི་ཀེ་རེ་སིའི་མཚན་ཉིད་རིག་པ་བ་པོ་ལ་ཐུས《ཕུགས་བསམ་གྱི་རྒྱལ་ཁབ》ཅེས་པའི་ཁྲོད་དུ། “ཆེས་ལེགས་པའི་ཆབ་སྲིད་ཀྱི་སྒྲིག་གཞི་དེ་རྒྱལ་ཁབ་ཅིག་གི་ཆབ་སྲིད་དབང་ཆ་དེ་མི་འཇོན་ནུས་ཅན་གྱིས་འཛིན་པ་ཞིག་ཡིན་དགོས་ཤིང་། ཡིན་ནའང་དེ་ལྟ་བུའི་འཇོན་ནུས་ལྡན་ཡང་སྐྱོན་ཆ་གཅིག་ཀྱང་མི་བཟོ་བའི་མི་ཞིག་སུས་ཀྱང་འཚོལ་དུ་མེད་པས། ཁྲིམས་ལུགས་ཀྱིས་རྗེས་དཔག་གི་རིགས་པར་བརྟེན་ནས་དབང་ཆ་དེ་ཉིད་བེད་སྤྱོད་ལུགས་མཐུན་ཡོང་བའི་ཁྲིམས་ཀྱི་ཁྱབ་ཁོངས་སུ་ཚོད་འཛིན་བྱས་པས།ཁྲིམས་ཀྱིས་སྐྱོང་བ་ནི་ཐབས་དེ་ལས་གཞན་པའི་དབང་ཆ་བེད་སྤྱོད་བྱེད་སྟངས་ལེགས་ཤོས་ཤིག་ཡིན”ཞེས་བཀོད་པ་ལྟར། ང་ཚོས་བསམ་བློ་ཞིག་བཏང་ཆོག་པ་ནི། རྒྱལ་ཁབ་ཅིག་གི་ཆབ་སྲིད་དབང་ཆ་མཐའ་དག་མི་གཅིག་གིས་འཛིན་པ་དང་། དབང་ཆ་འཛིན་མཁན་གྱི་མི་དེ་ཅི་དྲན་གང་སྒྲུབ་བྱེད་མཁན་ཞིག་ཡིན་ཚེ་དེའི་མཇུག་འབྲས་ནི་བློ་ཡུལ་ལས་འདས་པ་ཞིག་ཡིན་ལ། ལས་སྐལ་གྱི་དབང་གིས་འཇོན་ཐང་ཅན་འགའ་རེའང་འབྱུང་སྲིད་མོད། འོན་ཀྱང་མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད་ཟེར་བ་བཞིན་སོ་སྐྱེས་ཤིག་ཡིན་ཚེ་ནོར་འཁྲུལ་ལས་གཡོལ་དུ་མེད་པས། ཁྲིམས་སྐྱོང་དེ་ནི་གལ་ཆེན་ཞིག་ཏུ་གྱུར་ཡོད།

རྒྱལ་ཁབ་ཁྲིམས་ཀྱིས་བསྐྱངས་ན་སྤྱི་དམངས་ཀྱི་ཁེ་དབང་ལ་སྔར་བས་སྲུང་སྐྱོབ་འཐོབ་ཐུབ། རྒྱལ་ཁབ་ཁྲིམས་ལྟར་སྐྱོང་ན་ཐོག་མར་བཅའ་ཁྲིམས་གཏན་འབེབས་བྱེད་དགོས་ཤིང་། བཅའ་ཁྲིམས་གཏན་འབེབས་བགྱིས་ན། ད་གཟོད་གང་འདོད་ཀྱི་ཁྲུན་གཅོད་ལས་གཡོལ་ཐུབ། དེ་ལས་ལྡོག་ན་གནའ་བོའི་རོ་མར་ཡིག་ཐོག་ཏུ་བཀོད་པའི་ཁྲིམས་གཞུང་མ་བྱུང་བའི་སྔོན་ལ་གྱོད་གཞི་ཐག་གཅོད་བྱེད་མཁན་གྱི“མཆོད་གཉེར”དག་གིས་གོམས་ཁྲིམས་གཞིར་བཟུང་ནས་རྟག་པར་ལོག་འགྲེལ་རྒྱག་པའི་སྣང་ཚུལ་མང་དུ་བྱུང་བས།དམངས་ཀྱི་ཁེ་དབང་ལ་འགན་སྲུང་གང་ལེགས་བྱེད་ཐུབ་ཀྱིན་མེད་པ་ལྟ་བུ་རེད། ཀྲུང་གོའི་བཀས་བཀོད་རྒྱུན་འཛིན་གྱི་སྤྱི་ཚོགས་སུ་དབང་སྒྱུར་གྲལ་རིམ་གྱིས་འབངས་ལ་འཇིགས་སྐུལ་གྱི་དོད་དུ་ཁྲིམས་བཟོས་ཀྱང་ཁྱབ་བསྒྲགས་མི་བྱེད་པའི་ཐབས་ལམ་སྤྱད་ཅིང་། དེའི་མཇུག་འབྲས་ནི་ཉེས་ཆད་ལ་ནམ་འོང་ཅི་ཆ་མ་མཆིས་པ་དང་། སྤྱི་དམངས་ཀྱི་ཁེ་དབང་ལ་རྡོག་རྫིས་ཐེབས་ཡོད། དེ་བས་བཅའ་ཁྲིམས་ཁྱབ་གདལ་དུ་མ་བཏང་ཚེ། ཁྲིམས་སྐྱོང་ནི་གླེང་ཐབས་བྲལ་བ་རེད། སྤྱི་ཚོགས་འཕེལ་རྒྱས་ཀྱི་དབང་གིས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དེ་དེང་རབས་ཁྲིམས་ལུགས་ཀྱི་སྲོག་ཤིང་ཞིག་ཏུ་གྱུར་ཡོད་པས་ན། བཅའ་ཁྲིམས་ཁྱབ་གདལ་དུ་བཏང་ན་མི་དམངས་མང་ཚོགས་ཀྱི་ཁྲིམས་ཀྱི་གོ་རྟོགས་ཇེ་མཐོར་འགྲོ་ངེས་ལ། མི་སུ་ཞིག་གི་ཁྲིམས་ཀྱི་གོ་རྟོགས་ཇེ་མཐོར་སོང་ན་བཅའ་ཁྲིམས་ཀྱི་མཚོན་ཆར་བརྟེན་ནས་ཞི་དྲག་གང་རུང་གི་ལམ་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་རྒོལ་ལན་སྤྲད་ཆོག བཅའ་ཁྲིམས་གང་ཞིག་གི་སྐྱེ་སྟོབས་ལྡན་པའི་སྲོག་ཤིང་ནི་བཀོལ་སྤྱོད་བྱེད་རྒྱུ་དེ་ཡིན་ལ། བཅའ་ཁྲིམས་བེད་སྤྱོད་གཏོང་རྒྱུ་དེ་ལའང་ཁྲིམས་འཛིན་དང་ཁྲིམས་བརྩིའི་ཕྱོགས་མང་པོ་འདུས་ཡོད། དེ་དང་བྲལ་ཚེ་བཅའ་ཁྲིམས་ནི་བེད་མེད་དུ་གྱུར་བའི་ཤོག་ལྷེ་ཙམ་དུ་ཟད། དཔེར་ན། རང་རྒྱལ་གྱི་བཅའ་ཁྲིམས་ཁྲོད་གྲངས་ཉུང་མི་རིགས་ཁག་གི་སྤྱི་དམངས་ཀྱིས་རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱད་ནས་གཏུག་བཤེར་བྱེད་ཆོག་པའི་ཁེ་དབང་གཏན་འབེབས་བྱས་ཡོད་མོད། ཡིན་ནའང་གཏན་འབེབས་དེ་མ་ཤེས་པའམ་ལག་བསྟར་དོན་འཁྱོལ་མ་བྱུང་བའི་རྐྱེན་གྱིས། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་སྟེང་ནས་ཐག་གཅོད་བྱེད་འོས་པའི་གྱོད་གཞི་མང་ཆེ་བ་ཞིག་གཏན་འབེབས་དེ་ལྟར་ཐག་གཅོད་བྱེད་ཐུབ་དཀའ་བའི་སྣང་ཚུལ་བྱུང་དང་འབྱུང་བཞིན་ཡོད། མིན་ཏི་སི་ཁོའུ་ཡིས་བཤད་རྒྱུར“རུལ་སུངས་ཀྱི་སྣང་ཚུལ་གཉིས་ཡོད་དེ། གཅིག་ནི་མི་རྣམས་ཀྱིས་ཁྲིམས་ལུགས་བརྩི་སྲུང་མི་བྱེད་པ་དང་། གཞན་ཞིག་ནི་ཁྲིམས་ལུགས་དེ་ཉིད་ཀྱིས་མི་རྣམས་རུལ་སུངས་སུ་འགྱུར་དུ་འཇུག་པ་དེའོ། །”དེ་དག་གི་རྒྱུ་རྐྱེན་མདོར་བསྡུས་ན་བཅའ་ཁྲིམས་ཚད་ལྡན་མིན་པ་དང་ལག་བསྟར་བརྩི་སྲུང་མ་ཐོབ་པའི་རྐྱེན་ཡིན་པས།བཅའ་ཁྲིམས་ཁྱབ་གདལ་དུ་བཏང་ན་ད་གཟོད་འདི་དག་ལས་གཡོལ་ནས་སྤྱི་དམངས་ཀྱི་ཁེ་དབང་འགན་སྲུང་བྱེད་ཐུབ།

