[ནང་དོན་གནད་བསྡུས།] ཐོག་མར་སམ་བོད་དང་རྒྱ་བོད་ཀྱི་སྒྲ་སྒྱུར་རྣམ་པ་ཕན་ཚུན་བསྡུར་ཚེ་དབྱངས་ཀཻ་ཤ་ཅན་ལ་ཀློག་ཚུལ་ལམ་སྒྲ་སྒྱུར་བྱེད་ཚུལ་རིགས་གཉིས་ཡོད་ཀྱང་སྐད་བརྡ་རིག་པའི་ངོས་ནས་དེ་དག་གི་སྒྲ་གནས་གཅིག་མཚུངས་ཡིན་འདུག ཀྵ་དང་ཥ་ཡིག་བོད་ཀྱིས་ཁྱ་དང་ཁ་ཡི་སྒྲ་འདྲ་བར་ཀློག་པ་ནི་རྒྱ་གར་གྱི་ཡུལ་སྐད་བྱེ་བྲག་དང་འབྲེལ་བ་ཡོད་པར་མ་ཟད། རྒྱ་གར་གྱི་“རྒྱ་”ཡང་ཐོག་མའི་དུས་སུ་“ཨརྱ་”ཞེས་པའི་སྒྲ་སྒྱུར་ཙམ་ཡིན། དེ་མིན་ཨ་མདོའི་འབྲོག་སྐད་དང་འབྲེལ་ནས་ག་ཛ་ཌ་ད་བའི་སྒྲའི་ངོ་བོ་ལ་བརྟག་ཚེ་སྔགས་བཀླག་ཐབས་ནང་“མིང་ཐོག་སྡེ་པའི་གསུམ་པ་རྣམས། །འ་ཡིས་འཕུལ་བ་ལྟ་བུར་ཀློག །”ཅེས་འ་ཡིས་འཕུལ་བ་ལྟ་བུར་ཀློག་དགོས་པར་བཤད་པ་ནི་སྒྲ་ལྡན་གྱི་ངོ་བོ་སྲུང་འཛིན་བྱེད་ཆེད་ཡིན་ལ། “དབུས་མཐར་ཡོད་ན་བོད་དང་མཚུངས་”པ་ནི་བོད་ཀྱི་སྐད་གཤིས་དང་འབྲེལ་བ་ངེས་ཅན་ཡོད། གཞན་ས་སྐྱ་བསོད་ནམས་རྩེ་མོ་སོགས་ཀྱིས་ཡི་གེའི་སྐྱེ་གནས་ཀྱི་ལྟ་བ་ལ་གཞི་བཅོལ་ཚེ་སྔགས་ཡིག་ཙ་(ca)ཚ་(cha)ཛ་(ja)གསུམ་བོད་ཡིག་ནང་ཙ་ཚ་ཛ་ལྟར་སྒྲ་སྒྱུར་བྱས་ཡོད་ནའང་། སྐྱེ་གནས་དང་སྒྲ་གདངས་ཀྱི་ཆ་ནས་བོད་ཀྱི་ཅ་ཆ་ཇ་གསུམ་དང་ཉེ་བར་འདོད།
[གནད་ཚིག] སྔགས་བཀླག་ཐབས། སྒྲ་སྒྱུར། སྒྲ་གདངས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H214 [ཡིག་ཆའི་མཚོན་རྟགས།] A [རྩོམ་ཡིག་ཨང་རྟགས།] 1002-9060-2021-02-0161-09
སྔགས་བཀླག་ཐབས་ཞེས་པ་ནི་《རིག་པ་བཀླག་པའི་དོན་》(མིང་ཆ་ཚང་ལ་《རིག་པ་བཀླག་པའི་དོན་གྱི་འགྲེལ་བ་ལེགས་བཤད་གསེར་གྱི་ཐུར་མ་》)ཞེས་པ་རུ། “རིག་པ་ནི་སྔགས་ལ་བྱ་གསུངས། ཀླག་པ་ནི་དག་པར་སྦྱངས་ལ་ཀླག མ་དག་པ་དོར་ལ་ཀླག་པའོ། དེའི་བས་ནི་ཚེགས་ཆུང་ངུས་དོན་ཆེན་པོ་སྟོན་པའི་ཕྱིར་ན་ཐབས་” ①ཞེས་བྱ་བ་བཞིན་ལེགས་སྦྱར་གྱི་སྒྲ་གདངས་ཁྱད་ཆོས་དང་བོད་སྐད་ཀྱི་སྒྲ་གདངས་ཁྱད་ཆོས་གཉིས་ཀྱི་འདྲ་བའི་ཆ་སོགས་གཞིར་བཟུང་ནས་བོད་སྐད་ནང་ལེགས་སྦྱར་གྱི་སྔགས་ཡིག་ཀློག་ཚུལ་ཚེགས་ཆུང་ངུའི་སྟོན་ཐུབ་པའི་རིག་པ་ཞིག་ལ་བྱ་ཆོག དེ་ཡང་བཙན་པོ་ཁྲི་སྲོང་སྡེ་བཙན་གྱི་སྐབས་སུ་གཞུང་གི་རྩ་འཛུགས་འོག་བོད་རང་ས་ནས་སྔགས་ཡིག་སྦྱངས་འགོ་ཚུགས་ནས་ད་ལྟའི་བར་དུ་ལོ་ངོ་ཆིག་སྟོང་ཉིས་བརྒྱ་ལྷག་ཕྱིན་ཡོད། མིག་སྔར་ལག་སོན་བྱུང་བའི་ཡིག་རྙིང་ཡིག་ཆ་དག་ལ་དཔྱད་བསྡུར་བྱས་ཚེ། བོད་ཡིག་ནང་གི་གནའ་སྔ་མོའི་ལེགས་སྦྱར་གྱི་བརྡ་སྦྱར་བའི་ཡི་གེ་དང་། དེང་དུས་ཀྱི་ལེགས་སྦྱར་གྱི་བརྡ་སྦྱར་བའི་ཡི་གེ་གཉིས་དེ་ཙམ་མི་འདྲ་བ་གསལ་པོར་མཐོང་ཐུབ། འདི་ལས་ཤེས་ཐུབ་པ་ནི་དེ་ལ་ཕྱིས་ཀྱི་འཕེལ་རིམ་ཁྲོད་དུ་རྣམ་པ་མཚོན་ཚུལ་གྱི་ཆ་དང་སྦྱོར་ཀློག་གི་ཆ། སྒྲ་གདངས་སོགས་ཀྱི་ཐད་ལ་འགྱུར་ལྡོག་རབ་དང་རིམ་པ་ཞིག་བྱུང་ཡོད་པ་གསལ་བས་ན། དུས་སྐབས་སོ་སོར་བྱུང་བའི་སྔགས་བཀླག་ཐབས་ཀྱི་བསྟན་བཅོས་དང་བོད་སྐད་ཀྱི་སྒྲ་གདངས་འཕེལ་འགྱུར་སོགས་ལ་འགལ་འབྲེལ་ཅི་ཡོད་བརྟག་འདོད་པ་ནི་དཔྱད་རྩོམ་འདི་བྲི་བའི་ཀུན་སློང་ངོ་། །
གཅིག དབྱངས་ཨཻ་དང་ཨཽ་ཡི་སྒྲ་གདངས།
སྔགས་བཀླག་ཐབས་ཁག་ཏུ་དབྱངས་ཀཻ་ཤ་ཅན་གྱི་ཀློག་ཚུལ་འདྲ་མིན་སྣ་ཚོགས་ཤིག་མཆིས་མོད། མདོར་དྲིལ་ན་ཀློག་ཚུལ་རིགས་གཉིས་སུ་སྣང་། རིགས་དང་པོ་ནི་ཨེའི་དང་ཨོའུ་ལྟར་ཀློག་པ་སྟེ། དུས་རབས་བཅུ་གཅིག་པའི་དུས་འགོའི་《སྨྲ་སྒོ་མཚོན་ཆ་》ནས་དུས་རབས་ཉི་ཤུ་པའི་དུས་འགོའི་བར་དུ་བྱུང་བའི་སྔགས་བཀླག་ཐབས་མང་ཆེ་བར་མིག་འཛུམ་གསུམ་གྱི་ཡུན་ཚད་དུ། བསྒྲེང་དེ་བཀུག་པ་ཨེའི་དང་བསྟོད་དེ་སྨད་པ་ཨོའུ་ཞེས་ཀློག་གིན་ཡོད། ཡང་བྲིས་གཟུགས་ཁ་ཤས་སུ་ཨཱེའི་དང་ཨཱོའུ་ཞེས་འ་ཆུང་སྦྱར་ཡོད་པ་སོགས་མཐོང་རྒྱུ་ཡོད་ཀྱང་སྒྲ་གདངས་ལ་ཁྱད་པར་མེད།
རིགས་གཅིག་ཤོས་ནི་ཨའི་དང་ཨའོ་ཞེས་ཀློག་པ་ཡིན། ཏུན་ཧོང་གི་བོད་ཡིག་ཤོག་དྲིལ་P.T.849ནང་དུ་དབྱངས་ཀཻ་ཤ་ཅན་ཨཽ་ཡི་ཚབ་ཏུ་ཨའུ་ཞེས་བྲིས་འདུག་ལ། བཅོམ་ལྡན་རིག་རལ་(1227-1305)གྱིས་“འགྲེང་བུ་དང་ན་རོ་གཉིས་བཏགས་པ་རྣམས་ནི་བསྒྲེང་དེ་བཀུག་པ་དང་བསྟོད་དེ་སྨད་པ་ཞེས་བྱ་སྟེ་རིམ་པ་བཞིན་ཨའི་དང་ཨའུ་ཞེས་ཡི་གེ་གསུམ་གྱི་ཡུན་དུ་བཀླག་གོ །” ②ཞེས་པ་ལྟར་ཁོང་གིས་བསྟན་པའི་ཀློག་ཚུལ་དང་P.T.849རུ་བསྟན་པའི་དབྱངས་ཀཻ་ཤ་ཅན་གྱི་བྲིས་གཟུགས་གཉིས་ཆ་འདྲ་བར་སྣང་།
བོད་ཀྱི་ཡིག་ཚང་རྙིང་པ་ཁག་ཏུ་དབྱངས་ཨའི་དང་ཨའུ། ཨེའི་དང་ཨོའུ་ཡིས་རྒྱ་ནག་གི་དབྱངས་བརྩེགས་མ་མང་པོ་མཚོན་ཡོད་པས། དབྱངས་དེ་དག་གིས་རྒྱ་ནག་སྐད་ཀྱི་དབྱངས་ཡིག་གང་ཞིག་མཚོན་གྱིན་ཡོད་པར་དབྱེ་ཞིབ་ཅུང་ཙམ་བྱས་ན། སྔགས་ཡིག་ནང་གི་དབྱངས་ཀཻ་ཤ་ཅན་ལ་ཀློག་ཚུལ་རིགས་གཉིས་རེ་བྱུང་ཡོད་པ་དེ་གཉིས་ལ་ཁྱད་པར་དང་འབྲེལ་བ་གང་འདྲ་ཡོད་པ་ཤེས་ཐུབ་སྟེ།
གོང་གསལ་རེའུ་མིག③ འདི་ལས་ཐོག་མར་དབྱངས་ཀཻ་ཤ་ཅན་ཨཻ་ཡི་ཀློག་ཚུལ་ཨའི་དང་ཨེའི་གཉིས་བསྡུར་ན་བོད་ཡིག་ནང་རྒྱ་ནག་གི་གནའ་བོའི་དབྱངས་བརྩེགས་མ་སྒྲ་སྒྱུར་བྱེད་སྐབས་དབྱངས་ཨའི་ཡིས་[ɒi]ཡི་སྒྲ་གདངས་མཚོན་གྱིན་ཡོད་ལ། དབྱངས་ཨེའི་ཡིས་སྐབས་བསྟུན་གྱིས་[ɒi]དང་[ɐi] [ǐɛi] [iei]སོགས་རིགས་ཁ་ཤས་མཚོན་གྱིན་ཡོད་མོད། མང་ཆེ་བར་དབྱངས་[ɒi]མཚོན་གྱིན་ཡོད་པས་སྔགས་ཡིག་ནང་གི་དབྱངས་ཀཻ་ཤ་ཅན་ཨཻ་ཡིག་ཀློག་པའི་སྐབས་སུ་ཨའི་དང་ཨེའི་གང་དུ་བཀླག་ཀྱང་བོད་སྐད་ཀྱི་ནང་དུ་སྒྲ་གདངས་ཕལ་ཆེར་གཅིག་མཚུངས་སུ་སྣང་།
དབྱངས་ཨའུ་དང་ཨོའུ་གཉིས་བསྡུར་བའི་བསྡུར་འབྲས་ཡང་དེ་དང་ཆ་འདྲ་བར་འདུག་སྟེ། བོད་ཡིག་གི་ནང་དུ་རྒྱ་ནག་གི་གནའ་བོའི་དབྱངས་བརྩེགས་མ་སྒྲ་སྒྱུར་བྱེད་སྐབས་སྤྱིར་བཏང་དབྱངས་ཨའུ་བཀོལ་ནས་སྒྲ་སྒྱུར་བྱས་པ་མང་པོ་མེད་ནའང་དེ་ལ་[ǐɛu]དང་[ɑu]རིགས་གཉིས་བྱུང་ཡོད། དབྱངས་ཨོའུ་ཡིས་སྐབས་བསྟུན་གྱིས་[əu]དང་[ɑu]མཚོན་གྱིན་ཡོད་མོད། དབྱངས་ཨའུ་དང་ཨོའུ་གཉིས་ཀས་[ɑu]ཡི་སྒྲ་མཚོན་པའི་སྐབས་འདུག་པས་བོད་སྐད་ཀྱི་ནང་དུ་དེ་གཉིས་གང་དུ་བཀླག་ཀྱང་སྒྲ་གདངས་ལ་ཁྱད་པར་ཆེན་པོ་མེད་པ་གསལ། རྒྱུ་མཚན་ནི་སྐབས་དེར་བོད་ཡིག་ནང་དབྱངས་སྦྲགས་མ་བྱུང་མེད་པས་ཨེའི་དང་ཨའི་གཉིས་ནི་བརྡ་དོན་ཐ་དད་དུ་འབྱེད་པའི་སྒྲ་ཚན་དུ་ཆགས་མེད་ལ། ཨོའུ་དང་ཨའུ་གཉིས་ཀྱང་དེ་དང་གནས་ལུགས་གཅིག་པ་རེད།
《བྱིས་པ་བདེ་འཇུག་》ཏུ་ཨཻ་དང་ཨེའི་གཉིས་གང་དུ་བྲིས་ཀྱང་རུང་བར་འབྲི་ཚུལ་གདམ་ང་ཅན་དུ་བྱས་ཡོད་ལ། སི་ཏུ་ཆོས་ཀྱི་འབྱུང་གནས་(1699/1700-1774)ཀྱིས། “ཐུང་ངུ་སྲིད་མིན་ཨཻ་དང་ཨཽ། །ཨེའི་ཨོའུ་ལྟ་བུར་བཀླག །གནའ་བོའི་ལོ་ཙཱ་ཆེ་རྣམས་ཀྱི། །ཀོའུ་ཤི་ཀ་ལ་སོགས་པར། །མཛད་པའང་ཀློག་ཚུལ་ལ་དགོངས་པས། །འདི་ན་སྐྱོན་དུ་གྱུར་མ་ཡིན། །” ④ཞེས་ཀཽ་ལ་ཀོའུ་ཞེས་བྲིས་པ་ཀློག་ཚུལ་ལ་དགོངས་པ་ཡིན་ཞེས་བརྗོད་ཡོད། དེང་དུས་ཨཻ་དང་ཨཽ་ནི་བྲིས་གཟུགས་དང་། ཨེའི་དང་ཨོའུ་ནི་ཀློག་ཚུལ་ཡིན་ཞེས་བཤད་ན་འགལ་བ་མེད་མོད། དུས་རབས་བཅུ་གཅིག་པ་དང་བཅུ་གཉིས་པའི་དུས་སྐབས་སུ། ཨཽ་དང་ཨོའུ་གཉིས་ལས་གཅིག་ནི་བྲིས་གཟུགས་དང་གཅིག་ནི་ཀློག་ཚུལ་ཡིན་ཞེས་བཀར་རྒྱུ་མེད་པར། གཉིས་ཆ་བྲིས་གཟུགས་ཀྱི་ཐོག་ནས་གདམ་ང་ཅན་ཡིན། དེ་ལས་ཀྱང་སྔ་བའི་དུས་སུ་ཨཻ་དང་ཨཽ་འབྲི་བ་མིན་པར་ཨེའི་དང་ཨོའུ་ཡིན་ལ། ཕྱིས་སུ་བསྒྱུར་བྲིས་(转写)སུ་འགྱུར་བ་དང་བསྟུན་ནས་ཨཻ་དང་ཨཽ་ཡི་འབྲི་ཚུལ་རྒྱུགས་ཆེ་བར་གྱུར་ཅིང་། ཨེའི་དང་ཨོའུ་ནི་དེའི་ཀློག་ཚུལ་ལྟ་བུར་གྱུར་ཡོད།
གཉིས། ཀྵ་དང་ཥ། རྱ་བཅས་ཀྱི་སྒྲ་གདངས།
1.ཀྵ་ཡི་སྒྲ་གདངས།
