ཁེ་ན་ཏ།
བསོ་ནམས་རྡོ་རྗེས་སྒྱུར་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-02
མེ་གླིང་བྱང་མར་གནས་པའི་ཁེ་ན་ཏའི་ཤར་ཕྱོགས་ནུབ་ཀྱི་རྒྱ་མཚོ་ཆེན་པོ་དང་ནུབ་ཕྱོགས་ཞི་བདེ་རྒྱ་མཚོ་ཆེན་པོ་དང་འབྲེལ། ནུབ་བྱང་ཨ་མེ་རི་ཁའི་ཨ་ལ་སི་ཁ་ཀྲུའོ་དང་ཉེ་བར་བཅར། ལྷོ་ཕྱོགས་ཨ་མེ་རི་ཁ་དང་འདབས་འབྲེལ་དུ་གནས་ཤིང་། བྱང་ཕྱོགས་ཆབ་རོམ་རྒྱ་མཚོ་བྱང་མ་དང་མཚེས་མར་བཅར། མིང་ཁུངས་ལྟར་ན། ཁེ་ན་ཏ་ཞེས་པ་ནི་གནའ་བོའི་ཨིན་དེའི་སྐད་ཡིན་པ་དང་། ཚོ་བའམ་གྲོང་ཚོའི་དོན་དུ་འགྲེལ། ཁེ་ན་ཏ་ནི་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོས་ཤིན་ཏུ་མགྱོགས་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། གཏེར་ལས་དང་ཤིང་ཆའི་ལས་སྣོན། ཤོག་བུའི་ལས་སྣོན། གློག་ཤུགས་བཟོ་ལས་སོགས་དང་འབྲེལ་བའི་ལག་རྩལ་གྱི་འཕེལ་རྒྱས་མགྱོགས་ཤིང་དཔལ་འབྱོར་གྱི་ཡོང་འབབ་ཀྱང་དེ་འབྲེལ་གྱི་བཟོ་ལས་ལ་བརྟེན་ཞིང་། གཞན་ཞིང་ལས་ཀྱི་གཞི་ཁྱོན་ཆེ་ཞིང་འདེབས་འཛུགས་ཀྱི་ལག་རྩལ་མཐོ་བས། མི་རེའི་འབྲུ་རིགས་ཀྱི་ཐོན་འབབ་འཛམ་གླིང་གི་མདུན་གྲས་སུ་ཚུད་ཡོད།
ཏའོ་ལོན་ཏའོ་བརྙན་འཕྲིན་མཐོ་ལྕོག་ནི་འཛམ་གླིང་གི་ཆེས་མཐོ་བའི་མིས་བཟོས་ཡུལ་ལྗོངས་ལ་མྱོང་རོལ་བྱེད་སར་ངོས་འཛིན་ཞིང་། དེའི་མིང་ཆ་ཚང་ལ་ཁེ་ན་ཏའི་རྒྱལ་ཁབ་བརྙན་འཕྲིན་མཐོ་ལྕོག་ཅེས་བྱ། དེའི་རིང་ཚད་ལ་སྨི་553ཡོད་པ་དང་། སྨི་446མཚམས་ཀྱི་ཡུལ་ལྗོངས་མྱོང་རོལ་བྱེད་སའི་སྟེགས་བུ་ལ་བར་སྣང་གི་པང་གཅལ་ཞེས་བྱ། མཐོ་ལྕོག་དེའི་རྨང་དབྱིབས་ཟུར་གསུམ་དུ་མངོན་ཞིང་། མཐོ་ལྕོག་ཡོངས་རིམ་པ་བཞིར་བགོས་ཡོད་པ་དང་། མཐོ་ལྕོག་གི་ནང་དུ་ཕྱི་གསལ་ནང་གསལ་གྱི་གློག་སྐས་ཡོད། བཟོ་བཀོད་ལེགས་ཤིང་རྔམ་བརྗིད་ལྡན་པའི་བརྙན་འཕྲིན་མཐོ་ལྕོག་འདི་ལ་ཡོ་རོབ་དང་མེ་གླིང་གི་བཟོ་སྐྲུན་ཆེད་མཁས་པ་མང་པོས་འཛམ་གླིང་གི་ཆེས་ཁྱད་དུ་འཕགས་པའི་བཟོ་སྐྲུན་ཞེས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་མྱངས།
