དང་པོ། ལོ་རྒྱུས་ཉུང་བསྡུས།
བསམ་གཏན་ཚེ་རིང་མཆོག་ནི་1962ལོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་སེང་ཟེ་གྲོང་སྡེ་རུ་སྐྱེས་ལ། ཆུང་དུས་ནས་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱོང་སྟོབས་ཀྱི་ཡོན་ཏན་ལ་བརྟེན་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད། 1968ལོའི་ཟླ་8པ་ནས་1974ལོའི་ཟླ་8པའི་བར། ཡུལ་ཤུལ་རྫོང་སྐྱེ་དགུ་མདོ་སེང་ཟེ་གྲོང་ཚོའི་སློབ་ཆུང་དུ་ཞུགས་ནས་བོད་ཀྱི་སྐད་དང་ཡི་གེ་གཙོར་བྱས་ཏེ་རྒྱ་ཡིག་དང་བསླབ་བྱ་གཞན་དག་ལ་སློབ་གཉེར་བྱེད་འགོ་བརྩམས། 1974ལོ་ནས་1979ལོའི་བར། ཡུལ་ཤུལ་ཁུལ་མི་རིགས་དགེ་ཐོན་སློབ་གླིང་དུ་དམའ་རིམ་དང་འབྲིང་རིམ་སློབ་གྲྭར་འགྲིམས་ཤིང་། རིག་གནས་སྤྱི་དང་ཁྱད་པར་དུ་སུམ་རྟགས་དག་གསུམ། སྙན་ངག་སོགས་ཐུན་མོང་རིག་གནས་ལ་སྦྱོང་བ་གནང་། 1979ལོར་མི་རིགས་སློབ་གསོའི་ལས་དོན་ལ་དགའ་མོས་དང་།ལྷག་པར་དུ་ཕ་ཡུལ་གྱི་སློབ་གསོ་ལ་རང་ནུས་ཅི་ལྕོགས་ཀྱིས་ཞབས་འདེགས་རེ་སྒྲུབ་པའི་ཕུགས་བསམ་བཅངས་ནས་ཡུལ་ཤུལ་རྫོང་མི་རིགས་སློབ་འབྲིང(ད་ལྟའི་ཡུལ་ཤུལ་མི་རིགས་སློབ་འབྲིང་དང་པོ)རུ་ལས་ཞུགས་གནང་ནས་དགེ་རྒན་ཀྱི་ཕྱག་ལས་གནང་སྟེ་སློབ་མ་བསྐྱངས། ཁོང་གིས་ནམ་ཡང་ལས་ཀར་ནན་ཏན་དང་འཐུས་ཤོར་མེད་པར་སྒྲུབ་ལ། སློབ་གསོའི་བྱ་བཞག་ལ་དུང་བས་སློབ་མ་རྣམས་ཀྱི་དགེ་རྒན་བཟང་པོར་གྱུར། གཞོན་པའི་དུས་སུ་ཁོང་ལ་ཤེས་བྱ་ཡོན་ཏན་དང་རིག་གནས་སྤྱི་ལ་སྐོམ་པས་ཆུ་འདོད་པ་ལྟ་བུའི་སྦྱང་འདོད་ཀྱི་བློ་དྲག་ཏུ་འཕྱུར་བས། སློབ་ཁྲིད་དང་ལས་ཞོར་དུའང་སློབ་སྦྱོང་འཐུས་ཤོར་དུ་མ་བཏང་བར་འབད་པས་སྦྱངས། དེ་ཡང་དབུ་མ་འཇུག་པ་ལས། ཡོན་ཏན་མ་ལུས་བརྩོན་པའི་རྗེས་འགྲོ་ཞིང་ཞེས་གསུངས་པ་བཞིན། 1984ལོར་སློབ་ཆེན་འགྲིམས་པའི་བསྐལ་པ་བཟང་པོ་ཐོབ། དེ་བས་་རིག་པའི་གནས་ཀུན་ལ་འཇུག་པའི་རེ་འདོད་དང་ཕུགས་བསམ་ཡིད་ལ་བཅངས་ཏེ། རིང་ནས་འདྲིས་པའི་སློབ་མ་དང་ཕ་ཡུལ་བསྐྱུར་ནས་རྡོག་ཁྲིག་ཁུར་ཏེ་རྒྱང་རིང་གྲོང་ཁྱེར་ལན་ཀྲུའུ་རུ་བསྐྱོད། དེར་ནུབ་བྱང་མི་རིགས་སློབ་གླིང་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྡེ་ཁག་ཏུ་ཞུགས་ནས་ལོ་བཞིའི་རིང་བོད་ཀྱི་སྐད་དང་ཡི་གེའི་ཆེད་ལས་གཙོར་བྱས་ནས་རྒྱ་བོད་རིག་གནས་སྤྱི་ལ་སློབ་སྦྱོང་བྱས་ནས་ཤེས་རམས་ཞིབ་འཇུག་སློབ་མའི་སློབ་གནས་བླངས། 