སློབ་ཆུང་སྐད་ཡིག་བསླབ་དེབ་ལས་བྱུང་བའི་ལེགས་སྦྱར་ མིང་བརྡ་དག་གི་བརྡ་བཀྲོལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


[གནད་བཏུས] དཔྱད་རྩོམ་འདིའི་ནང་དུ་སློབ་ཆུང་བོད་སྐད་ཡིག་བསླབ་དེབ་དེབ་བཅུ་གཉིས་ལས་ཁྱོན་ལེགས་སྦྱར་ཐ་སྙད་སུམ་ཅུ་སོ་བཞི་བྱུང་བ་དེ་དག་གི་བཀླག་སྟངས་དང་དེའི་བརྡ་བཀྲོལ་གྱི་སྐོར་བྲིས་ཡོད།

     [གནད་ཚིག] སློབ་ཆུང་། ལེགས་སྦྱར་མིང་བརྡ། བརྡ་བཀྲོལ། བཀླག་སྟངས།


གླེང་གཞི།

སློབ་ཆུང་ལོ་རིམ་དང་པོ་ནས་དྲུག་པའི་བར་གྱི་བསླབ་དེབ་ལ་དེབ་བཅུ་གཉིས་ཡོད་ལ། དེ་དག་ལས་ལོ་རིམ་གསུམ་པ་ནས་དྲུག་པའི་བར་གྱི་བསླབ་དེབ་ཁྲོད་དུ་ལེགས་སྦྱར་གྱི་མིང་བརྡ་ཁྱོན་བསྡོམས་སུམ་ཅུ་སོ་བཞི་བྱུང་འདུག ལེགས་སྦྱར་མིང་བརྡ་དག་གི་བཀླག་སྟངས་ཡང་དག་ཅིག་དང་དེའི་དོན་འགྲེལ་གསལ་བོ་ཞིག་ཤེས་རྒྱུ་ནི་ཧ་ཅང་ནས་གལ་ཆེ་བས། རྩོམ་ཡིག་འདིར་སློབ་ཆུང་བོད་སྐད་ཡིག་བསླབ་དེབ་ལས་བྱུང་བའི་ལེགས་སྦྱར་མིང་བརྡ་དག་གི་ཀློག་སྟངས་དང་བརྡ་བཀྲོལ་ཐད་ནས་རང་བློས་དཔོག་ཚུལ་གྱིས་གསལ་འགྲེལ་ཙམ་བྱའོ། །

དང་པོ། ལེགས་སྦྱར་མིང་བརྡ་དག་གི་བརྡ་བཀྲོལ།

དེབ་གང་ལས་ལེགས་སྦྱར་མིང་བརྡ་གང་དག་བྱུང་བ་རེ་རེ་བཞིན་དྲངས་ན།

ལོ་རིམ་གསུམ་པའི་བསླབ་དེབ་སྟོད་སྨད་གཉིས་ལས་ནི། 1.མ་ཎི 2.པདྨ། 3.མཎྜལ། 4.ཨིནྡྲ་ནཱི་ལ།

ལོ་རིམ་བཞི་པའི་བསླབ་དེབ་སྟོད་སྨད་གཉིས་ལས་ནི། 1.ཤཱཀྱ། 2.སིང་ག་ལ། 3.ནྱ་གྲོ་ཏ།

ལོ་རིམ་ལྔ་པའི་བསླབ་དེབ་སྟོད་སྨད་གཉིས་ལས་ནི། 1.ན་མོ། 2.གུ་རུ། 3.བྷོ་ཊ། 4.ཛ་ཡ། 5.ལོ་ཀེ་ཤྭ་ར། 6.པཱ་ར་མི་ཏ། 7.པཎྜི་ཏ། 8.བཻ་རོ་ཙ་ན། 9.སམ་བྷོ་ཊ། 10.ལོ་ཙཱ་པ།

ལོ་རིམ་དྲུག་པའི་བསླབ་དེབ་སྟོད་སྨད་གཉིས་ལས་ནི།1.བཻཌཱུརྱ། 2.ཨུཏྤལ། 3.གངྒཱ། 4.པཀྵུ། 5.སི་ཏཱ། 6.སིན་དྷུ། 7.བི་ཤྭ་ཀརྨ། 8.སཾ་གྷ། 9.དྷརྨ། 10.བོ་དྷི། 11.ཙ་ཏུར། 12.ཛྙཱ་ན།13.ཛོ་ཀི། 14.ཀཽ་ཏམ། 15. ཨ་ཤོ་ཀ།16.པིསྒ་ལ། 17. ཀརྨ་བཅས་སོ། ། སྤྱིར་མིང་བརྡ་འདི་དག་ལ་མིང་གཅིག་དོན་དུ་མ་ལ་འཇུག་པ་དང་། འགྱུར་མི་འདྲ་བ་སོགས་ཀྱི་ཁྱད་པར་ཡོད་མོད། ཁོ་བོས་བསླབ་དེབ་ནང་གི་བསྟན་བྱ་གང་ཡིན་པ་དེ་ལ་དམིགས་ནས་སློབ་ཁྲིད་དཔྱད་གཞིའི་དགོངས་པ་དམིགས་སུ་བཟུང་ནས་འགྲེལ་བ་ཡིན།

གཅིག ལོ་རིམ་གསུམ་པའི་བསླབ་དེབ་སྟོད་སྨད་གཉིས་ལས་བྱུང་བའི་མིང་བརྡའི་བརྡ་བཀྲོལ་ནི།

1.མ་ཎི། ནོར་བུ་ཞེས་པའི་དོན་ཡིན་ཏེ། མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ལས“མ་ཎི་ཞེས་པ་ནོར་བུ་སྟེ། །①”ཞེས་འབྱུང་།