ཉི་ཡ་ཁ་ལཱ་རྦབ་ཆུ་ཆེན་མོ་ནི་རིང་ཚད་ལ་སྨི་སྟོང་50ལས་མེད་པའི་ཉི་ཡ་ཁ་ལཱ་གཙང་པོའི་འབབ་རྒྱུན་དུ་ཡོད་པ་དང་། ས་ཁོངས་ལྟར་ན། ནུབ་ཁུལ་ཁེ་ན་ཏའི་རྒྱལ་ཁོངས་སུ་ཡོད་པ་དང་། ཤར་ཁུལ་ཨ་མེ་རི་ཁའི་རྒྱལ་ཁོངས་དང་ཉེ་བར་བཅར་ཡོད། བར་སྣང་ནས་དར་དཀར་གྱི་ཡོལ་བ་འཐེན་འདྲའི་རྦབ་ཆུ་འདིའི་སྟེང་ཕྱོགས་ཀྱི་ཞེང་གི་རིང་ཚད་ལ་སྨི་675ཡོད་པ་དང་དེ་ནི་འཛམ་གླིང་གི་ཞེང་ཚད་ཆེས་རིང་བའི་རྦབ་ཆུ་ཡིན། དགུན་ཁར་གཙང་པོ་ལ་ཆབ་རོམ་ཆགས་ནས་དབྱིངས་རིམ་ནས་དཀར་ཞིང་གཙང་བའི་ཆབ་རོམ་གྱི་ཟེགས་མ་རེ་རེ་འདྲིལ་བ་ན། རྔམ་བརྗིད་ལྡན་ཞིང་མཚར་སྡུག་ལྡན་པ་ཞིག་ཏུ་མངོན་ནོ། །
ཨེར་བྷོ་ཐཱ་གཏུམ་འབྲུག་སྤྱི་གླིང་ནི་འཛམ་གླིང་སྲོག་ཆགས་འགྱུར་རྡོའི་བང་མཛོད་དུ་ངོས་འཛིན་ཞིང་། སྤྱི་ལོ་1910ནས་1917ལོར་གནའ་བོའི་སྐྱེ་དངོས་ཆེད་མཁས་པ་མང་པོ་གནས་འདིར་གདན་འཛོམས་བྱུང་ནས་གཞི་ཁྱོན་ལ་སྨི་སྟོང་24ཡོད་པའི་ཁྱབ་ཁོངས་སུ། གཏུམ་འབྲུག་གི་ཀེང་རུས་300ལྷག་གསར་རྙེད་བྱུང་བ་དང་། ཀེང་རུས་དེ་དག་ནི་ཧ་ལམ་རིགས་མི་འདྲ་བའི་གཏུམ་འབྲུག་གི་འགྱུར་རྡོ་60ལྷག་གི་ཚབ་མཚོན་དུ་ངོས་འཛིན་གནང་མུར། ཨེར་བྷོ་ཐཱ་གཏུམ་འབྲུག་སྤྱི་གླིང་གནས་སའི་ཤྭ་དམར་གཙང་པོའང་གཏུམ་འབྲུག་གི་འགྱུར་རྡོ་ཆེས་མང་བའི་ས་གནས་སུ་ངོས་འཛིན་གནང་།
ཁེ་ན་ཏ་ནི་ཨིན་དིའི་མི་གཞིས་སྡོད་བྱེད་སའི་གནས་གལ་ཆེན་ཞིག་ཡིན་ཞིང་། ཨིན་དིའི་མི་ཞེས་པ་ནི་མེ་གླིང་གི་གཉུག་གནས་མི་རིགས་ཡོངས་ཀྱི་སྤྱི་མིང་དུ་འཇུག་པ་དང་། ད་ལྟའི་ངོས་འཛིན་ལྟར་ན། མེ་གླིང་ལྷོ་མ་དང་མེ་གླིང་བྱང་མའི་རྒྱལ་ཁབ་སོ་སོར་ཁྱབ་ཡོད། ཨིན་དིའི་མི་