༄༅།། ཁྱུང་རི་ལས་ཁྱུང་རྒྱུད་ཀྱི་རྗེས་ཤུལ་བཙལ་བ།

གངས་དབང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-07


        རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ལས་བྲག་སྟེང་རྒྱལ་པོ་ནི་རོང་བྲག་རྫོང་གི་བྲག་སྟེང་ཡུལ་ཤོག་གི་ཁོངས་སུ་ཡོད། རྫོང་ནས་འབར་ཁམས་ཕྱོགས་སུ་སྤྱི་ལེ་ཉི་ཤུ་ལྷག་ཙམ་སོང་རྗེས། སྟག་ལྷ་རི་ཞེས་པའི་གཞི་བདག་ཅིག་གི་རྩ་བ་ལ་སླེབས། དེ་ན་ཁང་ཤུལ་གཉིས་གསུམ་ཡོད་པ་ནི། དེ་སྔོན་དུད་ཚང་འགའ་ཆགས་ཡོད་ཀྱང་ཆུ་ལོག་གིས་དེད་པའི་ཤུལ་རེད་ཟེར། སྟག་མོ་དང་འདྲ་བའི་རི་རྒྱུད་དེའི་ལུང་པར་སོང་སྟེ་རི་སྐེད་ཙམ་ལ་སླེབས་དུས། སྟག་མོ་ཞིག་ཙོག་འདུག་བྱས་པ་ལྟ་བུའི་རི་ཧྲིལ་པོ་མཐོང་ཐུབ་པ་དང་། རྒྱང་རིང་ནས་བཞུར་ཡོང་བའི་རྒྱལ་མོ་རྔུལ་ཆུ་དང་འགྲམ་གྱི་གྲོང་ཚོ་རྣམས་ཀྱང་གསལ་པོར་མཐོང་། དེ་ནས་མུ་མཐུད་དུ་ཡུན་རིང་འགྲོ་མ་དགོས་པར། ཁྱུང་རི་ཞེས་བྲག་སྟེང་རྒྱལ་པོའི་མཁར་ཤུལ་ཡོད་ས་དེ་མིག་ལམ་དུ་མངོན། གྲོང་པ་དེ་ནི་རྒྱབ་ལ་བྲག་རི་མཐོན་པོ་གནམ་ལ་བསླངས་པ་ལྟ་བུ་དང་། མདུན་ལ་གཅལ་དུ་བཀྲམ་པའི་ཞིང་ས་ཆེན་པོའི་བར་དུ་ཆགས་འདུག །ཞིང་གི་དཀྱིལ་དུ་ཐང་ཤིང་ཆེན་པོ་ཞིག་དང་། དེའི་རྒྱབ་ཕྱོགས་ན་བྲག་སྟེང་རྒྱལ་པོའི་མཁར་ཤུལ་ཡོད་ལ། གཡས་གཡོན་ནི་བོད་ཁང་མང་པོས་བསྐོར་ཡོད་པ་བཅས་ལ་བལྟས་ན། རྒྱབ་ལ་རྟེན་ས་རི་མཐོན་པོ་དང་མདུན་ལ་འཁོར་ས་ཐང་ཆེན་པོ་ཞེས་པ་ལྟར་ས་དཔྱད་ཡག་པོ་ཞིག་རེད།

        བྲག་སྟེང་རྒྱལ་པོའི་མཁར་རྫོང་ཆགས་ས་ནི་ཁྱུང་རི་རེད་ཅེས་ཐོག་མར་ཐོས་དུས། རྒྱལ་རོང་པ་ནི་ཁྱུང་དང་ཁ་བྲལ་ཐབས་མེད་པས། ཡང་མིན་ན་ས་ཆ་དེ་ནི་ཁྱུང་གིས་གཤོག་པ་བརྐྱངས་པ་དང་འདྲ་ཞིང་། ཡང་མིན་ན་ས་རྡོ་ག་གེ་མོ་ཁྱུང་གི་མགོའམ་སྦར་མོ་དང་མཚུངས་པས། ཁྱུང་རི་ཞེས་པའི་མིང་ཐོགས་པ་ཡིན་རྒྱུ་རེད་བསམས་ཀྱང་། དངོས་སུ་མཐོང་དུས་ཁྱུང་དང་འདྲ་བ་ཞིག་མ་མཐོང་ལ་བཤད་རྒྱུན་ཡང་མི་སྣང་མོད། བྲག་མཐོན་པོ་དང་ས་ཡངས་མོ། ཆུ་གཙང་མ་དང་རྩྭ་རྩི་ཤིང་འཛོམས་པའི་ས་ཆ་སྐྱིད་པོ་ཞིག་རེད།

        དེ་ཡང་བྲག་སྟེང་རྒྱལ་པོའི་རྒྱལ་རབས་ནི། དང་པོ་གཙོ་མཆོག་དགྲ་འདུལ་དང་། གཉིས་པ་སྤྱན་མི་བཟང་། གསུམ་པ་ཀུན་དགའ་ནོར་བུ། བཞི་པ་སྟོབས་རྒྱལ། ལྔ་པ་འབྲུག་རྗེ། དྲུག་པ་རྒྱ་མཚོ་དཔལ། བདུན་པ་ཨ་དཔལ། བརྒྱད་པ་སེང་གེ་རྒྱལ། དགུ་པ་ངི་ཚངས། བཅུ་པ་ཚེ་དབང་སྐྱབས། བཅུ་གཅིག་པ་ཆུད་པོ། བཅུ་གཉིས་པ་ངུ་མཚོ། བཅུ་གསུམ་པ་སངས་རྒྱས་འབུམ། བཅུ་བཞི་པ་ཆོས་འཕེལ། བཅོ་ལྔ་པ་དབང་གྲགས། བཅུ་དྲུག་པ་ཨ་གཏེར། བཅུ་བདུན་པ་ཀུན་དགའ་མགོ་ཅན། བཅོ་བརྒྱད་པ་བཟང་པོ་དོན་འགྲུབ། བཅུ་དགུ་པ་སྟོབས་ལྡན་དབང་ཆེན། ཉི་ཤུ་པ་བསྟན་འཛིན་དབང་ཆེན། ཉེར་གཅིག་པ་ཀུན་དགའ་དབང་ལྡན། ཉེར་གཉིས་པ་ཉི་མ་དབང་ལྡན་བཅས་ཁྱོན་བསྡོམས་རྒྱལ་རབས་ཉི་ཤུ་རྩ་གཉིས་བྱུང་བར་གྲགས།

ངས་ཞིང་ཁའི་ལམ་དེད་ནས་གྲོང་པའི་དཀྱིལ་དུ་ལྷང་ངེར་ཆགས་པའི་མཁར་རྫོང་གི་ཕྱོགས་སུ་སོང་། རྒྱ་སྒོ་ཕྱེ་ནས་ནང་དུ་འཛུལ་མ་ཐག་ཐོག་མར་མཇལ་བ་ནི་མཆོད་ཁང་རྙིང་པ་ཞིག་རེད། མཆོད་ཁང་གི་སྒོའི་གཡས་ལ་གནས་ཆེན་རྒྱལ་མོ་དམུ་རྡོ་ཞེས་སེང་གེ་བཞོན་པ་ཞིག་དང་། གཡོན་ལ་དམར་པོ་རི་གསང་བཙན་གཉན་པོ་དང་། ཡུལ་རི་གཉན་ལྕམ་དཀར་མོ་བཅས་ལྡེབས་རིས་སུ་བྲིས་འདུག མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱིས། བོན་ལུགས་ལྟར་ན་རི་མགོར་གནས་པར་འདོད་པའི་ཡུལ་ལྷ་ནི་གཉན་གྱི་རིགས་སུ་བསྡུས་ཡོད་ཅིང་། དེ་དག་གི་སྣང་བརྙན་ནི་གཙོ་བོ་རྟ་ལ་བཅིབས་ནས་བཞེངས་པ་ཡིན་ནའང་སེང་གེ་དང་ཤྭ་བ། སྟག་སོགས་ལ་བཅིབས་པའང་ཡོད་ཅེས་པ་དང་། བོད་དུ་ཡུལ་ལྷ་ཞིག་ཆོས་སྐྱོང་དུ་མ་བསྐོས་པའི་བར་དུ་དེའི་སྐུ་བརྙན་དགོན་པའི་ཕྱི་ལོགས་ཀྱི་གྱང་ལྡེབས་སུ་བཀོད་སྲོལ་མཆིས་ཞེས་གསུངས་པ་ནི་བདེན་པར་གྲུབ།

ནང་དུ་དུང་འཁོར་ཞིག་བཙུགས་ཡོད་ཅིང་ཐང་ག་དང་ལྡེབས་རིས་རྙིང་པ་འགའ་ཡང་མཇལ་རྒྱུ་འདུག །ཨ་མོ་ཞེས་པའི་རྒན་མོ་ཞིག་གིས་མཆོད་མེ་སྒྲོན་བཞིན་པའི་སྒང་རེད། ངས་མོ་དང་ཁ་བརྡ་བྱེད་བཞིན་ལག་པས་དུང་འཁོར་གཡས་སུ་བསྐོར་མ་ཐག མོས་ལམ་སང་ང་བཀག་སྟེ་དགོད་འཛུམ་འཛུམ་གྱིས་ང་ཚོ་བོན་པོ་རེད། གཡོན་དུ་བསྐོར་དགོས་ཞེས་པས། ང་ངོ་ཚ་ཡང་མོ་དང་མཉམ་དུ་དུང་འཁོར་སྐོར་བ་གསུམ་བསྐོར་རྗེས་ཕྱི་ལ་བུད་དེ་མཁར་རྫོང་གི་ཤུལ་ལ་བལྟས་པ་ཡིན།

