དབྱངས་ཀྱི་སྲས་པོ་བསམ་པའི་དོན་འགྲུབ་།
བསམ་པའི་དོན་འགྲུབ།
སྤྱི་ལོ1997ལོར་ཕ་ཡུལ་མཚོ་ལྷོ་འབའ་རྫོང་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་བཟུང་པི་ཝང་སོགས་རོལ་ཆ་སྣ་ཚོགས་ལ་སློབ་སྦྱོང་བྱས་པ་དང་། སློབ་གྲྭ་ཆུང་འབྲིང་ཆེ་གསུམ་བརྒྱུད་པའི་གོ་རིམ་ཁྲོད་དུ་གླུ་དབྱངས་ལ་སློབ་གཉེར་གང་ལེགས་བྱས་ཏེ་ད་བར་དུ་གླུ་གཞས་སྒྱུ་རྩལ་གྱི་ལམ་ཁ་དོར་མ་མྱོང་ལ། མི་ཚེའི་དགའ་སྐྱོ་ཆགས་སྡང་གི་ས་ཚིགས་རེ་རེ་ནས་སྐད་ངག་གི་མཆོད་པའི་ཆུ་རྒྱུན་ཆད་དུ་བཅུག་མ་མྱོང་།
ད་ལྟ་ཁོའི་མི་སྒེར་གྱི་ཚབ་མཚོན་གླུ་གཞས་བརྩམས་ཆོས་ལ《ལས་སྐལ་ནང་གི་བྱམས་པ》དང《སྐྱིད་ཆུའི་སྲས་མོ》《རྒྱང་རིང་ཟླ་བ་ལྷ་མོ》《དུངས་པའི་རི་མོ》《རེ་སྒུག》《འགྲོ》《སྙིང་ཉེ》སོགས་ཡོད་ཅིང་། གཞན་ད་དུང་ཁོས་བརྩམས་པའི་གཞས་དབྱངས་བརྩམས་ཆོས་ལའང《མཛེས་པའི་མཚོ་སྔོན》དང《སློབ་གླུ་གསེར་བྲིས་མ》《ཕོ་བྲང་པོ་ཏ་ལ》སོགས་ཡོད། དེ་མིན2021ལོར་མཚོ་ལྷོ་ཁུལ་གེ་སར་རིག་གནས་འཁྲབ་སྟོན་ལྟེ་གནས་སུ་མི་སྒེར་གྱི་གླུ་གཞས་བརྩམས་ཆོས་དགོང་ཚོགས་འཚོགས་པར་མ་ཟད། གཏེར་ལམ་རྫོང་རིག་གནས་ཡུལ་སྐོར་དུས་ཆེན་དང་ཀོས་ནན་རྫོང་གི་ཡུལ་སྐོར་དུས་སྟོན་སྐབས་བདུན་པ་སོགས་ལ་ཡང་ཞུགས་མྱོང་།
ཇི་སྐད་དུ། འཇམ་མགོན་ས་པཎ་ཆེན་པོས《རོལ་མོའི་བསྟན་བཅོས》ལས། དད་ལྡན་རྣམས་ཀྱི་མཆོད་པ་དང་། །བཀྲེན་པ་རྣམས་ཀྱི་འཚོ་བ་དང་། །ཆགས་ཅན་རྣམས་ཀྱི་ཡིད་གཡོ་བ། །དེ་ཀུན་རོལ་མོ་མཁས་ལས་འབྱུང་། ། ཞེས་གསུངས་པ་བཞིན། རྣ་བས་མཉན་པ་ཙམ་གྱིས་ཡིད་ཀྱི་དང་བ་འདྲེན་ཞིང་སེམས་ཀྱིས་མྱངས་པ་ཙམ་གྱིས་ལུས་ཀྱི་བ་སྤུ་གཡོ་བར་བྱེད་པ་ནི་སྙན་ལ་འཇེབས་པའི་གཞས་དང་རོལ་མོས་བསྐྱེད་པའི་ཁྱད་མཚར་གྱི་ནུས་པ་ཡིན་ལ། སྙན་འཇེབས་ཀྱི་གླུ་གཞས་དང་རོལ་མོ་ཡིས་འཇིག་རྟེན་གྱི་སྤྲོ་དགའི་ཡོ་ལང་ཐམས་ཅད་རབ་ཏུ་སྤུད་པར་བྱེད་ཅིང་། མི་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་སྣ་ཚོགས་གླུ་པའི་ངག་ལ་བརྒྱུད་ཅིང་ཚོར་འདུའི་རྒྱུན་ལ་བརྒྱུས་ནས་ཀུན་གྱི་ཡིད་སེམས་ཀྱི་ཟབ་ས་ཞིག་ལ་བསྟིམས་ཤིང་འཐིམ་བཞིན་ཡོད་པས། དེ་དང་དེ་ལྟ་བུའི་གླུ་དང་རོལ་མོ་ནི་སྣང་བ་ཨ་ཐང་ཆད་དུས་ཀྱི་སྐྱོ་ངལ་སེལ་རོགས་བྱེད་ཆོག་ལ། དགའ་སྐྱོའི་ཚིགས་མལ་རེ་རེ་ནས་ནང་སེམས་ཕྱི་རུ་སྐྱོར་སྟངས་སུའང་བྱེད་ཆོག
དེ་བཞིན་དུ། དེང་གི་སྤྱི་ཚོགས་སུ་གླུ་པ་ཡིན་མིན་མང་པོའི་སྙན་མི་སྙན་གྱི་གླུ་སྐད་མང་པོས་བོད་ཡུལ་ལུང་པ་འགེངས་སྙམ་གྱིས་གང་ཡག་གང་སྙན་གྱི་དབྱེ་བའང་འབྱེད་པར་དཀའ་ནའང་། དེ་དག་གི་ཁྲོད་ནའང་རང་གི་ལམ་ཁ་རང་གིས་བསྙེགས་ནས་ཚིག་དང་དབྱངས་རྟ། རོལ་མོ་སྒྲིག་བཟོ་སོགས་ཀྱི་ལས་སྒོ་ཐམས་ཅད་ལ་རང་ཉིད་གཅིག་པུས་གཅིག་ལྕོགས་ཀྱིས་སྒྲུབ་པར་འབད་བརྩོན་བྱེད་ཀྱིན་པའི་གསར་སྐྱེས་གླུ་པའང་རེ་འགའ་བྱུང་དང་འབྱུང་བཞིན་ཡོད་དེ། གསར་སྐྱེས་གཞས་པ་བསམ་པའི་དོན་འགྲུབ་ལ་མཚོན་ནའང་འདིའི་རིགས་སུ་གཏོགས་ཤིང་། ལོ་ཆུང་ངུའི་དུས་ནས་གླུ་གཞས་གཏོང་ལེན་ལ་སྦྱངས་བརྩོན་བྱས་ཁར། གླུ་གཞས་གསར་རྩོམ་ལའང་གཡེལ་མེད་དུ་འབད་པ་ལས། ཉན་མཁན་ཁྲི་སྟོང་མང་པོའི་སེམས་ངོགས་དང་སྙན་ལམ་དུ་མེ་ཏོག་བཞིན་འཛུམ་ཞིང་ཁུ་བྱུག་བཞིན་འཇགས་ཡོད།
གླུ་གཞས་བརྩམས་ཆོས《སྐྱིད་ཆུའི་སྲས་མོ》ཡི་སྤྱི་སྒྲོག་བརྡ་ཁྱབ།