2.པདྨ། པད་མ་སྟེ་བསྒྱུར་ན་ཆུ་སྟེང་འཕྱོ་ཞེས་འབྱུང་།

3. མཎྜལ། དཀྱིལ་འཁོར་གྱི་དོན་ཏེ། དཀྱིལ་ནི་སྙིང་བོ་དང་འཁོར་ནི་ལེན་པའི་དོན་ཏེ། སྙིང་བོ་ལེན་པ་ཞེས་པའོ། །

4.ཨིནྡྲ་ནཱི་ལ། དབང་བོ་སྔོན་པོ་སྟེ། རྡོའི་རིགས་ཀྱི་རིན་ཆེན་མདོག་སྔོན་པོ་ཞིག་ཡིན། ཆུ་བོ་གངྒཱའི་ཀློང་ནས་འབྱུང་བར་བཤད།

གཉིས། ལོ་རིམ་བཞི་པའི་བསླབ་དེབ་སྟོད་སྨད་གཉིས་ལས་བྱུང་བའི་མིང་བརྡའི་བརྡ་བཀྲོལ་ནི།

1.ཤཱཀྱ། ཕོད་པའམ་ནུས་པའི་དོན་ཡིན་ལ།སེམས་ཅན་གྱི་དོན་བྱེད་ཕོད་པ་དང་ནུས་པའི་དོན་ཡིན།

2.སིང་ག་ལ། སིངྒྷ་ལ་སྟེ་པོ་ཁེ་མཚོ་འགག་དང་རྒྱ་གར་སྐམ་སའི་བར་གནས་པའི་ཧིན་རྡུ་རྒྱ་མཚོའི་སྟེང་གི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན། སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པའི་ནང་རྒྱ་གར་གྱི་ཨརྱ་ཎའི་མི་རིགས་གནས་དེར་སྤོར་མགོ་བརྩམས་པར་བཤད་ལ། དེ་དུས་གནས་དེར་སྲིན་པོ་དང་ཀླུའི་རིགས་ཁོ་ན་གནས་པར་བཤད། རིམ་གྱིས་ཨརྱ་ཎའི་མི་རིགས་ཀྱིས་དབང་བསྒྱུར།

3.ནྱ་གྲོ་ཏ། ནྱ་གྲོ་དྷ་སྟེ། ནྱ་གྲོདྷ་དང་རྐང་མང་།
པ་ཊ་རྣམས་ནི་མིང་གི་རྣམ་གྲངས་ཡིན། བོད་སྐད་དུ་བསྒྱུར་ན་ཆུ་ཞེང་གབ་པའམ་དཔངས་མཉམ་པ་ཞེས་ཟེར་ལ། ཤིན་ཏུ་འཕེལ་ཆེ་བའི་ཤིང་སྡོང་ཞིག་སྟེ། དེའི་ས་བོན་ལ་ཡུངས་དཀར་གྱི་བཞི་ཆ་ཙམ་ཡོད་པ་ལ་ཡལ་ག་ལོ་རེར་རྒྱང་གྲགས་ཙམ་དུ་ཁྱབ་པར་སྐྱེ་བའི་ཤིང་སྡོང་ཞིག་དང་། ཤིང་སྡོང་དེའི་གྲིབ་བསིལ་འོག་ཏུ་ཤིང་རྟ་ལྔ་བརྒྱའི་འཁོར་ལོ་ཕན་ཚུན་ལ་མ་རེག་པར་འགྲོ་ནུས་པར་བཤད།

གསུམ། ལོ་རིམ་ལྔ་པའི་བསླབ་དེབ་སྟོད་སྨད་གཉིས་ལས་བྱུང་བའི་མིང་བརྡའི་བརྡ་བཀྲོལ་ནི།

1.ན་མོ། འདུད་དོ་དང་ཕྱག་འཚལ་ལོ་ཞེས་པའི་དོན་ཡིན།

2.གུ་རུ། བླ་མའམ་སློབ་དཔོན་ཞེས་པའི་དོན་ཡིན་ལ། ན་མོ་གུ་རུ་མཚམས་སྦྱར་ན་བླ་མ་ལ་ཕྱག་འཚལ་ལོ་ཞེས་པའི་དོན་ཡིན། བྱ་ཚིག་སྔོན་དུ་ཡོད་པ་དང་བྱ་ཡུལ་དེའི་རྗེས་སུ་ཡོད་པ་ནི་རྒྱ་གར་སྐད་ཀྱི་ཁྱད་ཆོས་ཤིག་ཡིན།

3.བྷོ་ཊ། བོད་ཡུལ་དང་བོད་མི་རིགས་ཞེས་པའི་དོན་གཉིས་ལ་གོ་དགོས་མོད། བསླབ་དེབ་འདིར་བོད་ཅེས་པའི་དོན་ཡིན་ལ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“རྒྱ་གར་པ་རྣམས་རང་རེ་ལ་བྷོ་ཊ་བྱ་བར་འབོད། དེ་ནི་གནའ་དུས་ཀྱི་ཀློགས་ལ་བོད་ཅེས་བརྗོད་པའི་ཚེ་བོ་དང་ད་སྒྲ་གཉིས་ཀ་གསལ་བར་ཐོན་པའི་དབང་གིས། བོད། བྷོད། བྷོ་ཊ། ཞེས་རིམ་གྱིས་འགྱུར་ནས། དོན་ལ་བོད་བྱ་བའི་ཚིག་འདི་ག་རང་རྒྱ་གར་སྐད་དུ་ཕར་ལ་ཟུར་ཆགས་པ་ཡིན་གྱི། རྒྱ་གར་པས་ཚུར་བཏགས་པ་ཞིག་ནི་མིན་པར་སེམས”①ཞེས་གསུངས་སོ། །