        བྲག་སྟེང་རྒྱལ་པོའི་མཁར་རྫོང་གི་སྤྱི་ཁོག་ནི་གྲུ་བཞི་མ་དང་ཁ་ལྷོ་ཕྱོགས་སུ་འཁོར་བ་ཞིག་རེད་འདུག །སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཉིས་སྟོང་ལྷག་ཙམ་ཡོད་པར་གྲགས། འཛུགས་སྐྲུན་བྱས་ཚུལ་ནི་མཁར་མཐོ་དམའ་མི་འདྲ་བ་དང་ཁང་པ་རྣམས་ལྷན་དུ་སྦྲེལ་བ་ཞིག་རེད། ད་ལྟའི་ཤུལ་ལ་བལྟས་ན། དཀྱིལ་གྱི་མཁར་རྫོང་ལ་རྩེག་དགུ་ཡོད་པས་མཐོ་ཞིང་བརྗིད་ཉམས་ལྡན་པ་དང་། དེའི་གཡས་གཡོན་ལ་རྩེག་ལྔ་ཅན་རེ་རེ་ཡོད་པ་ནི། སྐབས་དེ་དུས་ཀྱི་འབྲུ་ཡི་མཛོད་རེད་ཟེར། ཤར་ཕྱོགས་ལ་ཡོད་པའི་རྩེག་ལྔ་ཅན་གྱི་ཁང་པ་དེའི་རྩེག་དང་པོའི་ཁང་མིག་གཉིས་ནི་བཙོན་ཁང་དང་དེ་མིན་ཚང་མ་གཡོས་ཁང་། རྩེག་བཞི་པ་ནི་རྒྱལ་པོའི་གཟིམ་ཁང་རེད་འདུག ལྷོ་ཕྱོགས་སུ་ཕྱི་ལ་འགྲོ་སའི་སྒོ་མེད་པར་རྩེག་དང་པོར་བཙོན་ཁང་གཉིས་ཡོད་པ་ལས། དེ་མིན་ནི་འཚོ་བའི་དགོས་མཁོ་ལྟར་སྤྱོད་སྒོ་མི་འདྲ། དཀྱིལ་ཁུལ་གྱི་ར་བའི་ནུབ་ངོས་ཅུང་མཐོ་བ་དེ་ནི་ཁྲིམས་གཅོད་ས་དང་། ཤར་ངོས་ནི་བྲན་གཡོག་ཚོའི་ལས་ཀ་ལས་ས་རེད་འདུག །

        ལྷོ་ཕྱོགས་སུ་ཡོད་པའི་ཁང་པའི་རྒྱབ་ལ་སྒོ་ཆེན་ཞིག་འདུག དེའི་གཡས་གཡོན་གྱི་སྒོ་རྟེན་ནི་རྡོ་ཆེན་པོ་ལས་བཞེངས་པ་དང་སྒོ་ཀླད་ཀྱི་ཤིང་ལེབ་ཐོག་ཏུ་འབྲུག་འབུར་བརྐོས་མ་ཞིག་དང་། གཡས་གཡོན་ལ་ཤིང་ལས་བཟོས་པའི་ཆུ་སྲིན་གྱི་མགོ་གཉིས་ཕྱི་ལ་བརྐྱངས་འདུག །སྒོ་ཀླད་ཀྱི་ཐོག་ལ་ལེགས་སྦྱར་གྱི་ཡི་གེ་བརྐོས་ཡོད་པའི་ཤིང་ལེབ་ཅིག་འདུག་མོད། དེའི་ནང་དོན་ཅི་ཡིན་ངས་མ་ཤེས། མི་རྒན་པ་རྣམས་ཀྱིས་བཤད་པ་ལྟར་ན། གནའ་དུས་སུ་རྒྱལ་རོང་ས་ཆའི་ཁྱིམ་ཚང་སོ་སོའི་སྒོ་ཆེན་ཐོག་བྱ་ཁྱུང་དང་། ཆུ་སྲིན་གྱི་འབུར་བརྐོས་སམ་རི་མོ་ཡོད་མོད་དེང་སང་ཉམས་ཏེ་ཧ་ཅང་ཉུང་ཉུང་རེད།