1988ལོའི་ཟླ་8པར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཞུགས་ནས་བོད་རིག་པའི་ཞིབ་འཇུག་གི་ལས་ཀ་གཉེར་འགོ་ཚུགས། སྔ་གཞུག་ཏུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཡིག་ཚགས་དཔྱད་ཞིབ་ཁང་དང་། དཔེ་མཛོད་ཁང་། བོད་ལྗོངས་རིག་གནས་བཤམས་སྟོན་ཁང་གི་གྲ་སྒྲིག་ཚོ་ཆུང་། ཀྲུང་ཧྭ་བོད་ཡིག་རིག་མཛོད་གཞུང་ལས་ཁང་བཅས་ཚན་པ་ཁག་ཏུ་ལས་ཀ་གཉེར་ལ། ཞིབའཇུག་གི་ལས་ཀ་གཙོ་བོར་བོད་ལྗོངས་ལོ་རྒྱུས་ཡིག་ཚགས་དག་སྒྲིག །ཡིག་བསྒྱུར་དང་ཞིབ་འཇུག །བོད་ཡིག་གི་དཔེ་རྙིང་བསྡུ་སྒྲིག་དང་སྲུང་སྐྱོབ། པར་བསྐྲུན་བཅས་བོད་ཀྱི་ཤེས་རིག་ཞིབ་འཇུག་དང་རྒྱུན་འཛིན་ལ་སྨན་པའི་ལས་ཀ་རབ་དང་རིམ་པ་སྒྲུབ། ཁོང་གིས་དེ་སྔར་བོད་ལྗོངས་རིག་གནས་འགྲེམས་སྟོན་ཁང་གི་གྲ་སྒྲིག་ཚོ་ཆུངགི་ཀྲུའུ་རེན་གཞོན་པའི་འགན་ཁུར་ལ། ད་ལྟ་དཔེ་མཛོད་ཁང་གི་འགོ་གཙོ་དང་ཀྲུང་ཧྭ་བོད་ཡིག་རིག་མཛོད་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་ཁུར་ཡོད། སྔ་རྗེས་སུ་ཀྲུང་གོའི་བོད་རིག་པའི་འཐུས་ཚབ་ཚོགས་པའི་ཁོངས་མིར་ཞུགས་ནས་ཨ་རི་དང་འཇར་མན། ཧྥ་རན་སི། ཁཱ་ན་ཏ། ཨོ་སི་ཁྲི་ལི་ཡ། ཧང་ག་རི། ཞང་ཀང་། ཨའོ་མོན་སོགས་རྒྱལ་ཁབ་དང་ས་གནས་ཁག་ཏུ་རིག་གཞུང་བརྗེ་རེས་དང་སློབ་སྦྱོང་གི་བྱ་བར་ཕེབས།
གཉིས་པ། གཙོ་སྐྱོང་གནང་བའི་ཞིབ་འཇུག་གི་ལས་ཀའི་སྐོར།
1. བོད་དང་འབྲེལ་བའི་རྡོ་རིང་དང་ཅོང་དྲིལ་ཡིག་ཆ་ཕྱོགས་བསྒྲིགས་ཞེས་པའི་ལས་གཞི་གཙོ་སྐྱོང་གནང་བ། བསམ་གཏན་ཚེ་རིང་ལགས་ནི་བོད་ཡིག་གི་དཔེ་མཛོད་དང་ཡིག་རྙིང་སྐོར་གྱི་ཆེད་མཁས་པ་ཡིན་པས་སྔ་གཞུག་ཏུ་རྒྱབ་ཁབ་རིམ་པ་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་གཙོ་གནད་མང་པོ་གཙོ་སྐྱོང་དང་འགན་འཁུར་གནང་ལ། དེ་ལས་བོད་དང་འབྲེལ་བའི་རྡོ་རིང་དང་ཅོང་དྲིལ་ཡིག་ཆ་ཕྱོགས་བསྒྲིགས་ཞེས་པ་