4.ཛ་ཡ། རྒྱལ་བ་དང་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཏེ། ཆོས་ལུགས་ཀྱི་གོ་རྟོགས་མཐར་ཕྱིན་ནས་སངས་རྒྱས་ཏེ་བདུད་བཞི་ལས་རྣམ་པར་རྒྱལ་བས་ན་རྒྱལ་བ་ཟེར་ཏེ། བདུད་བཞི་བཅོམ་ཚད་ནི་ཉོན་མོངས་པའི་བག་ཆགས་དང་བཅས་པ་རྩ་བ་ནས་སྤངས་པ་ཉོན་མོངས་པའི་བདུད་བཅོམ་པ། ཤ་རུས་བརྡོས་བཅས་ཀྱི་གཟུགས་ཕུང་གནས་འགྱུར་ནས་འཇའ་ལུས་མཚན་དཔེས་བརྒྱན་པའི་སྐུར་གྱུར་པ་ཕུང་བོའི་བདུད་བཅོམ་པ། ལྷའི་བུའི་བདུད་བཅོམ་ནས་མཉམ་རྗེས་གཅིག་ཏུ་འདྲེས་པ་དང་འཆི་བདག་གི་བདུད་བཅོམ་ནས་སྐྱེ་འཆི་སྤངས་པའི་རྡོ་རྗེའི་སྐུ་བརྙེས་པ་བཅས་སོ། །

5.ལོ་ཀེ་ཤྭ་ར། འཇིག་རྟེན་དབང་ཕྱུག་ལ་ཟེར། སྤྱན་རས་གཟིགས་ལ་མིང་གི་རྣམ་གྲངས་བརྒྱ་དང་བརྒྱད་ཡོད་པའི་ནང་གི་གཅིག་ཡིན། ངོ་བོ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་ཡིན།

6.པཱ་ར་མི་ཏ། ཕ་རོལ་ཏུ་ཕྱིན་པ། ཕ་ངོས་སུ་སོང་བའམ་ཕ་མཐར་སོན་པའོ། ། ཕར་ཕྱིན་དྲུག་དང་བཅུ་སོགས་འདྲེན་རྒྱུ་ཡོད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅས་ཕར་ཕྱིན་དྲུག་གི་སྟེང་དུ་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅས་བཞི་བསྣན་པས་བཅུ་ཞེས་བགྲངས་མོད། བསླབ་དེབ་ཁྲོད་དུ་བྱུང་བའི་པཱ་ར་མི་ཏ་འདི་ནི་ཕར་ཕྱིན་དྲུག་སོགས་ལ་གོ་རྒྱུ་མིན་པར། 《བྱམས་ཆོས་སྡེ་ལྔ》དང《ས་སྡེ་ལྔ》ལ་སོགས་པའི་ཕར་ཕྱིན་གྱི་གཞུང་ལ་གོ་དགོས་སོ། །

7.པཎྜིི་ཏ། མཁས་པའམ་མཛངས་པ་ཞེས་འབྱུང་ལ། དོན་འགྱུར་ལྔ་རིག་པ་ཞེས་འབྱུང་ལ། རྒྱ་གར་སྐད་དུ་པ་ཎ་ནི་ལྔ་དང་ཌི་ཏ་ནི་རིག་པ་ཞེས་པའི་དོན་ཡིན། རིག་པའི་གནས་ལྔ་ཤེས་པའི་དོན།

8.བཻ་རོ་ཙ་ན། བཻ་རོ་ཙ་ན་བསྒྱུར་ན་རྣམ་པར་སྣང་མཛད་ཅེས་པའི་དོན་ཡིན་ཞིང་། འདིར་པ་གོར་བཻ་རོ་ཙ་ན་སྟེ། སྤྱི་ལོ670ཡས་མས་སུ་འཁྲུངས་པར་མཁས་པ་ཡོངས་སུ་གྲགས་པ་ཞལ་མཐུན། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་ལོ་ཙཱ་པ་ཆེན་པོ་རྒན་གྲས་གསུམ་གྱི་ཡ་གྱལ་གྱི་མཁས་པ་ཆེན་པོ་དང་། རབ་བྱུང་པའི་ཐོག་མ་སད་མི་མི་བདུན་གྱི་ནང་ཚན་ཡིན། རྣམ་ཐར་ཅུང་ཟད་རྒྱས་པ་དུང་དཀར་ཚིག་མཛོད་དུ་གསལ།

9.སམ་བྷོ་ཊ། བོད་ཡང་དག་ཅེས་པའོ། ། རྒྱ་གར་པ་རྣམས་ཀྱིས་སློབ་དཔོན་ཐོན་མི་ལ་འདི་ལྟར་བསྔགས་བརྗོད་ཀྱིས་འབོད།

10.ལོ་ཙཱ་པ། བོད་སྐད་དུ་བསྒྱུར་ན་འཇིག་རྟེན་མིག་ཅེས་པའི་དོན་ཡིན། མི་རིགས་རང་ཉིད་ཀྱི་སྐད་ཡིག་དང་མི་རིགས་གཞན་གྱི་སྐད་ཡིག་ལ་མཁས་པའི་ལོ་ཙཱ་པས་མི་རིགས་གཞན་གྱི་རིག་གནས་རང་མི་རིགས་ཀྱི་སྐད་ཡིག་ཐོག་བསྒྱུར་བ་དེས་མི་རྣམས་ཀྱི་མཐོང་རྒྱ་ཆེ་རུ་འགྲོ་བའི་མིག་གཉིས་དང་འདྲ་བས་དེ་ལྟར་བཏགས་པ་ཡིན།

བཞི། ལོ་རིམ་དྲུག་པའི་བསླབ་དེབ་སྟོད་སྨད་གཉིས་ལས་བྱུང་བའི་མིང་བརྡའི་བརྡ་བཀྲོལ་ནི།

1.བཻཌཱུརྱ། བསྒྱུར་ན་རིན་པོ་ཆེ་ཤིན་ཏུ་དྭངས་པ་ཞེས་པ་ཡིན་ལ། གཏེར་ནས་ཐོན་པའི་རིན་ཆེན་མདོག་སྔོ་ལ་དྭངས་པ་རིན་ཐང་ཧ་ཅང་ཆེ་བ་ཞིག