        ལོ་རྒྱུས་ཐོག་གི་འཛུགས་སྐྲུན་མང་པོ་ནི་དབང་ཐང་གི་མཚོན་བྱེད་ཡིན་ལ། རྒྱལ་པོའི་འཁོར་དང་བཅས་པ་སྡོད་ས་དང་ཕྱི་ཡི་དགྲ་བོ་འགོག་བྱེད་བཅས་ལྷན་དུ་འདུས་པའི་མཁར་རྫོང་གི་ཤུལ་ལས་ཀྱང་བྲག་སྟེང་རྒྱལ་པོའི་ཟིལ་རྔམ་དང་ཧམ་ཆེན། དབང་ཤེད་བཅས་ད་དུང་མངོན་གསུམ་དུ་མཐོང་ཐུབ་པས། ང་ལ་འགྲམ་དུ་བཅར་མ་ཕོད་པའམ་མ་འདོད་པ་ལྟ་བུའི་ཚོར་སྣང་ཞིག་སྐྱེས་བྱུང་། ཚོར་སྣང་དེ་ལྟར་སྐྱེས་ཀྱང་རང་སེམས་རང་གིས་བསྐུལ་ཏེ། བྱ་རྒྱལ་ཁྱུང་གིས་གཤོག་ཟུང་ཕབ་ནས་གད་ཁར་བབ་པ་ལྟ་བུའི་མཁར་ཤུལ་གྱི་ཕྱོགས་བཞིར་འཚོལ་ཞིབ་བྱེད་དུས། རྒྱལ་པོ་དང་རྒྱལ་སྲས། བློན་པོ་རྣམས་ཀྱིས་ལག་པ་སྐེད་པར་གཟེར། མིག་ཟུང་ཆེས་ཆེར་བགྲད་དེ་ཕར་འགྲོ་ཚུར་འོང་བྱེད་ཅིང་། བྲན་གཡོག་ཚོས་མགོ་སྒུར་སྒུར་དང་གཉའ་ཞུམ་ཞུམ་གྱིས་ལས་ལ་བྲེལ་ཞིང་། དཀའ་ངལ་མ་བཟོད་ཀྱང་འོ་དོད་དང་འཁུན་སྒྲ་འབྱིན་མི་ཕོད་པ་ནི་གློག་བརྙན་གཏོང་བ་ལྟར་དུ་མིག་ལམ་དུ་བཀྲ་བྱུང་།

        ངག་རྒྱུན་དུ་སྤྱི་ལོ་1886ལོར་སྐབས་དེ་དུས་ཀྱི་བྲག་སྟེང་རྒྱལ་པོ་འདས་རྗེས། བཙུན་མོ་དཔལ་ལེ་ལྷ་མོ་ཞེས་པས་དབང་བཟུང་བ་དང་། མོ་དང་མོའི་གཅེན་པོ་ཡེ་ཤེས་ལྷ་སྨོན་གཉིས་ཀྱིས་ཁྱི་སྤྱང་ངན་འབྲེལ་གྱིས་ཁྲལ་མང་པོ་བསྡུས་ཏེ། འབངས་མི་སེར་རྣམས་སྡུག་གི་ཕུང་པོས་མནར་བས། བྲན་གཡོག་བུ་བཟང་གིས་འགོ་ཁྲིད་དེ་ངོ་རྒོལ་བྱས་པ་དེར་ཁྱུང་རི་འབངས་གྱེན་ལོག་ཅེས་ཟེར། བྲན་གཡོག་རྣམས་ཀྱིས་ངོ་རྒོལ་བྱེད་དུས། བཙུན་མོ་དཔལ་ལེ་ལྷ་མོ་དར་མདོར་བྲོས་ཏེ་དམག་མི་བསྡུས་རྗེས་ཕྱིར་ལོག་སྟེ་གྱེན་ལོག་བྱེད་མཁན་རྣམས་ཆམ་ལ་ཕབ་པ་དང་། འགོ་ཁྲིད་མཁན་བུ་བཟང་གཙོ་བོར་བྱས་པའི་མི་སུམ་ཅུ་སོ་གཉིས་བཙོན་ཁང་དུ་བཙུད་པར་གྲགས།

        ལོ་རྒྱུས་ཐོག་གང་ན་གཉའ་གནོན་ཐལ་དྲགས་སོང་ན་དེ་ན་འབངས་གྱེན་ལོག་ཡོད་སྲིད་མོད། ཁ་ཕྱོགས་དང་ཐབས་ཇུས། སྒྲིག་འཛུགས་དང་སྟོབས་ཤུགས་གང་ཡང་མེད་པར་ལག་ངར་སྒྲེང་སྒྲེང་དང་ངར་སྐད་སྒྲོག་སྒྲོག་ཙམ་གྱིས། སྒོ་ང་བྲག་ལ་བརྡབས་པ་ལྟ་བུ་ལས་རེ་འབྲས་སྨིན་མི་སྲིད། ལར་སྒེར་སེམས་ཆེ་བའི་རྒྱལ་པོ་རྣམས་ཀྱིས་སོ་སོའི་མངའ་འབངས་ཀྱི་ཆེད་དུ་ཞེས་འཁྲུག་འཛིང་བླངས་མོད། མཐར་མི་སེར་ཚོ་ནི་སེན་མོའི་བར་གྱི་ཤིག་མ་ལྟར་བཙིར་གནོན་བྱས་པའི་ལོ་རྒྱུས་ལ་ཕྱིར་རྟོག་ཡག་པོ་ཞིག་བྱེད་ཤེས་དགོས་པ་གལ་ཆེའོ། །

