པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ནས་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་སྤུན་ཟླ་ཚོར་ལོ་གསར་གྱི་ཤིས་ཚིག་སྒྲོན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


       བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ལོའི་གནམ་ལོའི་རང་ཞལ་གསར་དུ་ངོམ་པའི་སྐབས་སུ། པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ནས་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན་བརྒྱུད་ནས་རྒྱལ་ཁབ་ཕྱི་ནང་དུ་བཞུགས་པའི་བོད་རིགས་སྤུན་ཟླ་རྣམས་ལ་ལོ་གསར་གྱི་བསྔོ་སྨོན་འཚམས་འདྲི་གནང་ཡོད།

       པཎ་ཆེན་རིན་པོ་ཆེ་མཆོག་ནས། བོད་རབ་བྱུང་བཅུ་བདུན་པའི་ཤིང་ལུག་ལོའི་གནམ་ལོ་གསར་ཚེས་འཆར་ལ་ཉེ་བའི་སྐབས་འདིར། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལེ་ཚན་འདི་བརྒྱུད་ནས་རྒྱལ་ཁབ་ཕྱི་ནང་གི་རྒྱ་ཆེའི་བོད་རིགས་སྤུན་ཟླ་ཚོར་ལོ་སར་གྱི་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག ངའི་རེ་བ་ནི་ཚང་མས་དཀོན་མཆོག་དང་ལས་འབྲས་ལ་ཡིད་ཆེས་དང་དད་པ་བརྟན་པོའི་སྒོ་ནས་སྡིག་སྤོང་དགེ་སྒྲུབ་དང་། རྣམ་དཀར་དགེ་བའི་ལས་ལ་འབད་པ་ཆེར་བསྐྱེད་གནང་རྒྱུ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་། ཕྱི་ནང་གི་ཀུན་སྤྱོད་བཟང་པོ་དག་རྒྱུན་འཁྱོངས་གནང་རྒྱུ་དེ་ཡིན་ཞེས་གསུངས་འདུག

         དེ་རྗེས་རིན་པོ་ཆེ་མཆོག་ནས། འཇིག་རྟེན་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ། །མི་ནད་ཕྱུགས་ནད་སད་སེར་ཐན་པ་དང་། །དམག་འཁྲུག་མུ་གེ་རྒུད་པ་ཀུན་ཞི་ནས། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག་ཅེས་པའི་སྨོན་ལམ་དང་འབྲེལ། ལོ་གསར་པའི་ནང་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས་ཞེས་བསྔོ་བ་སྨོན་ལམ་བཏབ་གནང་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1