ཏུན་ཧོང་བོད་ཡིག་ཤོག་དྲིལ་P.T.849ལས། “ཀ་ཁ་ག་འག་ང་། ཙ་ཚ་ཛ་འཛའ་ཉ་། ཏ་ཐ་འད་ད་ནཱ། ཏ་ཐ་ཏ་འད་ཐ་ན། པ་ཕ་འབ་བ་མ། འཞ་ར་ལ་འབཱ་ས་ས་ས་ཧ་ཁྱའ་།” ⑤ ཞེས་ཁྱའ་ལྟར་བྲིས་ཡོད་ལ། བོད་ཀྱི་སྔགས་བཀླག་ཐབས་མང་ཆེ་བར་ཡང་ཀྵ་ནི་ཁྱ་ལྟར་ཀློག་ཅེས་བཀོད་ཡོད། འོན་ཀྱང་དེང་དུས་རྒྱལ་ནང་དུ་ལུའོ་ཁྲང་ཕེ་(罗常培)དང་ཉེ་ཧུང་དབྱིན་(聂鸿音)སོགས་གཙོ་བྱས་པའི་ཞིབ་མཇུག་མཁན་ཁ་ཤས་ཀྱིས། བོད་མིས་སྔགས་ཡིག་བོད་སྐད་ཀྱི་སྦྱོར་ཀློག་བྱེད་ཚུལ་ཇི་བཞིན་ཀློག་པ་ལས་སཾ་སྐྲྀ་ཏའི་ཀློག་ཚུལ་ལྟར་སོ་སོར་འཕྲལ་ནས་ཀློག་གིན་མེད་ཅེས་དགག་པ་བྱེད་ཀྱིན་འདུག་མོད། གནའ་དུས་སུ་ཀ་དང་ཥ་བརྩེགས་པ་ལ་ཁྱའམ་ཁྲ་རུ་ཀློག་པ་བོད་གཅིག་པུ་མིན་ཏེ། རྒྱ་ནག་གི་སྔགས་ཡིག་སྒྲ་སྒྱུར་བྱས་པ་དག་ལས་ཀྱང་ཀྵ་ལ་ཁྱའམ་ཁྲ་རུ་བསྒྱུར་བ་མང་པོ་མཐོང་རྒྱུ་སྣང་། སྤྱིར་རྒྱ་ཡིག་གི་ནང་དུ་ལེགས་སྦྱར་གྱི་ཡི་གེ་སྒྲ་སྒྱུར་བྱེད་སྐབས་viṣṇu(毗瑟纽) śrāvana(室罗缚拿)traṭa(怛啰吒)ཞེས་མཐར་རྟེན་དུ་མི་ཀློག་པའི་གསལ་བྱེད་བརྩེགས་མ་གཉིས་ལ་ལྟོས་བཅས་ཀྱིས་རྒྱ་ཡིག་གཉིས་རེས་སྒྲ་སྒྱུར་བྱེད་ཀྱིན་ཡོད། འོན་ཀྱང་ཀྵ་(kṣa)ཡིག་སྒྲ་སྒྱུར་བྱེད་པའི་སྐབས་སུ་རྒྱ་ཡིག་གཉིས་བཀོལ་མེད་པར་རྒྱ་ཡིག་གཅིག་གིས་གསལ་བྱེད་བརྩེགས་མ་འདི་མཚོན་ཡོད་པ་མང་བར་མ་ཟད་སྒྲ་གདངས་ལ་ཡང་ཀ་(ka)དང་ཥ་(ṣa) ⑥གཉིས་ཀ་དང་མི་འདྲ་བའི་སྒྲ་གདངས་གསར་པ་ཞིག་བཀོད་ཡོད་དེ། pakṣapaṇḍakas (博叉般茶迦)bhikṣuགྷ (比丘尼)dakṣiṇā(驮器尼) ཞེས་ཁྲ་དང་ཁྱ་ཡི་སྒྲ་འདྲ་བ་ཐོན་ཡོད།
2.ཥ་ཡི་སྒྲ་གདངས།
དེང་དུས་སྔགས་ཡིག་ཥ་ནི་“སྲ”/ʂa/ཡི་སྒྲ་ལྟར་ཀློག་མོད། སྔོན་ཆད་བོད་ཀྱི་སྔགས་བཀླག་ཐབས་ཁག་ནང་“ཁ”/kha/དང་འདྲ་བར་ཀློག་བཞིན་ཡོད། སྤྱིར་བོད་ཡིག་གི་ནང་དུ་ཥ་ནི་ཁ་ལྟར་ཀློག་པ་ལ་ཅུང་ཡ་མཚན་སྐྱེ་དགོས་པ་ཞིག་ཏུ་འདུག་སྟེ། བོད་སྐད་ཀྱི་ངོས་ནས་བལྟས་ན་གསལ་བྱེད་འདི་གཉིས་ཀྱི་སྐྱེ་གནས་དང་སྒྲ་གདངས་གང་ཐད་ནས་འདྲ་བའི་ཆ་ཞིག་ཡོད་པ་མཐོང་མི་ཐུབ་མོད། སྔགས་བཀླག་ཐབས་ཕལ་ཆེ་བར་གནའ་ནས་ད་ལྟའི་བར་དུ་ཁ་ཞེས་ཀློག་བཞིན་ཡོད་པས་དོན་དངོས་སུ་བོད་ཀྱི་ཀློག་ཚུལ་ནོར་སོང་བ་རེད་དམ། ཡང་ན་རྒྱ་གར་གྱི་ཡུལ་སྐད་བྱེ་བྲག་པ་ཞིག་དང་འབྲེལ་བ་ཡོད་ཅེ་ན། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས། “ཥ་ཡིག་དབུས་པས་ཁ་ལྟར་འདོན། །ལྷོ་པས་ཁམས་ཀློག་ཤ་ཡིག་བཞིན། །དེ་ཡང་རྩེ་མོ་དང་ཉེ་བའི། །ལྕེ་སྟེང་བྱེད་པས་ཀློག་པ་ཡིན། །” ⑦ཞེས་ཥ་ཡིག་རྒྱ་གར་ཡུལ་དབུས་སུ་“ཁ་”ལྟར་ཡིན་ཞེས་གསུངས་ཡོད། དེ་འདྲ་ཡིན་ཚེ་《སྒྲ་སྦྱོར་བམ་གཉིས་》ནང་“ཐེག་པ་ཆེ་ཆུང་ལས་བྱུང་བའི་ཆོས་རྣམས་རྒྱ་གར་གྱི་ཡུལ་དབུས་ལས་བྱུང་བའི་བརྡ་དང་མཐུན་པར་བསྒྱུར་ཞིང་ཀུན་གྱི་བསླབ་ཏུ་རུང་།” ⑧ ཞེས་བཀས་བཅད་མཛད་པ་དང་། བོད་ཀྱིས་གནའ་དུས་ནས་སྔགས་ཡིག་ཥ་ལ་ཁ་ལྟར་ཀློག་པ་གཉིས་ལ་འབྲེལ་བ་ངེས་ཅན་ཞིག་མཆིས་སྙམ།
3.རྱ་ཡི་སྒྲ་གདངས།
རྱ་ཡི་ཀློག་ཚུལ་ལ་སྔགས་བཀླག་ཐབས་ནང་། ར་ལ་ཡ་སྦྱར་ན་“ར་ཡར་སྦྱར་བ་”ཞེས་ཀློག་ཚུལ་མག་མོག་ཙམ་ལས་དམིགས་བསལ་གྱི་སྒྲ་གདངས་བཀོད་མེད་མོད། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས། “དབུས་པ་སོགས་ཀྱིས་མིང་གི་ཐོག་མ་དང་། །ར་ལྡན་ཡ་ལ་རྒྱ་ཞེས་ཀློག །གཞན་དུ་བོད་དང་མཚུངས་པ་སྟེ། །ལྷོ་པ་རྣམས་ཀྱང་བོད་ལྟར་ཀློག །” ⑨ཅེས་ར་ལྡན་ཡ་ལ་རྒྱ་ཞེས་ཡུལ་དབུས་ཀྱིས་ཀློག་གསུངས་པ་འདི་ལ་གནས་ལུགས་ངེས་ཅན་ཞིག་མཆིས། རྒྱུ་མཚན་ནི་P.T.0428ནང་“ཨརྒྱ་མ་རི་ཙི།” ⑩ [ཨརྱ་མ་རི(མཱ་རཱི)ཙྱེ]ཞེས་དང་། P.T.849ནང་“ཨ་རྗྱ་འབུ་ཐ་། འཕགས་པའི་སངས་རྒྱས་” ⑪ཞེས་ཨརྱ་ལ་ཨརྒྱའམ་ཨརྗྱ་ཞེས་བྲིས་ཡོད། དེ་མིན་ས་པཎ་ཀུན་དགའ་རྒྱལ་མཚན་(1182-1251) གྱིས་ཀྱང་“འཕགས་པ་ཨཱརྱ། ཨརྒྱར་བཀླགས་པ།” ⑫ ཞེས་གསུངས་ཡོད། འདིར་“རྱ་”དང་“རྒྱ་”ཡི་སྒྲ་དང་འབྲེལ་ནས་རྒྱ་གར་ཞེས་པའི་“རྒྱ་”ཡི་སྒྲ་དང་དོན་ལ་ཚོད་བགམ་ཙམ་བྱས་ན། སྔོན་གྱི་ཡིག་རྙིང་ཁག་ཏུ་ཨརྱ་ལ་ཨརྒྱ་ཞེས་སྒྲ་སྒྱུར་བྱས་པ་མང་པོ་ཡོད་པར་མ་ཟད། རྒྱ་གར་ལ་བོད་ཀྱིས་འཕགས་པའི་ཡུལ་ཞེས་འབོད་པ་ལ་གཙོ་ཆེར་ཨརྱ་(雅利安)མི་རིགས་ཀྱིས་དབང་བསྒྱུར་བྱས་ཡོད་པས། གཅིག་བྱས་ན་རྒྱ་གར་གྱི་“རྒྱ་”འདི་ཐོག་མའི་དུས་སུ་ཨརྱ་ཞེས་པ་ནས་སྒྲ་འགྱུར་ཡོང་བ་ཡིན་ཀྱང་སྲིད་དོ། །དེ་མིན་རྒྱ་གར་གྱི་རྒྱ་དང་རྒྱ་ནག་གི་རྒྱ་གཉིས་ཀྱི་ཡོང་ཁུངས་གཅིག་མིན་པར་སེམས། རྒྱ་གར་གྱི་རྒྱ་ཞེས་པ་ནི་གོང་ནས་གླེངས་ཟིན་ལ། རྒྱ་ནག་གི་“རྒྱ་” ནི་སྔོན་སཾ་སྐྲྀ་ཏའི་ནང་“cina”ཞེས་འབོད་པ་ལ་ཕྱིས་སུ་“支那”དང་“China”སོགས་ཀྱི་སྒྲ་རུ་འགྱུར་བ་བཞིན་དུ། བོད་སྐད་དུ་ཡང་“རྒྱ་”ཞེས་པ་སྒྲ་སྒྱུར་ཡིན་པར་མ་ཟད། “ནག་”ཅེས་པ་ཡང་ཆེས་ཐོག་མའི་དུས་སུ་སྒྲ་སྒྱུར་ཙམ་ཡིན་པ་ལ།ཕྱིས་སུ་ཏ་ཟིག་ནི་སྟག་གཟིག་ཏུ་འགྱུར་བ་ཇི་བཞིན་དུ། རྒྱ་ནག་པོའི་ཡུལ་ཞེས་གོས་ཀྱི་ཁ་དོག་གི་ཆ་ནས་མིང་ཐོགས་ཞེས་དོན་འགྲེལ་རྒྱུ་ཡོད་པ་ཞིག་ཏུ་གྲགས་པ་མིན་ནམ་སྙམ་ཡང་། རྒྱ་ནག་གི་མིང་ཐོགས་ཚུལ་གྱི་སྐོར་འདི་ནི་ཐོག་མའི་ཚོད་དཔག་ཙམ་མོ། །
གསུམ། ག་ཛ་ཌ་ད་བ་ཡི་སྒྲ་གདངས།
སྔགས་བཀླག་ཐབས་ཁག་ལས་སྡེ་པའི་གསུམ་པ་ག་ཛ་ཌ་ད་བ་ཡི་ཀློག་ཚུལ་ནི། “མིང་ཐོག་སྡེ་པའི་གསུམ་པ་རྣམས། །འ་ཡིས་འཕུལ་བ་ལྟ་བུར་ཀློག །དབུས་མཐར་ཡོད་པ་བོད་དང་མཚུངས། །” ⑬ཞེས་ཡོངས་སུ་གྲགས་པ་ཞིག་ཡིན་མོད། གནའ་དུས་ཀྱི་བོད་ཀྱི་སྐད་དུ་སྡེ་པའི་གསུམ་པ་སྒྲ་ལྡན་སྲོག་ཆུང་ཡིན་ལ། ལེགས་སྦྱར་གྱི་སྡེ་པའི་གསུམ་པ་ཡང་སྒྲ་ལྡན་སྲོག་ཆུང་ཡིན་བཞིན་དུ་དམིགས་བསལ་གྱིས་སྟོན་དགོས་པའི་རྒྱུ་མཚན་དང་། སྔགས་བཀླག་ཐབས་ལས་མིང་ཐོག་སྡེ་པའི་གསུམ་པ་རྣམས་ལ་འ་ཡིས་འཕུལ་བ་ལྟ་བུར་ཀློག་དགོས་པའི་རྒྱུ་མཚན། “དབུས་མཐར་ཡོད་པ་བོད་དང་མཚུངས་”ཞེས་པའི་སྒྲ་གདངས་དངོས་ཅི་ཡིན་པ། དེ་མིན་སྐབས་འདིར་“མིང་གི་ཐོག་མ་” དང་། “མིང་གི་དབུས་དང་མཐའ་”ཞེས་པའི་སྐབས་ཀྱི་མིང་ཞེས་པ་གང་འདྲ་ཞིག་ལ་གོ་དགོས་པ་སོགས་ལ་དཔྱད་བསྡུར་བྱས་ན།
སྐབས་འདིར་“མིང་གི་ཐོག་མ་དང་” “མིང་གི་དབུས་དང་མཐའ་”ཞེས་བརྗོད་པའི་སྐབས་ཀྱི་མིང་ཞེས་པ་གང་འདྲ་ཞིག་ལ་གོ་དགོས་ཤེ་ན། 《སྔགས་ཀྱི་ཡི་གེའི་ཀློག་ཚུལ་དངོས་བསྟན་པ་མདོར་བསྡུས་ཀྱི་འགྲེལ་བ་》རུ། “སྡེ་ཚན་ལྔའི་ནང་གི་སྡེ་ཚན་གསུམ་པ་ག་ཛ་ཌ་ད་བ་ལྔ་པོ་མིང་གཞི་སྟེ་ཡི་གེ་འབྲུ་གཉིས་གསུམ་སོགས་གང་དུ་དེ་ཡོད་པ་དོན་གཅིག་སྟོན་ནུས་པ་ལ་ཟེར་བས་དེའི་འབྲུ་ཐོག་མར་བྱུང་བའི་ཚེ་དཔེར་ན་ག་ཏི་ལ་འགའ་ཏི་ཞེས་འ་ཡི་འཕུལ་བ་བཞིན་དུ་ཀློག་དགོས་ཤིང་མངྒ་ལ་ལ་མང་ག་ལ་ཞེས་དབུས་དང་མཐར་བྱུང་ན་བོད་ཀྱི་ཡི་གེ་དང་མཚུངས་སོ། །” ⑭ཞེས་དང་། ཇོ་ནང་ཏཱ་ར་ནཱ་ཐས(1575-1634)། “མིང་གི་དབུས་མཐའི་གསུམ་པ་བོད་བཞིན་ཏེ། །འདི་ལ་ཉེར་སྒྱུར་རྐང་ཚུགས་མིང་དང་མཉམ། །འོན་ཀྱང་སྐད་དོད་མི་ཤེས་འདི་མི་གོ། །” ⑮ཞེས་པ་ལྟར། གཙོ་བོ་དོན་གཅིག་སྟོན་ཐུབ་པའི་མིང་ཡིན་པ་ལ། དབུས་དང་མཐའ་ཞེས་པ་ཡང་མིང་སྒེར་བ་དེ་ཉིད་ཀྱི་ཚེག་བར་གཉིས་པ་དང་གསུམ་པ་སོགས་ལ་གོ་བ་ལས། ཚིག་གཅིག་གི་ནང་དུ་བཞུགས་པའི་སྐབས་ཀྱི་དབུས་དང་མཐའ་སོགས་ལ་གོ་བ་མིན།
ཐོག་མའི་དུས་སུ་ལེགས་སྦྱར་གྱི་ག་ཛ་ཌ་ད་བ་དང་བོད་ཡིག་གི་ག་ཇ་ད་བ་གང་ཡིན་ཀྱང་སྒྲ་ལྡན་གྱི་སྒྲ་ཡིན་པ་ཆ་འདྲ་བ་ལ། ཅིའི་ཕྱིར་བོད་ཀྱི་སྔགས་བཀླག་ཐབས་ཁག་ཏུ་འ་ཡིས་འཕུལ་བ་ལྟར་ཀློག་དགོས་ཤེ་ན། སྐབས་དེར་བོད་ཀྱི་སྒྲ་ལྡན་ཡི་གེ་འདི་དག་སྒྲ་མེད་དུ་གྱུར་ཡོད་པའམ་འགྱུར་བཞིན་པའི་སྒང་ཡིན་པས། འ་ཡིས་འཕུལ་བ་ལྟར་བཀླག་ན་བོད་ཡིག་གི་ནང་དུ་ཐོག་མའི་དུས་སུ་སྒྲ་ལྡན་ཡིན་པ་ལ་ཕྱིས་སྒྲ་མེད་དུ་གྱུར་ཟིན་པའི་ཡི་གེ་དེ་དག་གི་སྒྲ་ལྡན་གྱི་ངོ་བོ་སྲུང་འཛིན་བྱེད་ཐུབ།
ཏུན་ཧོང་ཡིག་ཆའི་ཁྲོད་ཀྱི་སྔགས་ཡིག་ཐོར་བུ་དེ་དག་དང་། 《སྒྲ་སྦྱོར་བམ་གཉིས་》སོགས་ལས་མཐོང་ཐུབ་པ་ཞིག་ལ། སྔོན་མ་སྔགས་ཡིག་སྒྲ་སྒྱུར་བྱེད་དུས་ག་དང་གྷ ད་དང་དྷ། བ་དང་བྷ་གཉིས་ཕན་ཚུན་བརྗེ་རེས་བྱས་པ་མང་། སྐབས་དེར་གསལ་བྱེད་དེ་དག་ནི་སྲོག་ཆེ་ཆུང་གི་ཁྱད་པར་ཙམ་མ་གཏོགས་གཉིས་ཀ་སྒྲ་ལྡན་གྱི་སྒྲ་ཡིན་པས་སྒྲ་ཧ་ཅང་ཉེ་བ་ཡིན། འོན་ཀྱང་ཕྱིས་སུ་སྡེ་པ་དང་པོའི་ག་ཡིག་ལ་འགའ་ལྟར་བྲིས་པ་མཐོང་རྒྱུ་ཡོད་ལ། རིམ་གྱིས་ད་དང་བ་ཡིག་ཀྱང་འདའ་དང་འབའ་ལྟར་བྲིས་ཡོད།