མདོ་འཛིན་པ། གླུ་པ་བསམ་པའི་དོན་འགྲུབ། ཕལ་ཆེར་ན་ནིང་གི་ལོ་གསར་ཚེས་ཁ་ཞིག་ལ། ཁྱོད་ཀྱིས《ལས་སྐལ་ནང་གི་བྱམས་པ》ཞེས་པའི་གླུ་གཞས་དེ་དྲ་ལམ་སོ་སོར་བཀྲམས་པ་དང་། དེ་ལ་ཉན་མཁན་ཁྲི་སྟོང་མང་པོས་ཀྱང་དགའ་བསུ་ཐོབ་ཡོད་པར་མ་ཟད། ན་ནིང་དོ་ཚིགས་ལ་ལྷག་པར་དུ་གཉེན་སྒྲིག་འདྲ་པར་དང་གཉེན་སྟོན་སོགས་གྱི་རྒྱབ་ལྗོངས་རོལ་མོར་བཞག་སྟེ་ས་ཁྱབ་རྡོ་ཁྱབ་ཏུ་སོང་འདུག དེས་ན། ཁྱོད་རང་ཉིད་ཀྱིས་གླུ་གཞས་འདི་རྒྱབ་ལྗོངས་ག་འདྲ་ཞིག་གི་འོག་ནས་བརྩམས་པ་དང་། གླུ་གཞས་འདི་གསར་རྩོམ་བྱས་པའི་བརྒྱུད་རིམ་སྐོར་ནས་ཁ་བརྡ་ཐུང་ཐུང་ཞིག་བྱེད་རོགས།
བསམ་པའི་དོན་འགྲུབ། འོ་ཡ། ང་རང་གི་བརྩམས་ཆོས《ལས་སྐལ་ནང་གི་བྱམས་པ》ཞེས་པ་འདི་ནི་སྤྱི་ལོ2020ལོའི་ལོ་མཇུག་ཙམ་ལ་དུས་ཚོད་ཀྱང་ངེས་ཅན་ཞིག་བཀོལ་ནས། གཞས་དབྱངས་དང་གཞས་ཚིག་གཉིས་ཀ་ང་རང་ཉིད་ཀྱིས་གསར་རྩོམ་བྱས་པའི་བརྩམས་ཆོས་ཤིག་ཡིན། དེ་ནས་བརྩམས་ཆོས་འདི་ཡི་ཆེས་ཐོག་མའི་ཉན་མཁན་གྱི་དམིགས་བྱའམ་བཀོལ་སྤྱོད་ཀྱི་ཁ་ཕྱོགས་གང་ཡིན་ཟེར་ན། དེ་ནི་གཙོ་བོར་རང་ཉིད་ཀྱི་གཉེན་སྒྲིག་འདྲ་པར་གྱི་རྒྱབ་ལྗོངས་རོལ་མོར་དམིགས་ནས་བརྩམས་པ་ཡིན་ལ། སྤྱིར་བརྩམས་ཆོས་གང་ཞིག་ཡིན་རུང་དེ་ལ་གང་དེའི་རྒྱབ་ལྗོངས་རེ་དང་བརྒྱུད་རིམ་རེ་ངེས་པར་ཡོད་སྲིད་པ་རེད། ཡིན་ནའང་། ང་རང་ཉིད་ཀྱི་བསམ་ཚུལ་ལ་རྩོམ་པ་པོ་གང་ཡིན་པ་དེའི་རང་ཉིད་ཀྱི་རྒྱབ་ལྗོངས་དེ་འཚོ་བ་དངོས་ཡིན་ན་དོན་སྙིང་ལྡན་པར་བསམས། དེའི་རྐྱེན་གྱིས་བརྩམས་ཆོས་འདི་ལ་མཚོན་ན་ང་རང་གི་གཉེན་སྒྲིག་གི་ཤིས་ཚིག་ཅིག་གི་ཚུལ་དུ་བརྩམས་པ་ཡིན་ཞེས་བརྗོད་ཀྱང་ཆོག
