དཀར་མཛེས་ཁུལ་གྱི་ཟ་ཁང་ཞིག་གིས་རྫབ་སྣུམ་སྤྱད་པས་མི10བཙོན་དུ་ཚུད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-18


      སི་ཁྲོན་དཀར་མཛེས་ཁུལ་བརྒྱད་ཟིལ་རྫོང་གི་རྒྱ་ཁོག་ཟ་ཁང་ཞིག་གིས་རྫབ་སྣུམ་བཙོངས་པས། འབྲེལ་ཡོད་འགན་འཁུར་བ་10ལ་ལོ་1ནས་6བར་གྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཅད་ཡོད།
    སྤྱི་ཟླ་2ཚེས་15ཉིན་བརྒྱད་ཟིལ་རྫོང་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་མི་དམངས་ཉེན་རྟོག་པས་གསར་འགོད་པར་བཤད་པ་ལྟར་ན། འདི་ནི་དཀར་མཛེས་ཁུལ་གྱི་རྫབ་སྣུམ་དང་འབྲེལ་བའི་ཉེས་དོན་གྱོད་གཞི་ཐོག་མ་དེ་ཡིན་པ་དང་གྱོད་འབྲེལ་དངུལ་འབོར་ཁྱོན་ས་ཡ་7ལྷག་ཙམ་ཟིན་ཡོད་པ་དང་། གྱོད་འབྲེལ་མི་སྣ་ཚང་མ་ཡུལ་གཞན་གྱི་མི་ཡིན་པ་རེད།  

    ཉེ་ཆར། གྱོད་གཞི་དེ་ཡོངས་བསྒྲགས་ངང་འདྲི་ཞིབ་བྱས་ཡོད་པ་དང་། བརྒྱད་ཟིལ་རྫོང་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ནང་ཀུའོ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་6་དང་ཟླ་བ་6གི་ཉེས་ཆད་བཅད་པ་མ་ཟད། དངུལ་ཆད་སྒོར་55000ཡང་བཅད་པ་དང་། ཀྲའོ་ཆེ་གེ་མོར་ལོ་6གི་དུས་བཀག་བཙོན་འཇུག་དང་།  སྒོར་50000ཡི་དངུལ་ཆད་བཅད་ཡོད་ལ། དེ་གཞན་མི་7ལའང་དུས་བཀག་བཙོན་འཇུག་ལོ1ནས་ལོ་4བར་གྱི་ཉེས་ཆད་མི་འདྲ་བ་བཅད་པ་མ་ཟད།སྒོར་5000ནས་འབུམ་4བར་གྱི་དངུལ་ཆད་བཅད་ཡོད། དེ་དང་ཆབས་ཅིག་ཁྲིམས་ཁང་གིས་ད་དུང་ཞུ་སྦྱོར་ཕྱི་མ་བར་སྤྱི་ཕན་གཏུག་བཤེར་གྱི་ཆད་གཅོད་རང་བཞིན་གྱི་སྐྱིན་གསབ་དངུལ་ས་ཡ་4དང་འབུམ་5ཡི་དངུལ་ཆད་བཅད་པ་དང་འབྲེལ། ཡོངས་བསྒྲགས་ངང་དགོངས་དག་ཀྱང་ཞུས་ཡོད།
     གཞན་ཡང་། སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་གིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན།2022ལོ་ནས་བཟུང་སི་ཁྲོན་ཞིང་ཆེན་སྤྱི་བདེ་སྡེ་ཚན་གྱིས་ཟས་རིགས་གྱོད་གཞི་85མྱུལ་ཞིབ་བྱས་པའི་ནང་། ཞིང་ཆེན་དང་ཐིང་གིས་གྱོད་གཞི་4ལ་བྱང་བུ་བཀལ་ནས་བསྒྲུབ་རྒྱུར་ལྟ་སྐུལ་བྱས་པ་དང་། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར་1.72ལྷག་ཙམ་ཟིན་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1