ནི་རྒྱལ་ནང་གི་བོད་དང་འབྲེལ་བའི་རྡོ་རིང་ཡིག་ཆ་དང་ཅོང་དྲིལ་ཡིག་ཆ་ཕྱོགས་ཡོངས་ནས་མྱུར་སྐྱོབ་དང་རྒྱུན་འཛིན། བསྡུ་སྒྲིག་དང་ཞིབ་འཇུག །པར་བསྐྲུན་བྱེད་པ་དམིགས་ཡུལ་དུ་བཟུང་ནས། ལོ་བཅུའི་རིང་
ལ་རང་རྒྱལ་དུ་ཡོད་པའི་བོད་དང་འབྲེལ་ཡོད་ཀྱི་རྡོ་བརྐོས་དང་ཅོང་དྲིལ་ཡིག་ཆར་ཡོངས་སུ་ཞིབ་བཤེར་བགྱིས་ནས། ཐོ་འགོད་དང་པར་རིས། སྲོལ་རྒྱུན་གྱི་བཀབ་བཤུས་(拓片)སོགས་ཀྱི་ཐབས་ལམ་སྤྱད་དེ་ཉམས་ཉེས་ཐེབས་ཟིན་པའམ་ཐེབས་སླ་བའི་རིག་གནས་ལོ་རྒྱུས་ཀྱི་ཤུལ་བཞག་རྩ་ཆེན་འདི་དག་ལ་སྲུང་སྐྱོབ་དང་། དེ་བརྒྱུད་ནས་བོད་རིག་པའི་ཞིབ་འཇུག་དང་སྤྱི་ཚོགས་རིག་གནས་བྱ་བཞག་ལ་གཞོགས་
འདེགས། ཀྲུང་ཧྭ་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་སྣ་མང་རིག་གནས་དེ་སྔར་ལས་དར་སྤེལ་དང་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་འབད་རྒྱུ་དེ་ཡིན། ཁོང་གི་སྣེ་ཁྲིད་འོག་རང་རྒྱལ་གྱི་པེ་ཅིང་དང། བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ་སོགས་སུ་གནས་པའི་བོད་ཡིག་གི་རྡོ་རིང་ཡིག་ཆ་བསྡུ་སྒྲིག་བྱས་ཏེ་གླེགས་བམ་ལྔ་ཙམ་གྲུབ་པར་བྱས་ཡོད།
2. ཀྲུང་ཧྭ་བོད་ཡིག་རིག་མཛོད་ཆེན་མོའི་ལས་གཞིར་ཞུགས་པ། ཏང་དང་རྒྱལ་ཁབ་ཀྱིས་ཀྲུང་ཧྭའི་རིག་གནས་འཕེལ་རྒྱས་གཏོང་བར་སྲིད་ཇུས་རབ་དང་རིམ་པ་སྤེལ་ལ། བོད་ཡིག་དཔེ་རྙིང་བསྡུ་སྒྲིག་དང་པར་བསྐྲུན་བྱ་བ་ནི་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ། རྒྱུད་འཛིན། དར་སྤེལ་གཏོང་ཐབས་གལ་ཆེན་ཞིག་ཡིན་སྟབས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ་ཞེས་པའི་ལས་གཞི་སྤེལ་ནས་བོད་ཡིག་གི་དཔེ་རྙིང་བསྡུ་སྒྲིག་པར་སྐྲུན་བྱ་བའི་ལས་ཀ་རྒྱ་ཆེར་བསྒྲུབས། དེར་ཁོང་གིས་ཀྲུང་ཧྭ་བོད་ཡིག་རིག་མཛོད་ཆེན་མོའི་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པའི་འགན་འཁུར། ད་ལྟའི་བར་《ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ》དང《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུམ་འབུམ》《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ》《མར་མི་དྭགས་ཀྱི་གསུང་འབུམ》《འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་འབུམ》སོགས་གསུང་འབུམ་པོད་2000ལོར་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། ལས་གཞི་འདིས་བོད་ཡིག་གི་དཔེ་རྙིང་ཁྲི་ལྷག་བསྡུ་སྒྲིག་པར་བསྐྲུན་གནང་འཆར་འདུག །
3. གཙོ་སྐྱོང་གནང་བའི་ལས་གཞི་གཞན་དག །《ཡོན་རྒྱལ་རབས་ཚུན་ནས་བོད་ས་གནས་སྲིད་གཞུང་དང་ཀྲུང་དབྱང་སྲིད་གཞུང་བར་གྱི་འབྲེལ་བའི་སྐོར་གྱི་ཡིག་ཚགས་སྒྱུར་སྒྲིག》ཅེས་པའི་ལས་ཀར་ཞུགས་ཤིང་། ལས་གཞི་འདི་ནི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་བདུན་ལྔའི་འཆར་བཀོད་ཀྱི་གཙོ་གནད་ཚན་ཞིབ་རྣམ་གྲངས་གི་གྲས་སུ་ཚུད་ལ། ད་ལྟ་དེབ་ཡོངས་སུ་པར་སྐྲུན་བྱས་ཡོད། 《ཀྲུང་ཧྭ་མིན་གོའི་བོད་དོན་གསལ་བའི་མེ་ལོང》ཞེས་པའི་བསྡུ་སྒྲིག་གི་ལས་ཀར་ཞུགས་ཤིང་།དེབ་འདི་ནི་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་བརྒྱད་ལྔའི་འཆར་གཞིའི་གཙོ་གནད་ཚན་ཞིབ་རྣམས་གྲངས་ཡིན་ལ། ད་ལྟ་དེབ་ཡོངས་སུ་པར་སྐྲུན་བྱས།
གསུམ་པ། སྤྱི་ཚོགས་འགན་བཞེས་ཀྱི་སྐོར།
ཁོང་གིས་ཞིབ་འཇུག་དང་ལས་ཀའི་ཞོར་དུ་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ཀྱི་སྐབས་གསུམ་པའི་ལས་འཛིན། ཀྲུང་ཧྭ་བོད་ཡིག་རིག་མཛོད་ཀྱི་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཁོངས་མི། ཀྲུང་ཧྭ་བོད་ཡིག་རིག་མཛོད་ཀྱི་བསྡུ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མཚོ་སྔོན་དགེ་ཐོན་སློབ་ཆེན་པཎ་ཆེན་ཞིབ་འཇུག་གླིང་གི་གདན་ཞུས་ཆེད་མཁས་པ། ཆིན་ཧྭ་སློབ་གྲྭ་ཆེན་མོའི་འཛུགས་སྐྲུན་སློབ་གླིང་གི་གདན་ཞུ་ཆེད་མཁས་པ་བཅས་ཆེད་མཁས་ཀྱི་ལས་འགན་བཞེས་ཡོད།
བཞི་པ། བརྩམས་ཆོས་ཀྱི་སྐོར།
1. 《རྒྱ་ནག་རྟོགས་ལྡན་བྱང་ཆུབ་འཕགས་དབང་དང་རྒྱ་ནག་མ་ཎིའི་རིག་གནས་སྤྱི་བཤད》 2012ལོའི་ཟླ་12པར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