        གོང་མས་ཁག་བགོས་ནས་དབང་བསྒྱུར་བྱེད་པའི་སྲིད་ལུགས་ཀྱི་དྲིན་ལས། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་རྒྱལ་པོ་སོ་སོས་ཆོ་ལོ་འཇའ་ས་ལ་བརྟེན་ནས། ཁེ་ཕན་རིལ་བུ་ཙམ་དང་ས་རྒྱ་ལག་མཐིལ་ཙམ་གྱི་ཆེད་དུ་འགྲོ་འོང་བྱས་པ་ལས། བྱ་རྒྱལ་ཁྱུང་ལྟ་བུར་ནམ་འཕང་གཅོད་མ་ཐུབ་མོད། ཁོང་ཚོས་ད་དུང་རྒྱལ་རྒྱུད་ནི་སྲིད་མཐའ་བར་དུ་ཆད་རྒྱུ་མེད་པའི་སྨོན་ལམ་བཏབ་ཅིང་རྨི་ལམ་རྨིས་མྱོང་། བསགས་མཐར་འཛད་ཅིང་། མཐོ་མཐར་ལྷུང་བ། དར་མཐར་རྒུད་པ་ནི་འཇིག་རྟེན་མི་རྟག་པའི་ཆོས་ཉིད་ཡིན་པ་ལྟར། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་མ་ཟེར། རྒྱལ་ཁག་བརྒྱ་དང་བརྒྱད་ཡིན་ཡང་མཐར་རྒུད་པའི་ལམ་དུ་ཁ་ཕྱོགས་ཚར། རེད་དེ། ལོ་ཏོག་གི་ཞོར་ལ་ཕུབ་མ་ཞེས་པ་ལྟར། རྒྱལ་པོ་སོ་སོའི་རིང་ལ་ཡུལ་སྲོལ་གོམས་གཤིས་དང་འཚོ་བའི་ལག་རྩལ་སོགས་རིག་གནས་ཀྱི་ཆུ་རྒྱུན་མུ་ནས་མུ་རུ་བཞུར་བ་ལའང་ནུས་པ་ངེས་ཅན་ཞིག་ཐོན་ཡོད་པས། སྐབས་དེ་དུས་ཀྱི་དར་རྒུད་བཅས་ཡིག་རིས་སུ་བཀོད་པ་མེད་ན་ངག་རྒྱུན་འཚོལ་དགོས་ཤིང་། ངག་རྒྱུན་མེད་ན་ཅ་ལག་རྙིང་པ་ལས་དེ་སྔོན་གྱི་འཚོ་བ་དང་གོམས་གཤིས་བཅས་བྱེ་མའི་ནང་ལས་གསེར་བཙགས་པ་ལྟར་བྱེད་དགོས་ཀྱང་། ད་ལྟ་དུས་གསར་པའི་ནང་དུ་མི་གསར་པ། མི་གསར་པ་ལ་བསམ་བློ་གསར་པ། བསམ་བློ་གསར་པ་ཡིས་རྙིང་པ་ཚང་མ་སྒོ་ཕག་ཏུ་འཕངས་ཤིང་ཟུར་ཁུག་ཏུ་སྦས་པས་ཧ་ཅང་མཐོང་དཀོན་པོ་རེད། སྟབས་ལེགས་པར་ཉིན་དེར་བྲག་སྟེང་རྒྱལ་པོའི་མཁར་ཤུལ་རྒྱབ་ཀྱི་ཁྱིམ་ཚང་ཞིག་ཏུ་སླེབས། ཁྱིམ་ཚང་དེར་ཁྱུང་རིའི་ཡུལ་མི་ཚོས་དེ་སྔོན་སྤྱད་མྱོང་བའི་གཉའ་ཤིང་དང་རྐོ་མ། རྡོ་སྒ། བོའུ། གྲི། ཆང་སྣོད་སྣ་ཚོགས། རྟ་ཡི་སྲབ་མཐུར། དུ་ཁུག ལྕགས་དམར། སྒྲོན་སྟེགས། ཀོ་ཁུག །ཐལ་སྲེག་གོ་རེའི་ཐེལ་ཙེ། ཟྭ། རྡོ་གཞོང་། འོ་དཀྲུག །རྭ་ཕྲེང་། མདུང་སོགས་ཅ་ལག་རྙིང་པ་ཧ་ཅང་མང་པོ་སྣང་། དེ་དག་ནི་ཕོ་སར་གཡུང་དྲུང་གིས་ལོ་མང་པོའི་རིང་ལ་འཚོལ་སྡུད་བྱས་ཏེ་ཉར་ཚགས་བྱས་པ་རེད་འདུག །