མདོ་འཛིན་པ། ཁྱོད་རང་གླུ་པ་ཞིག་ཡིན་པའི་ངོས་ཐད་ནས། ཁྱོད་ཀྱིས་བལྟས་ན་དེང་སྐབས་ཀྱི་གླུ་པ་ཞིག་ཡིན་ན་སྐད་ངག་བདེ་མོ་ཞིག་ཡོད་པའི་རྨང་གཞིའི་ཕན་ནས། གཞན་ཡང་ཕྱོགས་གང་དག་གི་ཆ་རྐྱེན་འཛོམས་དགོས་པར་བསམ།
བསམ་པའི་དོན་འགྲུབ། རེད་རེད། ང་རང་གི་བསམ་ཚུལ་ཙམ་བཤད་ན། སྤྱིར་ན་གླུ་པ་ཞིག་ལ་ཆ་མཚོན་ན་གཅིག་ནས་ལྷན་སྐྱེས་ཀྱི་སྐད་ངག་ཡག་པོ་ཞིག་ཡོད་དགོས་པ་ནི་རྨང་གཞི་དང་མ་མཐའི་ཆ་རྐྱེན་རེད། འོན་ཀྱང་རྨང་གཞི་དེ་ཡོད་པ་ཙམ་གྱིས་མི་ཆོག་པས་གཉིས་སུ་གླུ་དབྱངས་གཏོང་ལེན་དང་འབྲེལ་བའི་གཞུང་ལུགས་སྐོར་ལ་སློབ་སྦྱོང་གང་འཚམ་བྱས་ན་འགྲིག་པ་དང་། གསུམ་ནས་རྩོམ་པ་པོ་ཁོ་རང་ཉིད་ཀྱི་འཚོ་བ་དངོས་ལ་སྦྱར་ཏེ་གཞས་དབྱངས་དང་གཞས་ཚིག་རྩོམ་ཐུབ་ན་དོན་སྙིང་ཆེ་རུ་ལྡན་པར་བསམས། བཞི་ནས་གཞས་པ་ཞིག་ལ་མཚོན་ན། རོལ་ཆ་འགའ་རེར་ཡང་སློབ་སྦྱོང་བྱས་ཏེ་དཀྲོལ་ཤེས་པ་དང་རྡུང་ཤེས་ཚེ་གླུ་གཞས་གསར་རྩོམ་གྱི་ཕྱོགས་ནས་རང་ཉིད་ལ་རོགས་འདེགས་མང་པོ་ཞིག་བྱེད་ཐུབ་པར་འདོད། དེ་ལྟར་བྱས་ནས་རོལ་མོ་དེ་རང་ཉིད་ཀྱི་དགའ་ཕྱོགས་སུ་འགྱུར་བར་བྱས་ན། ད་གཟོད་གླུ་གཞས་གཏོང་ལེན་གྱི་ལས་དེ་ཧ་ཅང་ཡུན་བརྟན་པའམ་ལམ་བུ་དེ་རྒྱུན་རིང་བ་ཞིག་ཡོང་ཐུབ་པར་བསམ།
རྣོ་སྦྲེང་སྦྱོང་བཞིན་པ།
སྒྲ་སྙན་དཀྲོལ་བཞིན་པ།
མདོ་འཛིན་པ། རེད་རེད། དེས་ན་མཚམས་འདི་ནས་ཁྱོད་རང་དང་ཐོག་གླུ་གཞས་གསར་རྩོམ་གྱི་ལམ་ཁ་འདི་ལ་ཇི་ལྟར་ཞུགས་པ་དང་། གླུ་གཞས་གསར་རྩོམ་གྱི་བརྒྱུད་རིམ་ཁྲོད་ནས་དགའ་འོས་པའི་དོན་དག་དང་དཀའ་ཁག་གང་དང་ཅི་འདྲ་ཞིག་ལ་འཕྲད་མྱོང་བ་ཡོད་དམ། དེའི་སྐོར་ནས་ཁ་བརྡ་ཐུང་ངུ་རེ་བྱེད་རོགས།