སྔགས་བཀླག་ཐབས་རེ་འགར་ག་ཛ་ད་བ་ནི་རྒྱ་གར་བས་འ་ཡིས་འཕུལ་བ་ལྟ་བུར་ཀློག ཁ་ཆེ་བས་དག་གཛ་གད་སོགས་བརྗོད་ཅེས་པ་ལྟ་བུ་མཐོང་རྒྱུ་འདུག་པས་རྒྱ་གར་བའི་སྡེ་པའི་གསུམ་པ་མ་གཞི་ནས་འ་ཡིས་འཕུལ་བའི་སྒྲ་ཡིན་ནམ་ཞེ་ན། དེ་ནི་མིན་ཏེ། འ་ཡིས་འཕུལ་བ་ནི་བོད་ཡིག་ནང་ལེགས་སྦྱར་གྱི་སྡེ་པའི་གསུམ་པ་མིང་གི་ཐོག་མ་ན་ཡོད་པའི་སྐབས་སུ་སྒྲ་ལྡན་གྱི་སྒྲ་ཐོན་ཆེད་བྱས་པ་ཡིན། འདི་ལ་ཨ་མདོའི་འབྲོག་སྐད་རྙིང་མའི་སྒྲ་གདངས་འགྱུར་ལུགས་ལས་དོན་གྱི་དགོངས་པ་གསལ་པོ་ཞིག་རྙེད་ཐུབ་སྟེ། ཁོ་ཚོས་གསལ་བྱེད་སུམ་ཅུ་ཀློག་སྐབས་སུ་ཀ་ཁ་འགའ་[ɦɡa]ང་། ཅ་ཆ་འཇའ་[ɦȡa]ཉ། ཏ་ཐ་འདའ་[ɦda]ན། པ་ཕ་བ་⑯མ། ཙ་ཚ་འཛའ་[ɦdza]ཝ་ཞེས་ཀློག་པར་མ་ཟད། དེང་དུས་སྒྲ་མེད་དུ་གྱུར་མེད་པའི་ཛ་རྐྱང་པ་ཀློག་པའི་སྐབས་སུ་ཡང་འས་འཕུལ་བ་ལྟ་བུར་ཀློག ཅོ་ནེ་གྲགས་པ་བཤད་སྒྲུབ་(1675-1748)ཀྱིས། “ལོ་ཙྪ་བ་ཁ་ཅིག་ཌ་ལ་འཕུལ་ཡིག་ཡོད་མེད་ལྟ་བུའི་ཁྱད་པར་མེད་ཅེས་གསུངས་ལ། ཁྱད་པར་འབྱེད་པའི་ལུགས་ཀྱང་སྣང་ངོ་། །རིགས་པ་འདིས་བོད་ཀྱི་གསལ་བྱེད་སུམ་ཅུའི་ནང་ཚན་གྱི་ཛ་ལ་འཛའ་ཞེས་ཟེར་བ་ནི་མི་འཐད་པར་རྟོགས་སོ། །” ⑰ཞེས་པ་ལྟར། བོད་ཡིག་གི་ཛ་ཡིག་སྒྲ་མེད་དུ་གྱུར་མེད་པས་འ་ཡིས་འཕུལ་ཡོད་པ་ལྟར་འཛའ་ཞེས་ཀློག་པའི་དགོས་པ་ཆུང་བ་འདི་ལས་ཀྱང་སྒྲ་མེད་དུ་གྱུར་ཡོད་པ་དག་ལ་སྔོན་འཇུག་འ་ཡིས་འཕུལ་བ་ལྟར་ཀློག་དགོས་དོན་ནི་སྒྲ་ལྡན་སྲུང་འཛིན་བྱེད་ཆེད་ཡིན་པ་ཧ་ཅང་གསལ་པོར་མངོན།
དེས་ན་“དབུས་དང་མཐར་གནས་ན་བོད་དང་མཚུངས་”ཞེས་པའི་སྐབས་ཀྱི་སྒྲ་གདངས་ནི་དེང་དུས་སྒྲ་མེད་ཀྱི་སྒྲ་རུ་གྱུར་ཡོད་པ་བཞིན་ཡིན་ནམ་ཡང་ན་གཞན་ཞིག་ལ་བྱ་བ་ཡིན་ཞེ་ན། གསེར་ཏོག་བློ་བཟང་ཚུལ་ཁྲིམས་(1845-1915)ཀྱིས། “མིང་གི་ཐོག་མར་ག་ཛ་ཌ་ད་བ་རྣམས་བྱུང་ན་འས་འཕུལ་ཡོད་པ་བཞིན་དུ་བཀླག་པར་བྱ་བ་ཡིན་ཏེ། དབུས་དང་མཐར་ཏེ་མིང་གི་རྗེས་སུ་བྱུང་ན་རྗོད་པའི་ཁྱད་པར་ལས་འས་འཕུལ་འདྲ་བ་དེ་ཡི་གེ་སྔ་མའི་ཤུགས་ཀྱིས་ཡལ་ནས་བོད་ཀྱི་སྐད་དང་མཚུངས་པར་འགྱུར།” ⑱ཞེས་མིང་སྔ་མའི་ཤུགས་ཀྱིས་སྒྲ་ལྡན་གྱི་འས་འཕུལ་ལྟར་གྱི་སྒྲ་ཉམས་ནས། འས་འཕུལ་མེད་པས་སྒྲ་ལྡན་དུ་ཀློག་དགོས་ཚུལ་གྱི་ལྟ་བ་འདི་དང་། དེང་དུས་ཀྱི་ཡུལ་སྐད་བྱེ་བྲག་པའི་སྒྲ་གདངས་འགྱུར་བའི་ཆོས་ཉིད་དང་འབྲེལ་ནས་དཔྱད་ན། རྨ་ཆུའི་འབྲོག་སྐད་ཀྱི་ནང་དུ་མིང་གི་སྐབས་སུ་ག་ཛ་ད་བ་ཚེག་བར་དང་པོ་ན་ཡོད་ཚེ་སྒྲ་མེད་[ka] [tɕa][ta]ཡི་སྒྲ་གདངས་ཐོན་གྱིན་ཡོད་ལ། ཚེག་བར་གཉིས་པ་ན་ཡོད་པའི་སྐབས་སུ་སྒྲ་ལྡན་འས་འཕུལ་མེད་པ་ཞིག་ཐོན་གྱིན་ཡོད། དཔེར་ན། ཚེག་བར་དང་པོ་ན་ཡོད་པའི་སྐབས་སུ་གོམ་པ། [kombæ] གོན་རྒྱུ། [kon dʑə]དེ་རིང་།[te raŋ] དུད་ཁུང་། [tət khoŋ]ལྟ་བུ་སྒྲ་མེད་སྲོག་ཆུང་གི་སྒྲ་གདངས་ཡིན་ན་ཡང་། ཚེག་བར་གཉིས་པ་ན་ཡོད་པའི་སྐབས་སུ་འས་འཕུལ་མེད་ཀྱང་སྒྲ་ལྡན་གྱི་སྒྲ་རང་ཤུགས་ཀྱིས་ཐོན་གྱིན་ཡོད་དེ། དཔེར་ན། ཉལ་གོས། [ȵa ɣu] གནམ་གང་། [ɣnam ɣaŋ] རི་དྭགས། [rə dak] ལྟ་བུ་ཡིན།
《ལེགས་སྦྱར་གྱི་བརྗོད་པ་གསལ་བའི་མེ་ལོང་》དུ།“ག་ཛ་རྣམས་བོད་སྐད་ལྟར་བརྗོད་པ་ཡང་དེང་སང་རྒྱ་རོང་བ་ཕལ་ཆེར་གྱི་བརྗོད་པ་ལྟར་ཡིན་གྱི་འབྲོག་པ་དག་གི་ག་ནི་ཀ་དང་། ད་ནི་ཏ་དང་། ཛ་ནི་འས་འཕུལ་ལྟར་བརྗོད་པ་དེ་ནི་གཏན་མ་ཡིན་ནོ། །” ⑲ཞེས་པ་ལྟར། མདོར་ན། སྔགས་བཀླག་ཐབས་ཁག་ལས་བསྟན་པའི་“མིང་གི་ཐོག་མར་”འས་འཕུལ་ལྟར་ཀློག་པ་ནི་སྒྲ་ལྡན་གྱི་ངོ་བོ་ཐོན་ཆེད་ཡིན་ལ།“དབུས་དང་མཐར་ཡོད་པ་བོད་དང་མཚུངས་”ཞེས་པ་ནི་དེང་དུས་ཨ་མདོའི་ཡུལ་སྐད་མང་པོར་སྒྲ་མེད་སྲོག་ཆུང་དུ་ཀློག་པའི་རྣམ་པ་དེ་ལྟ་བུ་མིན་པར། མིང་གི་སྐབས་སུ་ཚེག་བར་གཉིས་པ་ན་ཡོད་ཚེ་རང་ཤུགས་ཀྱིས་སྒྲ་ལྡན་འས་འཕུལ་མེད་པ་ཞིག་ཐོན་པ་དེ་བཞིན་ཡིན།