ཆོས་ཐམས་ཅད་ལ་རྣམ་ཤེས་ཡོད་པར་སྨྲ་ཞིང་། རང་བྱུང་ཁམས་ཀྱི་རྩི་ཤིང་དང་སྐྱེ་དངོས་ཐམས་ཅད་ལ་དད་གུས་བྱེད། གུས་ལུགས་ཀྱི་ཐད་ནས་སྐྱེས་པ་ཕན་ཚུན་འཕྲད་པ་དང་ཁ་བྲལ་སྐབས་ལག་འཇུ་བྱེད་པ་དང་། བུད་མེད་ཀྱིས་ཕན་ཚུན་གྱི་དཔུང་བར་དམ་པོར་བསྡམས་ནས་བརྩེ་བ་དང་གུས་ལུགས་མཚོན་པར་བྱེད། ཁོ་ཚོའི་ཆོས་ལུགས་འདུ་ཤེས་སུ་མིའི་ལུས་པོའི་གཡས་ཕྱོགས་ནི་ཉེས་པ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པར་ངོས་འཛིན་པས། ཁོ་ཚོས་ལུས་པོའི་གཡས་ཕྱོགས་ཀྱི་མགོ་ནས་རྐང་བའི་བར་སོ་སྒྱེས་དཀྲིས་ནས་གཞན་གྱིས་མི་མཐོང་བར་བྱེད་པ་དང་ལུས་པོའི་གཡོན་ཕྱོགས་ཕྱི་ལ་མངོན་དུ་འཇུག་པའི་སྲོལ་མཆིས་སོ། །
ཨིན་དིའི་མིས་བསྐྲུན་པའི་མ་ཡ་ཤེས་རིག་ནི་འཛམ་གླིང་གི་ཆེས་མིང་དུ་གྲགས་པའི་གནའ་བོའི་རིག་གནས་གྲས་ཀྱི་གཅིག་ཡིན་པར་མ་ཟད། མ་ཡ་ཤེས་རིག་བྱུང་འཕེལ་གྱི་གནས་འདི་དག་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་32.4ཡོད་པ་དང་། ཞིབ་འཇུག་པས་མ་ཡ་རིག་གནས་ཁྱབ་ཡམས་ཀྱི་མི་གྲངས་ཆེས་མང་དུས་མི་ཁྲི་1400ཡོད་པར་བཞེད། ཨིན་དིའི་མི་ནི་ལོ་ངོ་ལྔ་སྟོང་གི་སྔོན་ནས་བཟུང་དེང་གི་མེག་སི་ཁོ་དང་མེ་གླིང་བར་མའི་གུ་ཝེ་ཐི་མ་ལའི་ཞི་བདེ་རྒྱ་མཚོའི་འགྲམ་ངོགས་སོགས་སུ་འཚོ་སྡོད་ཀྱི་མེ་ཁ་གསོས་ཤིང་། མེ་གླིང་གི་གནའ་བོའི་རྡོ་ཆས་དུས་སྐབས་ནས་བཟུང་ཁོ་ཚོས་ཐོན་སྐྱེད་ཀྱིི་མགོ་བརྩམས། འཛམ་གླིང་གི་མི་རིགས་གཞན་དག་གི་འཕེལ་རིམ་དང་འདྲ་བར་མ་ཡ་མིའང་མ་རྨོས་པའི་ལོ་ཏོག་ཟོས་ཤིང་རི་དྭགས་རྔོན་པ་ནས་ཞིང་རྨོ་འདེབས་བརྒྱུད་ནས་འཕེལ་རྒྱས་བྱུང་བར་བཞེད།
