སེམས་དང་བསམ་པ་གཅིག་ཏུ་སྦྲེལ། མི་རིགས་མཐུན་སྒྲིལ་ཁྱིམ་གཞིས་གཅིག །

སྒྲོལ་མ་ཚེ་བརྟན་དང་དོན་གྲུབ་ཆོས་སྒྲོན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


——བརྒྱད་ཟིལ་རྫོང་གི་ས་གཏན་ལས་རིགས་སློབ་འབྲིང་གི་མི་རིགས་མཐུན་སྒྲིལ་མིག་དཔེ་གཟེངས་སུ་བསྟོད།


    ཉེ་ཆར་གསར་འགོད་པ་བརྒྱད་ཟིལ་རྫོང་ས་གཏན་ལས་རིགས་སློབ་འབྲིང་གི་སློབ་གཙོ་སུང་ཡན་ཧྥང་གི་གོམ་སྟབས་དང་བསྟུན་ནས་སློབ་གྲྭའི་མི་རིགས་རྒྱུན་ཤེས་དྲིལ་བསྒྲགས་ཀྱི་སྒེའུ་ཁུང་དང་།མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་དྲིལ་བསྒྲགས་ཁང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་གི་སྒོ་སམ། མི་རིགས་ཀྱི་སློབ་ཚན་མཉམ་སྤེལ་སོགས་སུ་ལྟ་སྐོར་ལ་སོང་བ་ན་སློབ་གླིང་ཡོངས་སུ་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་ལྡན་འདུག །ཁོང་གིས“རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་རྒྱུ་ནི་མི་རིགས་མཐུན་སྒྲིལ་གྱི་རྩ་བ་ཡིན་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར་རིག་གནས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱ་དགོས། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་སློབ་གསོའི་ནང་དོན་དེ་སློབ་གསོ་དང་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་དགེ་སློབ་ཚོ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལག་ལེན་པ་དང་སྲུང་སྐྱོང་བྱེད་མཁན་ཞིག་ཏུ་འགྱུར་རྒྱུར་ཁྲིད་སྟོན་བྱེད་དགོས”ཞེས་བཤད།

ས་གཏན་ལས་རིགས་སློབ་འབྲིང་ནི་བརྒྱད་ཟིལ་རྫོང་གི་ཤར་ལྷོའི་ཕྱོགས་སུ་ཡོད་པ་དང་མཚོ་འཕགས་སྨི་1200ཙམ་དང་། བརྒྱད་ཟིལ་རྫོང་དང་བར་ཐག་སྤྱི་ལེ་58དང་འུ་ལ་ཤིས་གྲོང་རྡལ་དང་བར་ཐག་སྤྱི་ལེ་4ཙམ་ཡོད། ལས་རིགས་སློབ་འབྲིང་དེ་ནི་1983ལོའི་ཟླ་3པར་(三垭区)སན་ཡ་ཁུལ་དང་(大河边区)ཏ་ཧི་པན་ཁུལ་དུ་ཡོད་པའི་དམའ་རིམ་སློབ་འབྲིང་གི་འཛིན་གྲྭ་འུ་ལ་ཤིས་གྲོང་རྡལ་དུ་གནས་སྤོ་བྱས་ནས་ས་གཏན་དུ་ས་གཏན་དམའ་རིམ་སློབ་འབྲིང་འཛུགས་སྐྲུན་བྱས། 1986ལོར་ས་གཏན་དམའ་རིམ་སློབ་འབྲིང་གི་སྒོ་བྱང་བརྗེས་ནས་བརྒྱད་ཟིལ་རྫོང་ས་གཏན་ལས་རིགས་སློབ་འབྲིང་དུ་བསྒྱུར། 1988ལོའི་ཟླ་11པར་སི་ཁྲོན་ཞིང་ཆེན་སློབ་གསོ་ཨུ་ཡོན་ལྷན་ཁང་གི“སི་ཁྲོན་གྱི་དགེ་རྒན་དང་ལས་སྒྲུབ་པ(1988)ཨང་141པ” ཞེས་པའི་ཡིག་ཆ་བརྒྱུད་སློབ་གྲྭའི་མིང་ལ་ས་གཏན་ལས་རིགས་སློབ་འབྲིང་ཞེས་པ་ཆོག་མཆན་ཐོབ་ནས་ད་ལྟའི་བར་བཀོལ་བཞིན་ཡོད་པ་རེད།

བརྒྱད་ཟིལ་རྫོང་ནི་བོད་རིགས་དང་རྒྱ་རིགས། དབྱིས་རིགས། ཧུའེ་རིགས། མའོ་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱས་པའི་རྫོང་ཞིག་ཡིན་པ་དང་དེའི་ནང་བོད་རིགས་དང་རྒྱ་རིགས། དབྱིས་རིགས་བཅས་མི་རིགས་གསུམ་གྱིས་གསུམ་ཆ་གཅིག་ཟིན་པ་དང་། མི་རིགས་སོ་སོས་གནས་འདིར་ཕན་ཚུན་འཆམ་མཐུན་གྱིས་འཚོ་བ་རོལ་བ་དང་ཕན་ཚུན་རྒྱུས་ལོན་བྱེད་པ། ཕན་ཚུན་བརྩི་བཀུར་བྱེད་པ་དང་ཕན་ཚུན་བར་མཐུན་སྒྲིལ་བྱེད་པ། ཕན་ཚུན་སློབ་སྦྱོང་བྱེད་པ་དང་ཕན་ཚུན་རོགས་རམ་བྱེད་པ་བཅས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བོད་དབྱིས་རིགས་ཀྱི་དམངས་སྲོལ་རིག་གནས་ཞིག་ཆགས་ཡོད།