བཞི། ཙ་ཚ་ཛ་གསུམ་གྱི་སྐྱེ་གནས་དང་སྒྲ་གདངས།
དེང་དུས་མི་རེ་འགས་བོད་ཀྱི་སྔགས་ཡིག་དག་དང་མ་དག་གླེང་བའི་སྐབས་སུ། ལེགས་སྦྱར་གྱི་གསལ་བྱེད་ཙ་(ca)ཚ་(cha) ཛ་(ja)ལ་བོད་ཡིག་གི་ནང་དུ་ཅ་ཆ་ཇ་ཞེས་རྐན་གྱི་སྒྲ་ཡོད་བཞིན་དུ་ཙ་ཚ་ཛ་ཞེས་ལྕེ་རྩེའི་སྒྲ་ལྟར་ཀློག་བཞིན་པས། བོད་ཀྱི་སྔགས་ཡིག་དག་པོ་མི་འདུག་ཟེར་བ་ལ། དེ་བས་འདིར་སྔགས་བཀླག་ཐབས་དང་འབྲེལ་ནས་སྔགས་ཡིག་ཁྲོད་ཀྱི་ཙ་ཚ་ཛ་གསུམ་དང་། བོད་ཡིག་གི་ཙ་ཚ་ཛ་དང་ཅ་ཆ་ཇའི་འབྲེལ་བའི་སྐོར་ནས་དཔྱད་ན། གཅིག་ནས་སྔགས་ཡིག་ཁྲོད་ཀྱི་ཙ་ཚ་ཛ་གསུམ་དང་བོད་ཡིག་གི་ཙ་ཚ་ཛ་གསུམ་གྱི་གཟུགས་འདྲ་ན་ཡང་བརྗོད་པའི་སྒྲ་གདངས་མི་འདྲ་བ་དང་། གཉིས་ནས་བོད་ཀྱི་ཙ་ཚ་ཛ་གསུམ་ནི་སྔོན་ལ་ཡོད་པ་དང་ཅ་ཆ་ཇ་གསུམ་ནི་རྗེས་ནས་བྱུང་བ་ཞིག་ཡིན་པར་འདོད།
ལེགས་སྦྱར་གྱི་ཙ་ཚ་ཛ་གསུམ་གྱི་སྒྲ་གདངས་ལ་དེང་དུས་རྒྱ་གར་བས་ཅ་ཆ་ཇ་ཞེས་ཀློག་བཞིན་ཡོད་ལ། མི་རིགས་གཞན་གྱིས་ལེགས་སྦྱར་ཀློག་སྐབས་སུ་ཡང་ཅ་ཆ་ཇ་ཡི་སྒྲ་གདངས་ལྟར་ཀློག་པ་མང་། དེ་མིན་བོད་སྐད་སྨྲ་བ་དག་གི་ཁྲོད་དུ་དཔེར་ན་དོལ་པོ་པ་ཤེས་རབ་རྒྱལ་མཚན་(1292-1361)གྱི་《སྔགས་ཀླག་ཐབས་》ནང་། “བོད་སྐད་རྒྱ་སྐད་ཁྱད་མེད་ཀྱི། །ཡི་གེ་བཅུ་དགུ་གང་ཞེ་ན། །ཀ་ཁ་ང་ཅ་ཆ་ཉ་དང་། །ཏ་ཐ་ན་པ་ཕ་མ་དང་། །ཡ་ར་་་་་་བརྗོད་པ་མི་འདྲ་བཞི་གང་ཞེ་ན། །ག་ཇ་ད་བ་རྣམས་ཡིན་ནོ། །” ⑳ཞེས་ཅ་ཆ་ཇ་ལྟར་བྲིས་ཡོད་ལ། 《དེབ་ཐེར་སྔོན་པོ་》ལས།“ཙ་ཚ་ཛ་རྣམས་རྒྱ་གར་ཤར་ཕྱོགས་པ་འགའ་ཞིག་གིས་ཅ་ཆ་ཇ་ཞེས་ཟེར་ཏེ། དེ་གསུམ་བཀོད། རྒྱ་གར་ལ་མེད་ཀྱང་བོད་ལ་ཞ་དང་ཟ་དང་འ་རྣམས་དགོས་པར་དགོངས་ཏེ་བཙུད།” (21) ཅེས་རྒྱ་གར་ཤར་ཕྱོགས་པས་ཅ་ཆ་ཇ་རུ་ཀློག་པའི་ཚུལ་གསུངས་ཡོད། དེ་མིན་སྔགས་བཀླག་ཐབས་མང་ཆེ་བར་ཛྙ་ཡིག་འགྱའ་རུ་ཀློག་པ་ནི་བརྩེགས་མའི་གོང་མ་“ཛ་”སྒྲ་གཙོ་ཆེར་ཐོན་པ་ཡིན་ཞིང་འགྱའ་ནི་ཇ་ཡི་སྒྲ་དང་འདྲ་བ་ཡིན། བཏུང་བྱའི་ཇ་དང་གོན་བྱའི་འཇུར་རྟ་སོགས་རྒྱ་བོད་གཉིས་ཀྱིས་ཇ་ཡི་སྒྲ་ཐོན་པ་ཡིན། འོ་ན་བོད་ལ་རྐན་གྱི་སྒྲ་ཅ་ཆ་ཇ་གསུམ་ཡོད་བཞིན་དུ་ཙ་ཚ་ཛ་གསུམ་ལྟར་འབྲི་དགོས་དོན་དང་། དོན་དངོས་སུ་བོད་ཀྱི་སྔགས་ཡིག་ཀློག་སྟངས་ལ་སྐྱོན་ཡོད་པ་རེད་དམ། ཡང་ན་རྒྱུ་རྐྱེན་གཞན་ཞིག་དང་འབྲེལ་བ་ཡོད་པ་ཡིན་ཞེ་ན། ས་སྐྱ་བསོད་ནམས་རྩེ་མོས་(1142-1182)བོད་ཀྱི་ཡི་གེའི་སྐྱེ་གནས་སྟོན་པའི་སྐབས་སུ། “ཡ་ཞ་ཅ་ཆ་ཇ་ཉ་ཤ། །བདུན་པོ་ལྕེ་དཀྱིལ་རྐན་དབུས་ལས་་་་་་། །ཙ་ཚ་ཛ་ཟ་ས་ལྔ་པོ། །ལྕེ་རྩེ་སོ་ལས་འབྱུང་བའོ། །” (22)ཞེས་བོད་ཀྱི་ཡི་གེ་ཅ་ཆ་ཇ་ནི་ལྕེ་དཀྱིལ་རྐན་དབུས་དང་། ཙ་ཚ་ཛ་གསུམ་ལྕེ་རྩེ་སོ་ལས་བྱུང་བ་དང་། “ཡི་གེའི་མདོ་ཞེས་བྱ་བ་ལས། །འདི་དང་འབྱུང་གནས་མི་འདྲ་ཡོད། །དེ་ནོར་འདི་བདེན་གང་ཡིན་པ། །རང་གི་ཁ་ལྕེ་ཡིད་ལ་དྲིས། །” (23)ཞེས་《ཡི་གེའི་མདོ་》རུ་བསྟན་པའི་ཙ་ཚ་ཛའི་སྐྱེ་གནས་དང་བོད་ཀྱི་ཙ་ཚ་ཛ་གསུམ་གྱི་སྐྱེ་གནས་མི་འདྲ་བ་བསྟན་ཡོད། དེ་མིན་པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས། “ཙ་ལ་སོགས་པ་དང་། ཤ་དང་ས་ནི་རྒྱ་གར་བས་འདོན་པ་དང་ཁྱད་པར་ཤིན་ཏུ་ཆེ་བས། སྐྱེ་གནས་ཀྱང་མི་འདྲའོ། །” (24)ཞེས་གསུངས་པ་ལྟར། ལེགས་སྦྱར་གྱི་ཙ་ཚ་ཛ་གསུམ་ནི་སྐྱེ་གནས་རྐན་དང་བོད་ཀྱི་ཙ་ཚ་ཛ་གསུམ་གྱི་སྐྱེ་གནས་ལྕེ་རྩེ་ཡིན། དེ་མིན་ལེགས་སྦྱར་དང་བོད་ཡིག་གི་གསལ་བྱེད་ཀྱི་སྡེ་པའི་གོ་རིམ་ལ་གཞིགས་ན།ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས། “དེ་ཡང་ཨ་ཨཱ་ནས། ཨཾ་ཨཿའི་བར་དང་། ཀ་ཁ་ནས། བྷ་མའི་བར་མགྲིན་པ་ནས་མཆུའི་བར་དུ་སྟེང་འོག་འགྲིམ་པའི་ཚུལ་གྱི་བྱུང་སྟེ། དེ་ནས་སླར་ཡང་རང་དུ་ཕྱོགས་པའི་ཚུལ་གྱིས་རྐན་གྱི་ཕུགས་སུ་འགྲོ་བ་ལྟ་བུ་ཞིག་ཡོད།” (25) ཅེས་གསུངས་པ་བཞིན། ཀུ་ཙུ་ཊུ་ཏུ་པུ་ཞེས་མགྲིན་པ་ནས་མཆུ་ཡི་བར་སྐྱེ་གནས་ཀྱི་གོ་རིམ་བཞིན་བསྒྲིགས་ཡོད་ལ། བོད་ཡིག་གི་གསལ་བྱེད་ཡང་ཀ་ཅ་ཏ་པ་ཞེས་སྐྱེ་གནས་ཀྱི་གོ་རིམ་བཞིན་བསྒྲིགས་ཡོད། དེ་བས་སྔགས་ཡིག་ཁྲོད་ཀྱི་ཙ་ཚ་ཛ་གསུམ་ནི་བོད་ཡིག་གི་ནང་དུ་ཙ་ཚ་ཛ་ལྟར་བྲིས་ཡོད་ནའང་། སྐྱེ་གནས་དང་སྒྲ་གདངས་ནི་ཅ་ཆ་ཇ་དང་ཉེའོ། །
འོ་ན་ལེགས་སྦྱར་གྱི་ཙ་ཚ་ཛ་གསུམ་བོད་ཀྱི་ཡི་གེ་ཅ་ཆ་ཇ་གསུམ་དང་སྒྲ་ཡི་སྐྱེ་གནས། རྐྱེན་གྱི་བྱེད་རྩོལ། བརྗོད་པའི་གདངས་སོགས་གང་ཆ་ནས་ཉེ་བ་ལ། ཅིའི་ཕྱིར་ཅ་ཆ་ཇ་ལྟར་མ་བྲིས་པར་ཙ་ཚ་ཛ་གསུམ་ལྟར་སྒྲ་སྒྱུར་བྱས་པ་ཡིན་ཞེ་ན། སྔགས་བཀླག་ཐབས་ཀྱི་བསྟན་བཅོས་ཁག་ལ་བརྟགས་ཚེ། གསལ་བྱེད་ཀྱི་ཡི་གེ་ཅ་ཆ་ཇ་དང་ཙ་ཚ་ཛ་གསུམ་ལ་བྱུང་སྔ་ཕྱིའི་ཁྱད་པར་ཡོད་སྙམ་པའི་བློ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ཡོང་། དེ་མིན་བོད་ཡིག་དང་སཾ་སྐྲྀ་ཏའི་ཡི་གེ་གཉིས་དུས་སྔ་མོ་ཞིག་ནས་ཕན་ཚུན་བར་འབྲེལ་བ་ཡོད་ལ། ཆེས་ཐོག་མའི་སྒྲ་སྒྱུར་གྱི་དུས་སྐབས་སུ་བོད་ལ་རྐན་གྱི་སྒྲ་གདངས་ཡོད་མེད་མི་གསལ་མོད། རྐན་གྱི་གསལ་བྱེད་རྐྱང་པ་བྱུང་མེད་པ་འདྲ། ཡེ་ཤེས་འོད་གསལ་ཨ་ཚོགས་ཀྱིས་གནའ་བོའི་དུས་སྐབས་ཀྱི་བོད་ཡིག་ལ་ལྕེ་ངོས་ཀྱི་གསལ་བྱེད་བྱུང་མེད་ལ། གསལ་བྱེད་ཅ་ཆ་ཇ་ནི་ཏྱ་ཐྱ་དྱ་འཕེལ་བ་ལས་བྱུང་བ་ཡིན་ཞེས་གསུངས་ཡོད། གང་ལྟར་ཐོག་མའི་སྒྲ་སྒྱུར་དུས་སྐབས་སུ། རྐན་གྱི་གསལ་བྱེད་མེད་པ་ལ་ལེགས་སྦྱར་གྱི་རྐན་སྒྲ་དག་སྒྲ་སྒྱུར་བྱེད་སྐབས་ཏྱ་ཐྱ་དྱ་སོགས་བྲིས་ན་བརྩེགས་མའི་སྐབས་ཀྱི་ཡ་འདོགས་དང་འཁྲུལ་ཉེན་ཡོད་པས། སྒྲ་ཉེ་བའི་གསལ་བྱེད་རྐྱང་པ་ཙ་ཚ་ཛ་གསུམ་བྲིས་པ་ཡིན་སྲིད། འདི་དག་བློའི་དཔོག་ཚོད་ཙམ་ཡིན་མོད། གལ་ཏེ་འདི་ལ་དོན་གྱི་གནས་ལུགས་ལྡན་ཚེ་ཆོས་འབྱུང་ཁག་ཏུ་བཀོད་པའི་ཐོན་མིས་བོད་ཡིག་གསར་བཟོ་བྱས་པའི་སྒྲུང་དེ་རུ་ཅ་ཆ་ཇ་གསུམ་ཕྱིས་སུ་བསྣན་ཟེར་བར་དོན་གྱི་གནས་ལུགས་ངེས་ཅན་ཞིག་ཡོད་དོ། །
མཇུག་བསྡུ་བ།
དེང་རབས་སྐད་བརྡ་རིག་པ་དང་འབྲེལ་ནས་སྔགས་བཀླག་ཐབས་ཁག་གི་སྒྲ་གདངས་ལ་ཞིབ་འཇུག་བྱས་ཚེ། སྔགས་ཀྱི་སྒྲ་གདངས་འཕེལ་འགྱུར་གྱི་རྣམ་པ་ཤེས་རྟོགས་ཐུབ་པར་མ་ཟད་བོད་སྐད་ཀྱི་སྒྲ་གདངས་འཕེལ་འགྱུར་གྱི་རྣམ་པ་མང་པོ་ཞིག་ཀྱང་ཞོར་དུ་གསལ་སྟོན་བྱས་ཡོད། དཔེར་ན། བོད་སྐད་ཀྱི་ནང་དུ་ཐོག་མར་ག་ཡིག་སྒྲ་ལྡན་ནས་སྒྲ་མེད་དུ་གྱུར་ཡོད་ལ། དེ་རྗེས་རིམ་བཞིན་ད་བ་དང་། ཛ་ཡིག་སྒྲ་མེད་དུ་གྱུར་བ་ཤེས་ཐུབ། དེ་མིན་དུས་རབས་བཅུ་གཉིས་པ་དང་བཅུ་གསུམ་པའི་སྐབས་ཀྱི་སྔགས་བཀླག་ཐབས་ཁག་ལས་བསྟན་པའི་སྡེ་པའི་གསུམ་པ་དག་གི་ཀློག་ཚུལ་དང་། དེང་དུས་ཀྱི་ཡུལ་སྐད་རྙིང་པ་འགའ་ཤས་ཀྱི་སྒྲ་གདངས་ཀྱི་རྣམ་པ་ཆ་མཐུན་པ་འདི་ལས། སྐབས་དེར་བོད་ཡུལ་དབུས་ཀྱི་སྒྲ་གདངས་ཀྱང་དེང་དུས་ཀྱི་འབྲོག་སྐད་རྙིང་པའི་རྣམ་པ་འདི་དང་འདྲ་བའི་འགྱུར་ལྡོག་གི་གོ་རིམ་ཞིག་བརྒྱུད་ཡོད་པ་ཤེས་ཐུབ་བོ། །
དཔྱད་གཞིའི་ཡིག་ཆ།
①དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། 《བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་ཐེངས་གསུམ་པ》 [M] (པོད་ཉེར་བརྒྱད་པ) ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་502
②བཅོམ་ལྡན་རིག་པའི་རལ་གྲི། 《 བཅོམ་ལྡན་རིག་པའི་རལ་གྲིའི་གསུང་འབུམ》 [M] (པོད་བརྒྱད་པ) ལྷ་ས། ཁམས་སྤྲུལ་བསོད་ནམས་དོན་གྲུབ་ཀྱིས་པར་དུ་བསྐྲུན། 2006ལོ། ཤོག་ངོས་74
③ཡི་གེ་འདི་དག་ཀྲོའུ་ཅི་ཝུན་(周季文)དང་ཞེ་ཧོའུ་ཧྥང་(谢后芳)གཉིས་ཀྱིས་བརྩམས་པའི་《敦煌吐蕃汉藏对音字汇》ཞེས་པ་ལས་བདམས་པ་ཡིན།
④དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་། 《ཆོས་ཀྱི་འབྱུང་གནས་ཀྱི་གསུང་འབུམ》 [M] (ཏ) 1990ལོ། ཤིང་དཔར། ཤོག་ངོས་133