2. ཡོན་རྒྱལ་རབས་ཚུན་ནས་བོད་ས་གནས་སྲིད་གཞུང་དང་ཀྲུང་དབྱང་སྲིད་གཞུང་བར་གྱི་འབྲེལ་བའི་སྐོར་གྱི་ཡིག་ཚགས།(དེབ་བདུན། བསྒྱུར་སྒྲིག་ཚོགས་མི།) དེབ་འདི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་བདུན་ལྔའི་འཆར་བཀོད་ཀྱི་གཙོ་གནད་ཚན་ཞིབ་རྣམ་གྲངས་གི་གྲས་སུ་ཚུད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེལ་སྤེལ་བྱས། 1999ལོར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་ཀྱི་ཕུལ་བྱུང་གྲུབ་འབྲས་ཨང་གསུམ་པ་ཐོབ། 2010ལོར་ཀྲུང་གོའི་བོད་རིག་པའི་ཇོ་མོ་གླང་མའི་བྱ་དགའ་ལས་རྨང་གཞིའི་ཡིག་ཚགས་སྐོར་གྱི་བྱ་དགའ་ཨང་གཉིས་པ་ཐོབ།
3. 《ཀྲུང་ཧྭ་མིན་གོའི་བོད་དོན་གསལ་བའི་མེ་ལོང》(བསྡུ་སྒྲིག་ཚོགས་མི།)དེབ་འདི་ནི་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་བརྒྱད་ལྔའི་འཆར་གཞིའི་གཙོ་གནད་ཚན་ཞིབ་རྣམས་གྲངས་ཡིན་ལ། 2008ལོའི་ཟླ་10པར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བཏབ། 2011ལོར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་སྐབས་གཉིས་པའི་རིག་གནས་དང་སྤྱི་ཚོགས་ཚན་རིག་གི་དཔྱད་འབྲས་ལས་དཔེ་དེབ་རིགས་ཀྱི་ཨང་དང་པོའི་བྱ་དགའ་ཐོབ།
4. 《ཁ་དོག་སྣ་ལྔའི་ཡུལ་ཤུལ། ----སེང་ཟེའི་རྒྱ་ནག་མ་ཎི་དང་ལེབ་པ་ཁོག་གི་རིག་གནས》ཞེས་པའི་དཔེ་དེབ་གཙོ་སྒྲིག་བྱས། དེབ་འདི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།
5. 《ཡུལ་ཤུལ་རིག་གནས་ཞིབ་འཇུག》(རྩོམ་པ་པོ་གཞན་དང་མཉམ་དུ་བརྩམས།)2014ལོའི་ཟླ་6པར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།
6. 《ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་དང་པོར་ཉར་བའི་བོད་ལྗོངས་དང་བོད་དོན་སྐོར་གྱི་ཡིག་ཚགས་དཀར་ཆག》 (མཉམ་སྒྱུར་བྱས།)1999ལོའི་ཟླ་12པར་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།
གཞན་ད་དུང《ཆིན་རྒྱལ་རབས་སྐབས་ཀྱི་བོད་ཡིག་གི་བརྟན་བཞུགས་འབུལ་བའི་ཡིག་ཚགས་ལ་དཔྱད་པ》དང《ཡུལ་ཤུལ་ཞི་བས་བཅིངས་འགྲོལ་བཏང་བའི་སྔ་ཕྱི》སོགས་རིག་གཞུང་དཔྱད་རྩོམ་བཅུ་ཕྲག་ལྷག་བཀོད་ཡོད་པ་རེད། །