བསམ་པའི་དོན་འགྲུབ། ང་རང་ཉིད་ལ་མཚོན་ན། ན་ཆུང་བའི་དུས་ཙམ་ནས་གླུ་དབྱངས་ལེན་པར་ཧ་ཅང་དགའ་མོས་ཆེ་བ་དང་། རིམ་བཞིན་སློབ་གྲྭར་འགྲིམས་ཏེ་མཐོ་འབྲིང་ལ་སླེབས་རྗེས་ད་གཟོད་གླུ་དབྱངས་ཀྱི་རྨང་གཞིའི་ཤེས་བྱ་སློབ་སྦྱོང་བྱེད་པའི་མགོ་བརྩམས་པ་ཡིན། དེ་ནས་རིམ་བཞིན་སློབ་གྲྭ་ཆེན་མོར་སླེབས་རྗེས་ཁོར་ཡུག་གི་ཤུགས་རྐྱེན་གྱི་དབང་གིས་ཟེར་ཆོག་སྟེ། སྐབས་དེ་ནས་བཟུང་མི་རིགས་གཞན་གྱི་གླུ་དབྱངས་ལ་སློབ་སྦྱོང་བྱས་ནས་སློབ་གྲྭ་སོགས་ཀྱི་གར་སྟེགས་མང་པོ་ཞིག་ཏུ་མི་རིགས་གཞན་པའི་སྐད་ཀྱི་གླུ་དབྱངས་ཏེ་རྒྱ་གླུ་གཙོར་བྱས་ནས་བླངས་པ་ཡིན། དེ་ནས་རིམ་བཞིན་སློབ་གྲྭ་ཆེན་མོའི་ལོ་རིམ་གཉིས་པར་ཐོན་རྗེས། ད་གཟོད་རང་ཉིད་ཀྱིས་གླུ་གཞས་གསར་རྩོམ་གྱི་ཕྱོགས་ལ་འབད་འབུངས་བྱེད་དགོས་པར་བསམས་ནས། རང་རིགས་ཀྱི་སྐད་ཡིག་གི་ལམ་ནས་རང་གི་བརྩམས་ཆོས་ཐོག་མ《དུངས་པའི་རི་མོ》ཞེས་པ་དེ་གསར་རྩོམ་བྱས་ནས་དྲ་ལམ་སོ་སོར་བཀྲམས་པ་ཡིན། བརྩམས་ཆོས་འདི་ལྟ་བུར་མཚོན་ན། གསར་རྩོམ་བྱེད་པའི་གོ་རིམ་ཁྲོད་དུ་དཀའ་ཁག་མི་ཉུང་བ་ཞིག་ལ་འཕྲད་པ་དང་ནང་སྒོས་སུ་སྐབས་དེར་རང་ཉིད་སློབ་མ་ཞིག་ཡིན་པའི་ཆ་ནས་གཅིག་ཏུ་ན་དཔལ་འབྱོར་གྱི་དཀའ་ཁག་ཆེ་བ་དང་། གཉིས་ནས་ཐོག་དང་པོ་ཡིན་པས་ཉམས་མྱོང་ཡང་ཕུན་སུམ་ཚོགས་པ་ཞིག་མི་འདུག་པས་དཀའ་ཁག་ཡང་མང་པོ་ཞིག་ལ་འཕྲད་མྱོང་། ཡིན་ནའང་། རྗེས་ནས་རིམ་གྱིས་རང་གི་བརྩམས་ཆོས་དེ་ཅུང་ལེགས་འགྲུབ་བྱུང་ནས་ཉན་མཁན་མང་པོས་དགའ་བསུ་ཐོབ་པས། རང་གི་སེམས་ནས་ཀྱང་དགའ་སྤྲོ་ཚད་མེད་ཅིག་སྐྱེས་ཤིང་སེམས་ལ་སྐུལ་ལྕག་ཐེབས་མྱོང་ལ། བརྩམས་ཆོས་ལ་ཕྱིར་ལྟ་བྱས་ན་མི་འདང་ས་དང་མ་འཁྱོངས་སའང་མང་པོ་ཞིག་ཡོད་པ་མཐོང་བས་རྗེས་ཕྱོགས་དེའི་སྐོར་ལ་བཅོས་བསྒྱུར་བྱེད་དགོས་སྙམ་པའི་སེམས་ཚོར་ཡང་མང་པོ་སྐྱེས་སོང་།
མདོ་འཛིན་པ། རེད་ལགས། ད་ལྟའི་བར་དུ་ཁྱོད་ལ་ཕལ་ཆེར་བཀྲམས་ཟིན་པའི་རྐྱང་གཞས་ལ་ལྔ་དྲུག་ཅིག་འདུག འདི་དག་མ་གཏོགས་ད་དུང་བཀྲམས་མེད་པ་དང་གྲ་སྒྲིག་བྱེད་ཀྱིན་པའི་གླུ་གཞས་གསར་པ་གང་དང་གང་ཞིག་ཡོད། དེ་དང་འབྲེལ་ནས་མ་འོངས་པའི་འཆར་གཞིའི་སྐོར་ནས་ཀྱང་ཁ་བརྡ་ཞིག་བྱེད་རོགས།
བསམ་པའི་དོན་འགྲུབ། ད་ལྟ་རང་ཉིད་ཀྱིས་གྲ་སྒྲིག་བྱེད་བཞིན་པའི་བརྩམས་ཆོས་ཀྱང་འགའ་ཞིག་ཡོད་དེ། དང་པོ་ཡིན་ན་ཚིག་དང་དབྱངས་གཉིས་ཀ་རང་གིས་བརྩམས་པའི《ཉི་ཟླ་རི་བོ》ཞེས་པ་ཞིག་ཡོད། ཉི་ཟླ་རི་བོ་འདི་ལ་མཚོན་ན་ང་ཚོ་མཚོ་སྔོན་ས་ཆའི་མིང་གྲགས་ཅན་གྱི་རི་བོ་ཞིག་ཡིན་པས། ནང་ལོགས་ཀྱི་ཡུལ་སྐོར་པ་མང་པོ་ཞིག་གིས་ཀྱང་ཉི་ཟླ་རི་བོ་འདི་ངོ་ཤེས་ཀྱིན་ཡོད་པ་དང་། ང་རང་ཉིད་ཀྱང་སྔོན་ཆད་སློབ་གྲྭར་འགྲོ་སྐབས་རྒྱུན་དུ་ཉི་ཟླ་རི་བོ་འདི་མཐོང་ཐུབ་པའི་དབང་གིས། གླུ་ཚིག་འདི་འབྲི་དུས་ཀྱང་ཆེད་དུ་ཉི་ཟླ་རི་བོའི་ཡུལ་དངོས་སུ་སོང་ནས་སྐབས་ཐོག་དེའི་ཁོར་ཡུག་གི་མཛེས་ལྗོངས་ལ་མྱོང་རོལ་བྱས་ཏེ། ཁ་པར་སོགས་ཀྱི་ནང་འདྲ་པར་བླངས་ནས་ཕྱིར་ལོག་རྗེས་ཡུན་གྱིས་གླུ་ཚིག་བརྩམས་པ་ཡིན། དེ་ནས་གླུ་གཞས་གཉིས་པ་སྟེ《ཡབ་ཡུམ་གྱི་འཕྲིན》ཞེས་པ་ཡང་ཚིག་དང་དབྱངས་གཉིས་ཀ་རང་ཉིད་ཀྱིས་བརྩམས་པ་ཡིན་ཏེ། རང་ཉིད