ཨིན་དིའི་མིས་འབྲུ་རིགས་མང་པོ་ཐོན་སྐྱེད་བྱས་པ་སྟེ། དཔེར་ན་འབྲས་དང་ཀྲོ་མ་ཀྲི། སྲན་མ། ཞོག་ཁོག་མངར་མོ་དང་སུར་པན། དུ་རྩྭ་སོགས། དེ་དག་ལས་འབྲས་འདེབས་འཛུགས་ཐད་ཀྱི་མཛད་རྗེས་ནི་གསུབ་ཏུ་མེད་པར་བཞེད། མ་གཞི་འབྲས་ནི་མེ་གླིང་གི་རི་སྐྱེས་སྐྱེ་དངོས་ཤིག་ཡིན་ལ། རྗེས་ནས་མ་ཡའི་མིས་རྨོ་འདེབས་བརྒྱུད་ཐོན་ཚད་མང་པའི་འབྲུ་རིགས་ཤིག་ཏུ་གྱུར་བ་རེད། འབྲས་ཀྱི་རིགས་མང་ཞིང་འཚོ་བཅུད་ཕུན་སུམ་ཚོགས་པ། ཐོན་སྐྱེད་ཀྱི་ཚད་མང་བས་མེ་གླིང་གི་ཨིན་དིའི་ཨན་རིག་གནས་ཀྱི་དངོས་པོའི་རྨང་གཞིར་གྱུར་བ་རེད། རྗེས་ནས་ཡོ་རོབ་གླིང་གི་མི་མེ་གླིང་དུ་ཐོན་རྗེས་འབྲས་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་དུ་བཏང་ནས་འཛམ་གླིང་ཡོངས་ཀྱི་བཟའ་ཆས་གཙོ་བོར་གྱུར།
གནའ་རབས་ལོ་རྒྱུས་ལྟར་ན། ཡུ་ཀོན་གྲོག་རོང་ནི་ཁེ་ན་ཏ་དང་མེ་གླིང་ཤེས་རིག་གི་སྐྱེད་ཡུམ་དུ་བཞེད་ཅིང་། ཆེས་མཇུག་མཐའི་ཆབ་རོམ་དུས་རབས་སུ་ད་ལྟའི་ཁེ་ན་ཏའི་ཡུ་ཀོན་ས་ཁུལ་གྱི་ལྷོ་རྒྱུད་དང་ཤར་རྒྱུད་ནི་ཆབ་རོམ་གྱི་འཇིག་རྟེན་ཞིག་ཡིན་ནའང་། ཡུ་ཀོན་ས་ཁུལ་གྱི་ནུབ་རྒྱུད་དང་བྱང་རྒྱུད་ནས་ཨ་ལ་སི་ཁ་ལ་ཆབ་རོམ་གྱི་གནོད་འཚེ་མ་ཐེབས་ས་མེད་པ་དང་། སྐབས་དེར་གནས་དེ་ནི་མེ་གླིང་གི་གཞི་ཁྱོན་ཆེས་ཆེ་བའི་ཆབ་རོམ་མེད་པའི་སྐམ་ས་ཡིན་ཞིང་། གནའ་བོའི་རྔོན་ལས་བརྟེན་ནས་འཚོ་ཐབས་སྐྱོང་བའི་ཚོ་བ་མང་པོ་ཞིག་ཀྱང་ཡུ་ཀོན་གྲོག་རོང་བརྒྱུད་དེ་ཁེ་ན་ཏར་ཐོན་པར་བཞེད། ཁེ་ན་ཏའི་ལོ་རྒྱུས་ལྟར་ན། ཚོ་བ་སོ་སོའི་གཞིས་སྡོད་ས་ཁུལ་མི་འདྲ་བར་གཞིགས་ནས་བྱང་ཕྱོགས་ཀྱི་ནགས་ཚལ་རྔོན་པ་དང་རྩྭ་ཐང་རི་དྭགས་རྔོན་པ། བྱང་སྣེའི་དབྱིན་ཉིའུ་ཐིའི་རྔོན་པ། བྱང་རྒྱུད་ཀྱི་ཞིང་བ་དང་། ཞི་བདེ་རྒྱ་མཚོའི་འགྲམ་ངོགས་ཀྱི་ཉ་པ་དང་ཚོང་པ་བཅས་རིག་གནས་དང་འཚོ་ཐབས་ཀྱི་རྣམ་པ་མི་འདྲ་བའི་ས་ཁུལ་ལྟར་ཕྱེ་ཡོད་པ་རེད། རུ་སྤོ་ཚོ་བ་སྟེ་རྩྭ་ཐང་རི་དྭགས་རྔོན་པ་དང་བྱང་ཕྱོགས་ཀྱི་ནགས་ཚལ་རི་དྭགས་རྔོན་པ། བྱང་སྣེའི་དབྱིན་ཉིའུ་ཐི་རྔོན་པ་གང་ཡིན་རུང་།