2.ཨུཏྤལ། མེ་ཏོག་ཞིག་གི་མིང་སྟེ། རྐང་ཐུང་ཞེས་པའི་དོན་ཡིན་ལ། ལི་ཡུལ་གྱི་མཚོ་ཞིག་གི་འགྲམ་ན་ཡོད་ཅིང་། ཁ་དོག་སྔོན་པོ་འདབ་མ་རྣམས་རལ་གྲི་ལྟ་བུ། རིང་ཐུང་མཐོ་ཕྱེད་དང་གསུམ། སྲབ་མཐུག་སོར་བཞི་ཙམ་ཡོད་ཅེས་ཨ་ཀྱཱ་ཡོངས་འཛིན་གྱིས་གསུངས།

3.གངྒཱ། 4.པཀྵུ། 5.སི་ཏཱ། 6.སིན་དྷུ། ཆུ་བོ་གང་གཱ་དང་པཀྵུ། སི་ཏཱ་དང་སིན་དྷུ་བཅས་ནི་སྲོག་ཆགས་ཀྱི་ཁ་འདྲ་བའི་རི་བོ་བཞི་ལས་འབབ་པར་བཤད་ལ། ཆུ་མགོ་བོད་ཀྱི་གངས་རི་ཏི་སེའི་ཕྱོགས་བཞི་ནས་འབབ་པའི་ཆུ་བོ་བཞི་ཞེས་དང༌། གཞན་ཡང《མངོན་པ་མཛོད》ལས། དེ་ལས་འབབ་པའི་ཆུ་བོ་བཞི། ། གངྒཱ་དང་ནི་སིནྡྷུ་དང། ། སི་ཏཱ་དང་ནི་པཀྵུའོ། ། ཞེས་གསུངས་པ་ལྟར་མཚོ་མ་དྲོས་པའམ་མཚོ་མ་ཕམ་གྱི་ཕྱོགས་བཞི་ནས་འབབ་པའི་ཆུ་བོ་བཞི་ཞེས་གསུངས་ཚུལ་མི་འདྲ་བ་ཡོད་པར་མ་ཟད། པཀྵུ་ནི་རྟ་མཆོག་ཁ་འབབ་སྟེ་ཡར་ཀླུང་གཙང་པོ་དང་། ཆུ་བོ་
གང་གཱའི་ཆུ་མགོ་རྨ་བྱ་ཁ་འབབ། ཆུ་བོ་སིན་དྷུའི་ཆུ་མགོ་གླང་ཆེན་ཁ་འབབ། ཆུ་བོ་སི་ཏའི་ཆུ་མགོ་སེང་གེ་ཁ་འབབ་ཅེས་པའི་བཤད་སྲོལ་འདི་ནི་བསླབ་དེབ་ནང་གི་
འགྲེལ་ལུགས་ཡིན་ལ། དེ་མིན་གང་གཱ་གླང་ཆེན་ཁ་འབབ། པཀྵུ་རྟ་མཆོག་ཁ་འབབ། སིན་དྷུ་སེང་གེ་ཁ་འབབ། སི་ཏཱ་རྨ་བྱ་ཁ་འབབ་ཅེས་ངོས་འཛིན་བྱེད་པའང་ཡོད།

7.བི་ཤྭ་ཀརྨ། ལྷའི་བཟོ་བོའི་མིང་སྟེ། ལྷ་ཚངས་པ་དང་ཁྱབ་འཇུག བརྒྱ་བྱིན་གསུམ་གྱིས་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་བི་ཤྭ་ཀརྨས་བཅོམ་ལྡན་འདས་ཀྱི་སྐུ་གསུམ་བཞེངས་པར་གྲགས།

8.སཾ་གྷ། དགེ་འདུན་ཏེ། སྒྲ་བཤད་ནི་ཐར་བའི་དགེ་བ་ལ་འདུན་པ་ཅན་ཡིན་པས་ན་དགེ་འདུན་ཟེར། དཀོན་མཆོག་གསུམ་གྱི་ནང་གསེས། སངས་རྒྱས་ཆོས་ལུགས་ཀྱི་ཆོས་ཉམས་སུ་བླངས་ནས་ས་ལམ་གྱི་གནས་ཚད་ངེས་ཅན་ཏུ་སླེབས་ཟིན་པ་ལ་དགེ་འདུན་ཟེར།

9.དྷརྨ། ཆོས་ཀྱི་དོན་དང་། རང་གི་ངོ་བོ་འཛིན་པ་ཆོས་ཀྱི་མཚན་ཉིད། སྤྱིར་ཆོས་ཞེས་པ་དོན་བཅུ་ལ་འཇུག་སྟེ། ཇི་སྐད་དུ། ཆོས་ནི་ཤེས་བྱ་ལམ་དང་ནི། །
མྱ་ངན་འདའ་དང་ཡིད་ཀྱི་ཡུལ། ། བསོད་ནམས་ཚེ་དང་གསུང་རབ་དང་། ། འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། ། ཞེས་སོགས་འཇུག་ལ། ཡང་། སྡུལ་བསྔལ་དག་ནི་ཐམས་ཅད་དང་། ། སྒྲིབ་པ་ཀུན་སེལ་དམ་
པའི་ཆོས། ། ཞེས་པ་ལྟར་གང་ལ་དམིགས་ན་ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན་ཞིག་ལ་དམ་པའི་ཆོས་ཀྱི་མཚན་ཉིད་ཅེས་བརྗོད་པ་ཡིན།

10.བོ་དྷི། བྱང་ཆུབ་སྟེ། གོམས་འདྲིས་མཐར་སོན་པ་ལ་ཟེར་ཏེ། སྤང་བྱའི་དྲི་མ་མཐའ་དག་བྱང་ཞིང་།
རྟོགས་བྱའི་ཡོན་ཏན་མཐའ་དག་ཁོང་དུ་ཆུབ་པ་སྟེ། ས་བཅུ་ལམ་ལྔ་ཞེས་པའི་ལམ་ལྔ་བ་མི་སློབ་ལམ་ལ་བྱང་ཆུབ་ཟེར།