        མིའི་རིགས་ཐོག་མར་རི་མགོའི་རི་དྭགས་དང་ཆུ་ནང་གི་ཉ་མོ་བསད་པ་ནས་རིམ་བཞིན་ཞིང་རྨོ་ཕྱུགས་གསོ་བའི་ལམ་དུ་བསྒྱུར་བ་དང་། དེ་ནས་བཟོ་ལས་རིག་གནས་དང་ཚོང་རའི་དཔལ་འབྱོར་ལ་ཁ་འཁོར་རྗེས། སྲོལ་རྒྱུན་གྱི་ཁོངས་སུ་གཏོགས་པའི་དམངས་ཁྲོད་རིག་གནས་རྣམས་ཡར་འགྲོ་མར་འགྲོའི་ས་མཚམས་སུ་སླེབས་ཡོད། ཡུལ་དུས་ཀྱི་དབང་གིས་དམངས་ཁྲོད་ཀྱི་ལག་རྩལ་དང་ངག་རྒྱུན་སོགས་དངོས་སུ་བེད་སྤྱོད་པའི་ནུས་པ་ཉམས་ཏེ་ཚང་མའི་མིག་ཟུར་དུ་ལྷུང་མོད། སྲོལ་རྒྱུན་གྱི་དམངས་ཁྲོད་རིག་གནས་ནི་ང་ཚོའི་མ་ཡུམ་ལྟ་བུ་སྟེ། དེའི་ནུ་ཞོ་དང་དུངས་སེམས། སྙིང་སྟོབས་ཀྱིས་ང་ཚོ་གསོས་ཏེ་ཤ་དར་ཁྲག་དར་དུ་ཆགས་པས་དེ་ལ་ལོ་རྒྱུས་ཀྱི་བདེན་དཔང་དང་རྗེས་དྲན། ཞིབ་འཇུག་གི་རིན་ཐང་ཡོད་པ་ནི་ང་ཚོས་ཤེས་དགོས་པ་ཞིག་རེད། ཚུལ་དེ་ལ་གཞིགས་ན། གནའ་ནས་ཆགས་པའི་གྲོང་པར་གཟུགས་ཅན་དང་གཟུགས་མེད་གཉིས་ཀའི་སྲོལ་རྒྱུན་རིག་གནས་ཡོད་པས། ང་ཚོས་ཁ་བཤད་ལྦུ་བ་ཙམ་མ་ཡིན་པར་རང་མོས་དང་རང་རྟོགས་ཀྱི་སྒོ་ནས། རིག་གནས་ཤུལ་བཞག་དེ་དག་འཇོག་སའི་བཤམས་སྟོན་ཁང་འཛུགས་མཁན་ལ་རྒྱབ་སྐྱོར་བྱ་རྒྱུ་གལ་ཆེན་པོ་ཞིག་རེད། རྒྱུ་མཚན་ནི། མི་རིགས་ཤིག་ལ་རིག་གནས་ཇི་འདྲ་དར་མྱོང་ཡང་། གཙོ་བོ་དེང་སང་རང་གི་རིག་གནས་ལོ་རྒྱུས་ཤེས་མཁན་ཡོད་མེད་དང་རིག་གནས་ཀྱི་ལ་རྒྱ་ཡོད་མེད་ལ་ཐུག་ཡོད་ལ། ལོ་རྒྱུས་ཞེས་པ་ནི་དེ་རིང་གནས་ས་ནས་ཁ་ཕྱིར་འཁོར་ཏེ་ཁ་སང་ལ་ལྟ་བ་ཙམ་མ་ཡིན་པར། སང་ཉིན་གྱི་སར་ལངས་ཏེ་དེ་རིང་ལ་བལྟ་དགོས་པ་ཞིག་ཀྱང་ཡིན་པས་སོ། །

        ཅ་ལག་རྙིང་པར་མི་རིགས་ཤིག་གི་འཇིག་རྟེན་དང་མི་ཚེ། རིག་གནས་དང་མཛེས་དཔྱོད་ཀྱི་ལྟ་བ་འདུས་ཡོད་པས། གར་འགྲོ་ས་ལ་ཡུལ་དང་དུས་ཀྱི་རྟགས་གསལ་བའི་ཅ་ལག་རྙིང་པའི་བྲོ་བ་མྱང་རྒྱུར་ཧ་ཅང་དགའ་པོ་ཡོད། ཕོ་སར་གཡུང་དྲུང་གི་དམངས་སྲོལ་བཤམས་སྟོན་ཁང་ནང་དུ། རྒྱལ་རོང་བོད་མི་ཚོས་དེ་སྔོན་ཐལ་སྲེག་གོ་རེ་ཐོག་ལ་རྒྱག་བྱེད་ཀྱི་ཤིང་གི་ཐེལ་ཙེ་མི་འདྲ་བ་མང་པོ་འདུག དེ་དག་ལས་སྐབས་དེ་དུས་ཀྱི་བཟའ་བཏུང་རིག་གནས་དང་ཆོས་ལུགས་དད་མོས། དུས་ཀྱི་འཕོ་འགྱུར་སོགས་ཟུར་ལྟ་ལེབ་མཐོང་ཡིན་པས། ཤིང་གི་ཐེལ་ཙེའི་ནང་ལ་དོན་གྱི་སྙིང་པོ་མང་པོ་འདུས་ཡོད་པ་ཞིག་རེད།