རྒྱལ་ཁབ་ཁྲིམས་ཀྱིས་བསྐྱངས་ན་སྤྱི་ཚོགས་འཆམ་མཐུན་བདེ་འཇགས་ཡོང་ཐུབ། བཅའ་ཁྲིམས་ནི་ཡིག་ཐོག་ཏུ་བཀོད་པའི་ཁེ་དབང་འོས་འགན་ཡིན་ཟེར་བ་ལྟར། མི་ནི་ཡོངས་ཁྱབ་ཀྱི་འབྲེལ་བས་གྲུབ་པའི་སྤྱི་ཚོགས་ཤིག་ཏུ་གནས་པ་བདེན་པར་གྲུབ་ཚེ། མིའམ་ཚོགས་པ། རྒྱལ་ཁབ་བར་གྱི་རྩོད་གཞི།མདོར་དེད་ན་ཁེ་དབང་སུས་ལོངས་སྤྱོད་བྱེད་ཆོག་པ་དང་འོས་འགན་སུས་འཁུར་རྒྱུ་ལས་བྱུང་བ་ཡིན་པས་ན། ཁྲིམས་ལུགས་འཕེལ་རྒྱས་ཀྱི་གོ་རིམ་ཡང་སྤྱི་ཚོགས་ཀྱི་དགོས་མཁོར་དམིགས་ནས་གནད་དོན་དེ་ཐག་གཅོད་ཀྱི་བརྒྱུད་རིམ་ཡིན་ཕྱིར། བཅའ་ཁྲིམས་ཀྱི་འདུ་ཤེས་ཇེ་མཐོར་སོང་ན། དགོས་མེད་ཀྱི་གྱོད་གཞི་གང་མང་ཞིག་ལ་ངང་ངམ་ཤུགས་ཀྱིས་གཡོལ་ཆོག་པ་མ་ཡིན་ནམ།དེར་མ་ཟད་ཁྲིམས་ཆད་གཅོད་པ་ནི་ཆད་གཅོད་གང་མང་ཁྲོད་ཀྱི་བྱེ་བྲག་ཅིག་ཡིན་མོད། འོན་ཀྱང་གླེང་ཕྱོགས་སོགས་དང་བསྡུར་ན་ཁྲིམས་ཆད་དེ་ནི་ཤུགས་ཆེ་ཤོས།མྱུར་ཚད་མགྱོགས་ཤོས། ཕན་འབྲས་མཐོ་ཤོས་ཡིན་པས།བྱ་བ་གང་ཞིག་ཡིན་རུང་བཅའ་ཁྲིམས་ཀྱི་སྒྲོམ་གཞི་འོག་འཁོར་སྐྱོད་བྱས་ན་སྤྱི་ཚོགས་འཆམ་མཐུན་ཡོང་ཐུབ། གཞན་ཡང་ཁྲིམས་འགལ་ལ་རིགས་གཉིས་སུ་དབྱེ་ཆོག་སྟེ།ཁྲིམས་དང་འགལ་ཚར་བའི་རིགས་དང་། ལྐོག་གྱུར་ཁྲིམས་འགལ་བྱེད་མཁན་ཏེ་ཁྲིམས་འགལ་བྱེད་སྲིད་ཀྱང་རྒྱུ་དང་རྐྱེན་གང་རུང་གིས་ད་དུང་ལག་ལེན་དུ་བསྟར་མ་ནུས་པའི་རིགས་གཉིས་ཡོད་པས། བཅའ་ཁྲིམས་ཁྱབ་གདལ་དུ་བཏང་བ་བརྒྱུད་ནས་བཅའ་ཁྲིམས་ཀྱི་ཁྱད་ཆོས་གཙོ་ཤོས་སུ་གྱུར་བ་སྟེ། ཁྲིམས་དང་འགལ་ན་དེར་མཐུན་གྱི་འགན་འཁུར་དགོས་པའི་གནད་དེ་ཤེས་སུ་བཅུག་ན། ལྐོག་གྱུར་གྱི་ཁྲིམས་འགལ་བྱེད་མཁན་དག་གི་ཁྲིམས་འགལ་གྱི་བྱ་བ་བསྒྲུབ་འདོད་ཀྱི་བསམ་བློ་ཟིལ་གྱིས་མནན་ནས་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཐུབ།

མདོར་ན། གོང་སྨྲས་ལྟར། རྒྱལ་ཁབ་ཁྲིམས་ལྟར་སྐྱོང་ན་དབང་ཆ་གང་བྱུང་དུ་སྤྱོད་པར་ཚོད་འཛིན་བྱེད་ཐུབ་པ་དང་། སྤྱི་དམངས་ཀྱི་ཁེ་དབང་ལ་སྔར་བས་སྲུང་སྐྱོབ་ཐོབ་ཐུབ་པ། སྤྱི་ཚོགས་འཆམ་མཐུན་བདེ་འཇགས་ཡོང་ཐུབ་པ་བཅས་ཡིན་པས། ཁྲིམས་སྐྱོང་གི་ཕྱོགས་སུ་བསྐྱོད་པ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྡོག་མེད་ཆོས་ཉིད་ཡིན་ལ། རྒྱལ་ཁབ་ཁྲིམས་ལྟར་བསྐྱང་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་པའི་བྱ་གཞག་ཅིག་གོ །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1