11.ཙ་ཏུར། གྲངས་ཀ་བཞིའི་མིང་།

12.ཛྙཱ་ན། ཡེ་ཤེས་ཞེས་པའི་དོན་དང་། ཡེ་ནས་གནས་པའི་ཆོས་ཚུལ་ཇི་བཞིན་དུ་ཤེས་པ་ལ་ཡེ་ཤེས་ཟེར། ཡེ་ཤེས་དང་རྣམ་མཁྱེན་གཉིས་ནི་དོན་གཅིག་ཡིན་ལ། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་སྐད་ཅིག་དེ་ཉིད་ལ་ཇི་བཞིན་མཁྱེན་པ་ལ་རྣམ་མཁྱེན་ཟེར།

13.ཛོ་ཀི། གྲུབ་ཐོབ་དང་རྟོགས་ལྡན་ནམ་རྣལ་འབྱོར་བཅས་ལ་འཇུག རྣལ་འབྱོར་ནི་རྣལ་ཞེས་པ་ཕྱི་རོལ་ཡུལ་ལ་སེམས་མ་གཡེང་བར་ཞི་བར་བྱས་ནས་རང་གི་བསྒོམ་བྱའི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པར་བྱེད་པ། འབྱོར་ཞེས་པ་ནི་ལྷག་མཐོང་སྟེ་ཞི་གནས་ལ་བརྟེན་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཤེས་བྱའི་གནས་ལུགས་ལྷག་པར་དུ་མཐོང་བའི་དོན། གྲུབ་ཐོབ་ནི་སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ཀྱི་གཞུང་ནས་བཤད་སྲོལ་ལ། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ་པའམ་སྐུ་ཚེ་དེ་ལ་སངས་རྒྱས་པ་སྟེ་མཆོག་གི་དངོས་གྲུབ་ཐོབ་པ་དེ་གཉིས་ལ་གྲུབ་ཐོབ་ཟེར། རྟོགས་ལྡན་ནི་རྟོགས་པ་དང་ལྡན་པ་སྟེ། སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པ་ལའོ། །

14.ཀཽ་ཏམ། གཽ་ཏམ་ཞེས་བྲིས་ཡོད་ལ། ནང་པ་སངས་རྒྱས་པའི་ཆོས་ལུགས་ཐོག་མར་གསར་གཏོད་མཛད་པ་པོ་སངས་རྒྱས་ཤཱཀྱ་ཐུབ་པའི་མཚན་གྱི་རྣམ་གྲངས་ཡིན་ཏེ། ཤཱཀྱའི་རིགས་རྒྱུད་ཀྱི་མེས་པོ་དང་པོ་དྲང་སྲོང་གོའུ་ཏཱ་མ་ཡིན་པས་མཚན་དེ་ལྟར་གྲགས། སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་མི་སྟེགས་པ་སོགས་ནང་པའི་ཆོས་ལ་དད་པ་མི་བྱེད་པ་རྣམས་ཀྱིས་མཚན་དེ་ལྟར་འབོད་པར་གྲགས།

15.ཨ་ཤོ་ཀ མྱ་ངན་མེད་ཅེས་པའི་དོན་ཡིན་ལ། འདིར་རྒྱ་གར་གྱི་རྨ་བྱའི་རྒྱལ་རབས་ཀྱི་རྒྱལ་པོ་གསུམ་པ་ཆོས་རྒྱལ་མྱ་ངན་མེད་ལ་གོ་དགོས།

16.པིསྒ་ལ། བྱང་ཆུབ་ཤིང་གི་མིང་ཡིན་ལ། ཚ་བའི་ཁུལ་དུ་སྐྱེས་ཤིང་རྒྱུན་དུ་སྔོ་ལྗང་ལྡན་པའི་ལྗོན་ཤིང་ཞིག་དང་། བདག་ཅག་གི་སྟོན་པས་ཤིང་སྡོང་འདིའི་དྲུང་དུ་མངོན་པར་རྫོགས་པར་ཚངས་རྒྱ་བའི་ཚུལ་བསྟན།

17.ཀརྨ། བསྒྱུར་ན་འཕྲིན་ལས་ཞེས་པའི་དོན་ཡིན་ལ། མཛད་པ་དང་ལས་ཀ བྱ་བ་དང་འཕྲིན་ལས་རྣམས་ནི་དོན་གཅིག་ཡིན། དཔེར་ན། སྐྱེས་བུ་དམ་པའི་མཛད་པ། དཔོན་པོ་ཆེན་པོའི་འཕྲིན་ལས། སྤྱིར་བཏང་གི་མིའི་བྱ་བའམ་ལས་ཀ་ཞེས་བེད་སྤྱོད་གཏོང་།
བསླབ་དེབ་ཁྲོད་བོད་ཀྱི་རིགས་རུས་ཤིག་གི་མིང་།

གཉིས་པ། ལེགས་སྦྱར་ཐ་སྙད་དག་གི་བཀླག་སྟངས།

ད་ནི་གོང་གི་ལེགས་སྦྱར་ཐ་སྙད་དེ་དག་གི་བཀླག་སྟངས་འབྲི་བ་ལ། བོད་རང་གི་འདོན་སྟངས་དང་ཡོངས་སུ་མཐུན་པ་རྣམས་བསྐྱུར་ནས་ཅུང་དཀའ་བ་རྣམས་དམིགས་སུ་བཀར་ནས་རྩ་བ་དང་འབྲེལ་ནས་འབྲི་བར་འདོད་དེ། སྤྱིར་ལེགས་སྦྱར་གྱི་ཡི་གེ་བཀླག་སྟངས་ལའང་མཁས་པ་སོ་སོའི་བཞེད་དགོངས་མི་མཐུན་པ་མཆིས་མོད། འདིར་ཕྲན་གྱིས་ནི་སྣར་ཐང་བཀླག་ཐབས་ཀྱི་རྩ་བ་ལྟར་བྲི་བར་བྱའོ། །