ཚོ་བ་སོ་སོའི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བའི་གོམས་གཤིས་ལ་འདྲ་བའི་ཆ་ཤིན་ཏུ་མང་སྟེ། གཏན་སྡོད་ཀྱི་ས་ཁུལ་མེད་པར་རུ་སྤོར་ལ་བརྟེན་ནས་འཚོ་བ་དང་། ལག་རྩལ་དང་ལག་ཆ། མཚོན་ཆ། གྱོན་གོས། སྐྱེས་རྫོང་སོགས་ཧ་ལམ་མཚུངས་པ་དང་། ཚོ་པ་ཕལ་མོ་ཆེས་རྡོ་གྲི་དང་ཤིང་གྲི། རྡོ་ཁབ། སྲོག་ཆགས་ཀྱི་རུས་པ། སོ་སོགས་ལག་ཆར་སྤྱོད་པ་དང་། བྱང་སྣེ་ན་འཚོ་བའི་དབྱིན་ཉིའུ་ཐི་མིས་ཟངས་ཀྱིས་བཟོས་པའི་གྲི་དང་འཚེམ་དྲུབ་ཡོ་བྱད་སྤྱོད་པར་བཞེད།
ཁེ་ན་ཏའི་རོལ་དབྱངས་དང་ཞབས་བྲོ། རྩོམ་རིག་བརྩམས་ཆོས་སོགས་ལ་སྲོལ་རྒྱུན་རིག་གནས་ཀྱི་གྲ་མ་ཉམས་པར་ཡོད་པ་དང་། གནའ་བོའི་སྤྱི་ཚོགས་ཀྱི་བབ་ཆགས་པའི་འཚོ་བ་རོལ་སྟངས་དང་རྒྱུན་རིང་བའི་ཆོས་ལུགས་རིག་གནས་ཀྱི་ནང་རྫོང་གིས་ཕྱུག །རྩྭ་ཐང་དང་བྱང་ཕྱོགས་ནགས་ཚལ་དུ་འཚོ་སྡོད་བྱས་པའི་མི་རིགས་ཁག་གི་རོལ་དབྱངས་ཀྱི་བརྗོད་བྱ་རྔོན་གཤོར་གྱི་འཚོ་བ་དང་གནའ་བོའི་ངག་རྒྱུན། ཆོས་ལུགས་ཆོ་གས་གཙོས་ཤིང་། རོལ་ཆས་ལའང་གནའ་ཉམས་དོད་དོ། །
ཁེ་ན་ཏའི་གཞིས་སྡོད་མི་རིགས་ཀྱིས་གཙོ་བོ་རྔོན་གཤོར་གྱི་ལས་ལ་བརྟེན་ནས་འཚོ་ཐབས་སྐྱོང་བ་ཡིན་པས། ཆོས་ལུགས་རིག་གནས་ཀྱང་གཙོ་བོ་རྔོན་གཤོར་རིག་གནས་ཀྱི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བ་ཡིན་ཞིང་། ཆོས་ཐམས་ཅད་ལ་རྣམ་ཤེས་ཡོད་པར་སྨྲ་བ་དང་སྐྱེ་བ་སྔ་ཕྱི་ཡོད་པར་འདོད་པ། རྔ་རྡུང་བ་དང་མཆོད་སྦྱིན་སྣ་ཚོགས་ལ་བརྟེན་ནས་ལྷས་མགོན་སྐྱབས་གནང་བ་དང་དངོས་གྲུབ་བསྩལ་བར་འདོད་པ་ནི་ཚོ་ཁག་མང་པོའི་ཐུན་མོང་གི་ཆོས་ལུགས་སེམས་ཁམས་དང་རིག་གནས་ཀྱི་རྨང་གཞིར་ངོས་སོ། །
(བསོད་ནམས་རྡོ་རྗེ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ཕྱག་ལས་གནང་བཞིན་ཡོད།)