        རྒྱལ་རོང་བོད་མི་ཚོས་ཐེལ་ཙེ་བརྒྱབ་ཡོད་པའི་ཐལ་སྲེག་གོ་རེ་ལ་དེ་མོ་ཡག་ཅེས་ཟེར་ཞིང་། དེའི་དཀྱིལ་དུ་བརྒྱབ་པའི་ཐེལ་ཙེའི་རི་མོ་ལ་རི་གྱོ་ཞེས་འབོད། དེ་ཡང་གོ་རེའི་ཐོག་ལ་ཐེལ་ཙེ་རྒྱག་པའི་སྲོལ་ནི། བཀའ་དྲིན་གཞལ་དུ་མེད་པའི་ཨ་མྱེ་རྒོད་ལྡོང(ཨ་མྱེ་སྒོ་གདོང)ལ་དྲན་རྟེན་ཞུ་བའི་ཆེད་དུ། རྒྱལ་རོང་མི་དམངས་ཀྱིས་ཁོང་གི་སྤྱན་འབྲས་ལ་དཔེ་བླངས་ནས་ཐེལ་ཙེ་བཟོས་པ་རེད་ཅེས་བཤད་ལ། གལ་སྲིད་གོ་རེའི་ཐོག་ལ་ཐེལ་ཙེ་བརྒྱབ་མེད་ན་ཨ་མྱེ་རྒོད་ལྡོང་གི་བྱིན་རླབས་ཕོག་མེད་པར་འདོད་ནས་བཟའ་སྲོལ་མེད། དང་ཐོག་ཐེལ་ཙེ་ནི་དབྱིབས་གོར་མོ་ལ་པད་མའི་རི་མོ་ཅན་ཞིག་ཡིན་མོད། རིམ་བཞིན་དུ་ཁྱིམ་ཚང་སོ་སོའི་འདོད་ཕྱོགས་ལྟར་དབྱིབས་དང་རི་མོ་རྣམ་པ་སྣ་ཚོགས་ཅན་དུ་གྱུར་འདུག །ཨ་མྱེ་རྒོད་ལྡོང་ཞེས་པ་ནི་རྒྱལ་རོང་བོད་མི་ཚོའི་སེམས་ནང་གི་དཔའ་བོ་ཞིག་སྟེ། ངག་རྒྱུན་དུ་གནའ་སྔོན་མར་ཉ་ཀ(聂呷)ཡུལ་ཤོག་ཏུ་ཨ་མ་ཞིག་ལ་བུ་ཞིག་སྐྱེས། བུ་དེ་ཆུང་དུས་ནས་གཞན་དང་མ་འདྲ་བར་གཟུགས་སྟོབས་ཆེ་ལ་དཔའ་ངར་འཛོམས་པས་མ་ཚད། ཁ་ཟས་ངན་ངོན་ཙམ་གྱིས་མ་ཆོག་པས་ཁོ་ཡིས་རེ་བ་ཞུས་པ་ལྟར་ཨ་མས་ནགས་རི་ལ་མངགས། ཁོ་འགྲོ་ཁར་ཨ་མ་ལ་རྗེས་སུ་དཀའ་ངལ་ཡོད་དུས་ང་འབོད་དུ་ཤོག་ཅེས་ཞུས། དེ་རྗེས་རྒྱལ་རོང་ས་ཆ་ལ་གཅན་གཟན་གྱིས་གནོད་པ་བྱས་པས་ཨ་མ་དེ་རི་མགོར་ཁོང་གི་བུ་འབོད་དུ་སོང་། བུ་ཡིས་ཨ་མ་ལ་ཐུག་པ་ཟངས་བཅུ་གསུམ་དང་། གོ་རེ་ཆེན་པོ། ཕག་ཚིལ་མང་པོ་བཅས་དགོས་ཞེས་པ་ལྟར་རྒྱལ་རོང་བོད་མི་ཚོས་དེ་ལྟར་གྲ་སྒྲིག་བྱས་ཏེ་བསྒུགས། མཐར་ཨ་མའི་བུ་དེ་ཡུལ་ལ་ཕེབས་ཏེ་བཟའ་བཏུང་ཡིད་ཚིམ་པ་བྱས་རྗེས། གཅན་གཟན་གདུག་རྩུབ་ཅན་རྣམས་བསད་པས་རྒྱལ་རོང་ས་ཆ་བདེ་ཞིང་འཇགས། དེའི་རྗེས་སུ་རྒྱལ་རོང་བོད་མི་ཚོས་ཨ་མྱེ་རྒོད་ལྡོང་ཞེས་དྲིན་ཆེན་གྱི་དཔའ་བོར་བརྩིས་ཏེ། ལོ་སར་གྱི་སྐབས་སུ་ཁང་པར་དཀར་རྩི་བྱུགས་པ་དང་གོ་རེའི་ཐོག་ལ་ཐེལ་ཙེ་བརྒྱབ་སྟེ་རྗེས་དྲན་བྱེད་སྲོལ་ཆགས་པ་རེད་འདུག །དེ་ནི་གཏམ་རྒྱུད་ཅིག་ལགས་མོད། ཤུགས་སུ་རྒྱལ་རོང་བོད་མི་ཚོས་མེས་པོ་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་ཤེས་པའི་ལུགས་ཤིག་བསྟན་པས། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། བདེན་རྫུན་ཇི་ལྟ་བས་ཀྱང་རུང་གི་ངོ་མཚར་ཧ་ཅང་ཐལ་ཆེ་བའི་གཏམ་རྣམས་ལོ་རྒྱུས་དཀྱུས་མ་དང་མ་བསྲེས་པར་ཟུར་དུ་བཤད་ན། དད་པ་མི་ཉམས་པ་དང་། རྒྱལ་རབས་མི་འཇིག་པ་དང་། བླུན་པོ་སྨྲ་ཁམས་ཅན་རྣམས་ལང་ལ་མི་འཆོར་བ་སོགས་ཀྱི་དགོས་པ་རྒྱ་ཆེན་པོ་མཆིས་སོ། །ཞེས་གསུངས་པ་ལྟར། ང་ཚོས་དམངས་ཁྲོད་ཀྱི་ངག་རྒྱུན་རྣམས་ཀྱང་མིག་ཟུར་དུ་འདོར་མི་རིགས་སོ། །