དེ་ལ་རྩ་བ་ལས“མིང་གི་ཐོག་མར་སྡེ་བ་ཡི། །གསུམ་པ་འས་འཕུལ་བཞིན་དུ་བཀླག ། དབུས་མཐར་བྱུང་ན་བོད་དང་མཚུངས། །”①ཞེས་པ་ལྟར།མིང་གི་ཐོག་མ་རུ་སྡེ་བ་སོ་སོའི་ཡི་གེ་གསུམ་པ་སྟེ་ག་ཛ་ཌ་ད་བ་ལྔ་བོ་བྱུང་ན་སྔོན་འཇུག་འ་ཡིས་འཕུལ་བའི་སྒྲ་ལྟར་བཀླག་པར་བྱ་དགོས་པས། གུ་རུ། བཻ་རོ་ཙ་ན། བོདྷི། བཻཌཱུརྱ། གངྒཱ། བི་ཤྭ་ཀརྨ་སོགས་ཀྱི་ཐོག་མའི་ཡི་གེ་ག་དང་བ་ལ་སྔོན་འཇུག་འ་ཡིས་འཕུལ་བའི་སྒྲ་ལྟར་འགུ་དང་འབཻ། འབོ་དང་འབཻ། འགང་དང་འབི་སོགས་སུ་བཀླགས་དགོས། ཡང་རྩ་བ་ལས།“ཊ་སོགས་ལོག་སྡེའི་བཀླག་ཚུལ་ནི། ། ལྕེ་རྩེ་རྐན་སྦྱར་སྟིབས་ཀྱིས་བསྒྱུར། །”①ཅེས་པའི་དོན་ནི་ཊ་ལ་སོགས་པའི་བསྡུས་པ་ཏ་ཐ་ད་དྷ་ན་ཕྱིར་ལོག་པའི་སྡེ་པ་གསུམ་པ་ཊ་ཋ་ཌ་ཌྷ་ཎའི་བཀླག་ཚུལ་ནི་ཏ་སྡེ་ལ་ར་བཏགས་པ་ཏྲ་ཐྲ་དྲ་དྷྲ་ནྲ་ཞེས་པའི་ཚུལ་དུ་ལྕེའི་རྩེ་མོ་ཡར་ལ་བཀུགས་ཏེ་རྐན་ལ་སྦྱར་ནས་ལྕེ་སྟིབས་ཀྱིས་བསྒྱུར་ནས་བཀླག་དགོས་པས། སཾ་བྷོ་ཊ། པཎྜིི་ཏ། མཎྜལ། བཻཌཱུརྱ་སོགས་ཀྱི་ཊ་དང་ཌ་ནི་ཏྲ་དང་དྲ་རུ་བཀླག་དགོས་སོ། །“ཛ་ལ་ཉ་བཏགས་འགྱའམ་གཉའ། །”②ཞེས་རྒྱ་གར་ཤར་ཕྱོགས་པ་རྣམས་ཀྱིས་འགྱ་དང་ཁ་ཆེ་པ་རྣམས་ཀྱིས་གཉའ་ཞེས་བཀླགས་པར་བྱ་བས། ཛྙ་ན་ནི་འགྱ་ན་ཞེས་བཀླགས་པར་བྱའོ། །“བཞི་པ་རྣམས་ནི་གསུམ་པ་ལ། ། ར་མགོ་ཧ་སྒྲ་ལྡན་པར་བཀླག །”③ཅེས་ས་པ་ནི་སྡེ་བ་ལྔ་སོ་སོའི་ཡི་གེ་བཞི་པ་གྷ་ཛྷ་ཌྷ་དྷ་བྷ་རྣམས་ནི་ཡི་གེ་ལྔ་པ་སྟེ་ག་ཛ་ད་ཌ་བ་རྣམས་ལ་ར་མགོ་ལྡན་ཞིང་ཧའི་སྒྲ་ཅུང་ཟད་ཐོན་པར་བཀླག་དགོས་པས། སཾ་བྷོ་ཊ། བྷོ་ཊ། སཾ་གྷ་དྷརྨ། བོདྷི། སིནྡྷུ་བཅས་ཀྱི་བྷ་དྷ་གྷ་བཅས་ནི་རྦ་རྡ་རྒ་བཅས་ཀྱི་སྒྲ་བཞིན་བཀླག་དགོས།“བརྩེགས་པའི་གོང་མ་ཐོག་མར་དབང་། །”④ཞེས་པ་ནི་ཕྱི་མའི་གསལ་བཤད་བརྩེགས་པའི་སྟེང་མ་དེ་སྔོན་མའི་རྗེས་འཇུག་གི་རྣམ་པ་ལྟ་བུར་ཡར་སྦྱར་ཏེ་བཀླག་དགོས་པས།པདྨ། པཎྜིི་ཏ། དྷརྨ། སིངྒ་ལ། མཎྜལ། ཨུཏྤལ། བི་ཤྭ་ཀརྨ། ཨིནྡྲ་ལྟ་བུ་བཀླག་སྐབས་ཎ་དང་ར། ང་དང་ཏ། ད་དང་ན་སོགས་ནི་གོང་མའི་རྗེས་འཇུག་ལྟ་བུར་བཀླག་དགོས་པར་མ་ཟད།“ཉ་ཎ་ཡར་སྦྱར་ན་ལྟར་བཀླག །”⑤ཞེས་དང་།“ཀ་ནི་ག་དང་ཙ་ཛ་ཊ། ། ཌ་ཏ་རྣམས་ནི་ད་རུ་བཀླག །”⑥ཅེས་པ་ལྟར་ཉ་དང་ཎ་གཉིས་བརྩེགས་པའི་སྟེང་མར་བྱུང་སྐབས་གོང་མའི་རྗེས་འཇུག་ན་ལྟར་བཀླག་དགོས་པར་མ་ཟད། ཀ་ནི་རྗེས་འཇུག་ག་དང་ཙ་ཛ་ཊ་ཌ་ཏ་རྣམས་ནི་གོང་མའི་རྗེས་འཇུག་ད་ཡིག་ལྟར་བཀླག་དགོས། ད་དུང་རྩ་བ་ལས།“དབྱངས་དང་ང་རོ་འོག་མར་དབང་། །”⑦ཞེས་པ་ལྟར་པཎྜིི་ཞེས་པའི་དབྱངས་ཡིག་ནི་བརྩེགས་པའི་འོག་མ་ལ་སྦྱོར་དགོས། རྩ་བ་ལས།“ཡ་བཏགས་ཕལ་ཆེར་འགྲེང་བུ་ནི། །ཡའི་སྒྲ་ཅུང་ཟད་ལྡན་པར་བཀླག ། ཡ་ལ་ཡ་བཏགས་ཡ་རང་ཉིད། ། ཀ་ཁའི་ཡ་བཏགས་བོད་བཞིན་བཀླག ། ར་ལ་ཡ་བཏགས་ར་ཡར་སྦྱར། །”⑧ཞེས་པའི་དོན་ནི་ཡ་བཏགས་ཕལ་ཆེ་བ་ནི་དབྱངས་ཡིག་འགྲེང་བུའི་སྒྲ་ལ་ཡ་སྒྲ་ཅུང་ཟད་ལྡན་པ་དང་། ཡ་ལ་ཡ་བཏགས་བྱུང་ན་ཡ་ལྟར་འདོན་པ། ཀ་ཁ་ལ་ཡ་བཏགས་བྱུང་ཚེ་བོད་རང་གི་བཀླག་སྟངས་དང་མཐུན་པར་ཀྱ་དང་ཁྱ་ཞེས་བཀླག་པ། ར་ལ་ཡ་བཏགས་བྱུང་ཚེ་ར་ནི་གོང་མའི་རྗེས་འཇུག་ལྟར་བཀླག་དགོས་པ་ལས་དབྱངས་ཡིག་འགྲེང་བུའི་སྒྲ་ལྟར་བཀླག་མི་དགོས་ཞེས་པས། ནྱ་གྲོ་ཏ། བཻཌཱུརྱ། ཤཱཀྱ་བཅས་བཀླག་སྐབས་ནེ་ཡ་དང་འདྲར་ཡ།ཤཱག་ཀྱ་ཞེས་བཀླག་དགོས་མོད། ཤཱཀྱ་ཀློག་སྐབས་ཀ་ཡིག་བརྩེགས་པ་དེ་ཉིད་སྒྲ་གཉིས་སུ་བཀླག་དགོས་པའི་ཁྱད་པར་ཡོད་པས་ཤཱག་ཀྱ་ཞེས་བཀླག་དགོས་སོ། །“ཝ་བཏགས་ཕལ་ཆེར་ན་རོ་སྟེ། །ཝའི་སྒྲ་ཅུད་ལྡན་པར་བཀླག །”①ཅེས་པས་གོང་གི་ཡ་བཏགས་ཅན་ཀློག་སྐབས་འགྲེང་བུ་མེད་ཀྱང་སྒྲ་ཐོན་པར་བཀླག་དགོས་ཞེས་པ་ལྟར་ཝ་བཏགས་ཅན་བཀླག་སྐབས་ཀྱང་ན་རོ་མེད་ཀྱང་ན་རོའི་སྒྲ་ཡོད་ལ་ཝ་སྒྲ་ཟུར་ཙམ་ཐོན་པར་བཀླག་དགོས་པས། བི་ཤྭ་ཀརྨ་དང་ལོ་ཀེ་ཤྭ་ར་ཀློག་སྐབས་ཤོ་ཝ་ཞེས་བཀླག་པར་བྱ་དགོས།ཡང་།“ཀྵ་ནི་ཁྱ་དང་ཆ་མཐུན་ཙམ། །”②ཞེས་པ་ལྟར་ཀྵ་ནི་ཁྱ་དང་སྒྲ་མཐུན་པར་བཀླག་དགོས་ཀྱང་པཀྵུ་དང་ཤཱཀྱ་ལྟ་བུ་ནི་ཀ་ཡིག་གཉིས་སུ་བཀླག་པའི་ཁྱད་པར་ཡོད་པས། པག་ཁྱུ་ཞེས་པ་ལྟར་བཀླག་དགོས་སོ། ། དེ་མིན་ང་རོའི་བཀླག་ཚུལ་ལ།“རྗེས་སུ་ང་རོའི་བཀླག་ཚུལ་ལ། ། རང་རང་སྡེ་བའི་ལྔ་བར་བཀླག །”③ཅེས་དང་། ཡང་རྩ་བ་ལས།“ཤད་ཀྱིས་ཆོད་ན་རང་ཉིད་བརྩི། ། ཤད་མེད་ན་ནི་འོག་མར་བརྩི། །”④ཞེས་པ་ལྟར། ང་རོའི་བཀླག་སྟངས་ནི་ང་རོ་སྦྱར་བའི་ཡི་གེ་དེའི་རྗེས་ཀྱི་ཡི་གེ་དེ་སྡེ་བ་ལྔ་ལས་གང་གི་ཡིན་པར་བལྟས་ནས་དེ་དང་སྡེ་བ་གཅིག་པའི་ཡི་གེ་ལྔ་བ་སྟེ། ཉ་ན་ཎ་ང་མ་རུ་བཀླག་དགོས་ལ། གལ་ཏེ་ང་རོ་ཅན་གྱི་ཡི་གེའི་རྗེས་སུ་ཤད་ཀྱིས་བཅད་ཡོད་ན། རང་ཉིད་དང་སྡེ་བ་གཅིག་པའི་ལྔ་པར་བཀླག་པ་དང་། ཤད་ཀྱིས་བཅད་མེད་ཚེ། རྗེས་མའི་ཡི་གེ་དེ་དང་སྡེ་བ་གཅིག་པའི་ལྔ་པ་ལྟར་བཀླག་དགོས་ཞེས་པའི་དོན་ཡིན་པས། སཾ་བྷོ་ཊ། སཾ་གྷ་དྷརྨ་གཉིས་ཀློག་སྐབས་ང་རོ་ཅན་གྱི་ཡི་གེ་སཾ་འདི་ཡི་རྗེས་སུ་ཤད་ཀྱིས་ཆོད་མེད་པས་ཡི་གེ་རྗེས་མ་དེ་ལ་བལྟ་དགོས་པས། བྷ་དང་སྡེ་བ་གཅིག་པའི་ཡི་གེ་ལྔ་པ་ནི་མ་དང་གྷ་དང་སྡེ་བ་གཅིག་པའི་ཡི་གེ་ལྔ་པ་ནི་ང་ཡིན་པས་དེ་གཉིས་ཀྱི་སྒྲ་ལྟར་བཀླག་དགོས་ཏེ། སམ་བྷོ་ཊ་དང་སང་གྷ་དྷརྨ་ཞེས་བཀླག་དགོས་ཞེས་བསྟན་པ་ཡིན་ནོ། །
མཇུག་སྡུད་པ།
རྩོམ་ཡིག་འདིའི་ནང་དུ་སློབ་ཆུང་སྐད་ཡིག་བསླབ་དེབ་ཁྲོད་ཀྱི་ལེགས་སྦྱར་ཐ་སྙད་དག་གི་བརྡ་བཀྲོལ་དང་བཀླག་སྟངས་བྲིས་ཡོད་ལ། ཁོ་བོས་བརྡ་བཀྲོལ་འབྲི་སྐབས་བརྡ་དག་དང་གནའ་རྩོམ་སློབ་དེབ་སོགས་དཔེ་ཆ་དག་ལ་ཁུངས་བཅོལ་ནས་བྲིས་ཡོད་ལ། བཀླག་སྟངས་འབྲི་སྐབས་ཀྱང་སྒྲ་རིག་པའི་བསླབ་གཞི་ལ་ཁུངས་གཏུགས་ནས་བྲིས་པར་མ་ཟད། པཱ་ར་མི་ཏ་ལྟ་བུའི་བཀླག་སྟངས་བོད་རང་གི་བཀླག་སྟངས་དང་ཡོངས་སུ་མཐུན་པ་དང་པོ་ཏ་ལ་ལྟ་བུའི་ཟུར་ཆག་གི་སྐད་རེ་འགའ་བྱུང་བ་རྣམས་བསྐྱུར་ནས། དེ་དག་ལས་ཅུང་དཀའ་བའི་ཐ་སྙད་དག་རྩ་བ་དང་འབྲེལ་ནས་འབྲི་ཁུལ་བྱས་པ་ཡིན། །