བརྒྱད་ཟིལ་རྫོང་ས་གཏན་ལས་རིགས་སློབ་འབྲིང་ནི་རི་གྲོང་གྱི་ཟབ་སར་གནས་པའི་ཞག་སྡོད་ལམ་ལུགས་ཀྱི་དམའ་འབྲིང་སློབ་གྲྭ་ཞིག་ཡིན་ཞིང་། ད་ལྟ་འཛིན་གྲྭ་29དང་སློབ་མ་1576ཡོད་ལ་ཁོངས་གཏོགས་སློབ་ཆུང་དུ་འཛིན་གྲྭ་3དང་ཁྱོན་སློབ་མ་108ཡོད། དེའི་ཁྲོད་བོད་དབྱིས་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་སློབ་མས་75%ཟིན་ཡོད་ལ་99%ནི་ཞིང་པ་དང་འབྲོག་པའི་བུ་ཕྲུག་ཡིན།

གླེང་རིན་ཡོད་པ་ཞིག་ལ། ཉེ་བའི་ལོ་ཤས་རིང་།ལས་རིགས་སློབ་འབྲིང་དེས་སློབ་གཞི་བེད་སྤྱད་དེ་སློབ་ཁང་དུ་སློབ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སློབ་མའི་མི་རིགས་སྲིད་ཇུས་ཀྱི་རྒྱུན་ཤེས་ཤེས་རྟོགས་བྱེད་པའི་ཆུ་ཚད་མཐོ་རུ་བཏང་བ་དང་། རིག་གཞུང་ཚན་ཁག་གི་སློབ་ཁྲིད་ཁྲོད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ནུས་ཤུགས་གང་ཡོད་ཀྱིས་བེད་སྤྱོད་བྱེད་བཞིན་ཡོད། མི་རིགས་ཁག་གི་དགེ་སློབ་བར་གྱི་མཛའ་བརྩེ་ཇེ་ཟབ་དང་ཕན་ཚུན་རྒྱུས་ལོན་ཤུགས་སྣོན་བྱ་ཆེད། སློབ་གྲྭས་མི་རིགས་མི་འདྲ་བའི་བར་གྲོགས་པོ་བསྒྲིགས་པ་དང་། མི་རིགས་རང་གི་གླུ་ལེན་པ། མི་རིགས་རང་གི་ཞབས་བྲོ་འཁྲབ་སྦྱོང་བྱེད་པ། མི་རིགས་རང་གི་ཁྱད་ཆོས་ལྡན་པའི་རི་མོ་འབྲི་བ། མི་རིགས་རང་གི་དཔའ་བོའི་གཏམ་རྒྱུད་བརྗོད་པ། མི་རིགས་རང་གི་བཟོ་རྩལ་བརྩམས་ཆོས་འབྲི་བ་སོགས་བརྗོད་བྱ་གཙོ་བོ་བྱས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ།

ལོ་རིམ་དགུ་པའི་སློབ་མ་ཝང་ཞིས་ཀྱིས་གསར་འགོད་པར“ང་ཚོའི་སློབ་གྲྭར་མི་རིགས་མང་པོའི་སློབ་མ་ཡོད་ལ་སློབ་གྲོགས་བར་གྱི་བརྩེ་བ་མིང་སྲིང་དང་འདྲ། སློབ་གྲྭ་ནི་ང་ཚོའི་བདེ་སྐྱིད་དཔལ་ལ་རོལ་སའི་ཁྱིམ་གཞིས་དེ་ཡིན་ལ། མ་ཟད་སློབ་གྲྭས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། སློབ་གྲོགས་ཚང་མར་གྲངས་ཉུང་མི་རིགས་ཀྱི་ཞབས་བྲོ་སྦྱོང་དུ་འཇུག་པ་དང་གྲངས་ཉུང་མི་རིགས་ཀྱི་གླུ་གཞས་ལེན་དུ་འཇུག །བྱེད་ཐབས་དེ་དག་བརྒྱུད་ནས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ང་ཚོའི་འཚོ་བ་དང་འདྲེས་ལ་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཀྱིས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས”ཞེས་བཤད།

དུས་དེ་རིང་། ས་གཏན་ལས་རིགས་སློབ་འབྲིང་གི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་སློབ་ཚན་དང་སྤྱི་ཚོགས་བྱེད་སྒོ་དེ་དག་ལ་སློབ་མ་ཚོས་སྔོན་ལས་ལྷག་པར་དགའ་པོ་བྱེད་བཞིན་ཡོད་པས། མི་རིགས་མཐུན་སྒྲིལ་གྱི་ས་བོན་ཕྲུ་གུ་ཚོའི་སེམས་ཀྱི་ཞིང་སར་བཏབ་ནས་མི་རིགས་ཀྱི་རིག་གནས་གནས་འདི་ནས་འཚར་ལོངས་བྱུང་བ་དང་མི་རིགས་ཀྱི་སྙིང་སྟོབས་གནས་འདི་ནས་འཕེལ་རྒྱས་འབྱུང་བཞིན་ཡོད།

ལོ་ཟླ་གོམ་འགྲོས་ལ་དབྱར་དགུན་སྟོན་དཔྱིད་ཀྱིས་ཁ་དོག་བསྩལ་མོད། འགྱུར་བ་མེད་པ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྩེ་སེམས་དྭངས་མ་དེ་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དར་ཆ་མཐོན་པོར་བསྒྲེངས་ནས། བརྒྱད་ཟིལ་རྫོང་ས་གཏན་ལས་རིགས་སློབ་འབྲིང་གི་དྲི་ཞིམ་གང་སར་ཁྱབ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཨ་གར་ལྗོན་པའི་ཡལ་ག་དང་ལོ་འདབ་བཅས་ཀྱི་ཉམས་འགྱུར་དེས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་བཞིན་ཡོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1