་ནམ་རྒྱུན་ཕ་མ་དང་བར་ཐག་རིང་བའི་རྐྱེན་གྱིས་རྒྱུན་པར་ཕ་མ་གཉིས་ཀ་དྲན་པའི་དུས་སུ་འཕྲིན་པ་ལྟ་བུ་ཞིག་འབྲི་དགོས་བསམས་པ་དེ་གླུ་ཚིག་གི་རྣམ་པ་རུ་བྲིས་པ་ཡིན། གླུ་གཞས་གསུམ་པ་སྟེ《ཕ་ས་ཕ་ཡུལ》ཞེས་པ་དང《འཇིག་རྟེན་འདི་ཆེ་ན་ཡང་ཁྱོད་དང་འུ་གཉིས་ཤིན་ཏུ་ཆུང》ཞེས་པ་གཉིས་ཀྱི་ཚིག་རྩོམ་མཁན་ནི་རྩོམ་པ་པོ་གཞན་ཞིག་ཡིན་ཡང་དབྱངས་རྟ་རང་ཉིད་ཀྱིས་བརྩམས་ཡོད། འདི་ལྟ་བུའི་གླུ་གཞས་བརྩམས་ཆོས་གསར་པ་འགའ་རེ་གྲ་སྒྲིག་བྱས་ཡོད་པ་དང་། དེའི་ནང་ནས་ཀྱང《ཕ་ས་ཕ་ཡུལ》ཞེས་པའི་བརྩམས་ཆོས་དེ་ཉིན་འདི་དག་ལ་རོལ་མོ་སྒྲིག་སྦྱོར་དང་སྒྲ་འབེབ་བྱེད་བཞིན་པའི་སྒང་ཡིན།
མདོ་འཛིན་པ། རེད་རེད། དེ་ཡིན་ན་ཁྱོད་ཀྱི་གླུ་གཞས《རྒྱང་རིང་ཟླ་བ་ལྷ་མོ》ཞེས་པ་དེ་ལ་མཚོན་ན། ང་རང་ཡང་མཉན་རྒྱུར་ཤིན་ཏུ་དགའ་བོ་ཡོད་པའི་གླུ་ཞིག་ཡིན། གོ་ཐོས་སུ་གླུ་གཞས་འདི་ནི་ཁྱོད་རང་སློབ་གྲྭའི་ནང་ཡོད་སྐབས་གསར་རྩོམ་བྱས་པ་ཞིག་སྟེ། ཚིག་དབྱངས་དང་རོལ་མོ་སྒྲིག་བཟོ་སོགས་ཁ་ཚང་ཁྱོད་རང་ཉིད་ཀྱིས་ལས་པ་རེད་ཟེར། དེས་ན་དེ་རིང་འདི་རུ་ཚན་པ་གཅིག་བླངས་ན་ཆོག་གམ།
བསམ་པའི་དོན་འགྲུབ། ཆོག་གི གླུ་དབྱངས་དེ་ནི་ང་རང་གིས་སློབ་གྲྭ་ཆེན་མོའི་སྐབས་སུ་བརྩམས་པའི་གླུ་དབྱངས་ཤིག་རེད། དེའི་ཚིག་དབྱངས་གཉིས་ཀ་རང་ཉིད་ཀྱིས་གསར་རྩོམ་བྱས་པ་དང་། རོལ་མོ་ནི་སྐབས་ཐོག་དེར་སློབ་གྲྭའི་ནང་ལྷན་དུ་རོལ་མོ་སྦྱོང་བཞིན་པའི་གྲོགས་པོ་འགའ་ཡོད་པ་དེ་ཚོ་དང་མཉམ་དུ་རང་ཉིད་གཙོར་བྱས་ཏེ་བཟོས་པའི་བརྩམས་ཆོས་ཤིག་ཡིན། དེས་ན་དེ་རིང་འདི་ནས་ཚན་པ་དུམ་བུ་གཅིག་ལེན་ཡ།