⑤ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་བཅས་ཀྱིས་བསྒྲིགས། 《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས》 [M] (དེབ་བརྒྱད་པ) ཧྲང་ཧེ་དུས་རབས་པར་སྐྲུན་མ་རྐང་ཚད་ཡོད་ཀུང་སི། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2006-2010ལོ། ཤོག་ངོས་366
⑥རྒྱ་ཡིག་ནི་སྤྱིར་བཏང་ཀ་ནི་迦、羯、俱ཡི་སྒྲ་རུ་བསྒྱུར་འདུག་ལ། ཥ་ནི་色、瑟、沙、虱སོགས་ཀྱི་སྒྲ་རུ་བསྒྱུར་འདུག
⑦⑨དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་། 《ཆོས་ཀྱི་འབྱུང་གནས་ཀྱི་གསུང་འབུམ 》 [M] (ཏ) 1990ལོ། ཤིང་དཔར། ཤོག་ངོས་134; 134
⑧དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》 [M] (སྟོད་ཆ) པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་416
⑩⑪ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་བཅས་ཀྱིས་བསྒྲིགས། 《ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས》 [M] (དེབ་ལྔ་པ) ཧྲང་ཧེ་དུས་རབས་པར་སྐྲུན་མ་རྐང་ཚད་ཡོད་ཀུང་སི། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2006-2010ལོ། ཤོག་ངོས་299; 613
⑫དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། 《ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ་》དཔེ་བསྡུར་མ། [M] (པོད་བཞི་པ) པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ། ཤོག་ངོས་191
⑬ས་པཎ་ཀུན་དགའ་རྒྱལ་མཚན་སོགས་ཀྱིས་བརྩམས། 《སུམ་རྟགས་དང་དག་ཡིག》 [M] (པོད་གཉིས་པ) པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་244
⑭དྷརྨ་བྷ་དྲ། 《དྷརྨ་བྷ་དྲའི་གསུང་འབུམ》 [M] (པོད་ལྔ་པ) དངུལ་ཆུ་བླ་བྲང་། 2000ལོ། ཤིང་དཔར། ཤོག་ངོས་454
⑮དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། 《ཏཱ་ར་ནཱ་ཐའི་གསུང་འབུམ》 [M] དཔེ་བསྡུར་མ། (པོད་སོ་དྲུག་པ) པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོ། ཤོག་ངོས་643
⑯དུས་སྐབས་སྔ་མོ་ཞིག་ནས་བ་ཡིག་[ɦba]ཅེས་མི་ཀློག་པར་བ་[wa]ཡི་སྒྲ་ལྟར་ཀློག
⑰དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། 《ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ》 [M] (པོད་ལྔ་པ) པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་92
⑱གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། 《བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་གསུང་འབུམ》 [M] (པོད་དྲུག་པ) སྐུ་འབུམ། ཤིང་དཔར། 2015ལོ། ཤོག་ངོས་518
⑲ཐུབ་བསྟན་དགེ་ལེགས་རྒྱ་མཚོ། 《ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་གསུང་འབུམ》 [M] (པོད་ཉེར་གཉིས་པ) འཛམ་ཐང་། ཤོག་ངོས་68
⑳དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། 《དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ》 [M] (པོད་བཅུ་པ) པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས་355
(21)འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》 [M] (སྟོད་ཆ) ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984ལོ། ཤོག་ངོས་65
(22)(23)ས་པཎ་ཀུན་དགའ་རྒྱལ་མཚན་སོགས་ཀྱིས་བརྩམས། 《སུམ་རྟགས་དང་དག་ཡིག》 [M] (པོད་གཉིས་པ) པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་156; 156
(24)པྲ་ཏི་རིན་ཆེན་དོན་གྲུབ། 《ཡི་གེའི་ཚུལ་ཉུང་ངུར་བརྗོད་པ་རྨད་བྱུང་དོན་གྱིས་བདུད་རྩིའི་ང་རོ》 [M] tbrc.org. W2CZ7901 ཤོག་ངོས་16
(25)དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། 《ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ》 [M] (པོད་ལྔ་པ) པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་90