* དཔའ་རྩེ་བྱམས། ཞོན་ཧྭ་རྫོང་ཀ་རིང་ལྟེ་བའི་སློབ་ཆུང་དུ་ཕྱག་ལས་གནང་བཞིན་ཡོད།


① འཁོར་བརྟེན་ནོར་བུ་དགྲ་འདུལ། མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཀྱི་འགྲེལ་བ་བློ་གསལ་ངག་གི་མེ་ལོང་། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015:310


① དགེ་འདུན་ཆོས་འཕེལ། དེབ་ཐེར་དཀར་པོ། [M] མི་རིགས་དཔེ་སྐྲུན་ཁང་། 2007:5


① མཁའ་འབུམ་གྱིས་སྒྲིག་རྩོམ་བྱས། སྒྲ་རིག་པའི་བསླབ་གཞི། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005:3~4


① མཁའ་འབུམ་གྱིས་སྒྲིག་རྩོམ་བྱས། སྒྲ་རིག་པའི་བསླབ་གཞི། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005:4

② མཁའ་འབུམ་གྱིས་སྒྲིག་རྩོམ་བྱས། སྒྲ་རིག་པའི་བསླབ་གཞི། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005:4

③ མཁའ་འབུམ་གྱིས་སྒྲིག་རྩོམ་བྱས། སྒྲ་རིག་པའི་བསླབ་གཞི། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005:5

④ མཁའ་འབུམ་གྱིས་སྒྲིག་རྩོམ་བྱས། སྒྲ་རིག་པའི་བསླབ་གཞི། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005:5

⑤ མཁའ་འབུམ་གྱིས་སྒྲིག་རྩོམ་བྱས། སྒྲ་རིག་པའི་བསླབ་གཞི། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005:6

⑥ མཁའ་འབུམ་གྱིས་སྒྲིག་རྩོམ་བྱས། སྒྲ་རིག་པའི་བསླབ་གཞི། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005:6

⑦ མཁའ་འབུམ་གྱིས་སྒྲིག་རྩོམ་བྱས། སྒྲ་རིག་པའི་བསླབ་གཞི། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005:5

⑧ མཁའ་འབུམ་གྱིས་སྒྲིག་རྩོམ་བྱས། སྒྲ་རིག་པའི་བསླབ་གཞི། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005:7


① མཁའ་འབུམ་གྱིས་སྒྲིག་རྩོམ་བྱས། སྒྲ་རིག་པའི་བསླབ་གཞི། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005:7

② མཁའ་འབུམ་གྱིས་སྒྲིག་རྩོམ་བྱས། སྒྲ་རིག་པའི་བསླབ་གཞི། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005:5

③ མཁའ་འབུམ་གྱིས་སྒྲིག་རྩོམ་བྱས། སྒྲ་རིག་པའི་བསླབ་གཞི། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005:6

④ མཁའ་འབུམ་གྱིས་སྒྲིག་རྩོམ་བྱས། སྒྲ་རིག་པའི་བསླབ་གཞི། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005:7


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1