“རྒྱང་རིང་ཟླ་བ་ལྷ་མོ། །
མངོན་སུམ་མཐོང་བ་མེད་རུང་། །
དུངས་པའི་སྐར་མ་འོད་ཆུང་། །
ཡུན་གཅིག་བྲལ་བ་མ་མྱོང་། །
སྤྲིན་པ་ཡར་འགྲོ་ཞིག་ལ། །
དྲན་པ་ཡིད་ཀྱི་རི་མོ། །
ཉིན་མཚན་དབྱེ་བ་མེད་པར། །
བསྐུར་བ་ལན་གཅིག་མ་ཡིན། །
དགའ་བ་མཚོ་ཆུའི་ཁ་ཡིན། །
དུངས་པ་རྨ་ཆུའི་འགྲམ་ཡིན། །
དྲན་སྣང་ལོ་ཟླའི་བར་ནས། །
ན་ཟུག་དབྱངས་ལ་བཀུག་ཡོད། །
བུ་མོ་བུ་མོ་མ་གསུངས། །
ན་ཟུག་དབྱངས་ལ་བཀུག་ཡོད། །”
མདོ་འཛིན་པ། ངོ་མ་སྙན་མོ་བླངས་བྱུང་། ཡུལ་དངོས་ནས་ཉན་པ་ནི་ཚོར་བ་གཞན་ཞིག་རེད། བཀའ་དྲིན་ཆེ།
བསམ་པའི་དོན་འགྲུབ། འོ་ཡ་ཡ།
མདོར་ན། བསམ་པའི་དོན་འགྲུབ་ནི་རོལ་དབྱངས་སྒྱུ་རྩལ་ལ་དད་པ་རྩེ་གཅིག་ཏུ་སྒོམ་མཁན་ཞིག་ཡིན་ལ། ལང་ཚོའི་དཔལ་གྱིས་བརྟས་པའི་ན་གཞོན་འདིས་ངག་བདེ་མོ་ཞིག་དབྱངས་སུ་འགུག་པ་ཁོ་ན་ཙམ་མ་ཡིན་པར། གཞས་ཚིག་དང་གཞས་གདངས། རོལ་མོ་སྒྲིག་སྦྱོར་སོགས་ཀྱང་རང་གིས་གཅིག་ལྕོགས་སུ་ནུས་པས། ཁོ་ནི་གསར་རྩོམ་རང་བཞིན་གྱི་གཞས་པ་ཞིག་རེད་ཅེས་བརྗོད་ཀྱང་འགལ་བ་མེད། ལོ་འདི་དག་གི་རིང་ལ་ཁོའི་གླུ་གཞས་བརྩམས་ཆོས་མང་པོ་ཞིག་སྤྱི་ཚོགས་སྟེང་བཀྲམས་ནས་ཉན་མཁན་ཁྲི་སྟོང་མང་པོས་དགའ་བསུ་ཐོབ་ཀྱིན་ཡོད་པས། ང་ཚོས་ཀྱང་གཞས་པ་བསམ་པའི་དོན་འགྲུབ་གྱིས་མ་འོངས་པར་ཡང་གླུ་གཞས་བརྩམས་ཆོས་མང་པོ་ཞིག་བསྣམས་ཡོང་བ་དང་ཁོའི་གླུ་གཞས་སྒྱུ་རྩལ་གྱི་ལམ་ཁ་སྔར་ལས་ཡངས་པའི་བཀྲ་ཤིས་སྨོན་འདུན་ཞུ་ཞིང་། ཁོའི་ཐུན་མིན་གྱི་ཁྱད་ཆོས་མངའ་བའི་གླུ་གཞས་དེ་ཚོ་ཁྱེད་ཅག་གི་རྣ་བའི་བཅུད་དང་ཡིད་ཀྱི་གསོས་སུ་འགྱུར་བའི་སྨོན་འདུན་སྙིང་ནས་ཞུས་པ་ཡིན། །