        ཐལ་སྲེག་གོ་རེའི་འབྱུང་ཁུངས་ལ་དམངས་ཁྲོད་དུ་འདི་འདྲའི་གཏམ་རྒྱུད་ཅིག་ཡོད་དེ། གནའ་སྔོན་མར་ཁྱིམ་ཚང་ཞིག་གི་ཁྱིམ་བདག་སྐྱེས་པ་དེ་དུས་རྒྱུན་རི་མགོར་རི་དྭགས་བརྔོན་དུ་སོང་། ཉིན་ཞིག་ལ་ཁོ་ཡིས་ནམ་རྒྱུན་ལྟར་བྲག་ཁུང་དུ་མེ་སྦར་ཏེ་རྫ་ཁོག་ནང་ལ་ཟན་ལོག་སྲེག་པའི་སྐབས་སུ། ཕ་རོལ་གྱི་རི་བོར་གཅན་གཟན་ཞིག་གིས་ངར་སྐད་སྒྲོག་པ་ཐོས་པས། ལམ་སང་ཟན་ལོག་ཐལ་བར་སྦས་ཏེ་གཅན་གཟན་དེ་གསད་པར་སོང་། ཚུར་ལོག་དུས་ཁོ་ཡིས་ང་ལ་ཤ་བཟའ་རྒྱུ་ཡོད་ཀྱང་ཟན་ལོག་ཚིག་སྟེ་བཟའ་མི་ཉན་ཞེས། རང་གིས་རང་ལ་ཁེར་ལབ་བྱེད་བཞིན་ཐལ་བ་བསློགས་ཏེ་ལྟ་དུས། ཟན་ལོག་མ་ཚིག་པར་དབྱིབས་གོར་གོར་ལས་དྲི་ཞིམ་འཐུལ་བས་ཁོ་ཧ་ཅང་དགའ་སྟེ་དེ་མོ་ཡག་དེ་མོ་ཡག(མིག་འབྲས་དང་འདྲ་བའི་དོན་ཡིན)ཅེས་ངག་ལས་ཤོར། དུས་དེ་ནས་བཟུང་དེ་མོ་ཡག་ཅེས་པའི་མིང་དེ་རྒྱལ་རོང་ས་ཁུལ་དུ་དར་ཏེ་ད་ལྟའི་བར་དུ་གནས། རྒྱལ་རོང་ཐལ་སྲེག་གོ་རེ་ལ་གྲོ་དང་བྲ་བོ། ནས། མ་རྨོས་ལོ་ཏོག་བཅས་ལས་བཟོས་པ་ཡོད་ཀྱང་། དེའི་ནང་ལས་གྲོ་ཕྱེ་ཡིས་བཟོས་པ་གཙོ་བོར་བཟུང་། ལག་ཟུང་གིས་ཟན་ལོག་བརྫི་མཉེད་བྱས་ཚར་རྗེས། ལྕགས་ལེབ་ཐོག་ལ་སྲེག་ཙམ་བྱེད་པ་དང་། དེ་ནས་ཚ་རླབས་ལྡན་པའི་ཐབ་ཀའི་ཐལ་བ་ནང་ལ་སྦས། སྐར་མ་གཉིས་གསུམ་རེ་འགོར་རྗེས་སྒྱུར་ལོག་ཐེངས་རེ་རྒྱག་དགོས། ལག་པ་གོ་རེ་ལ་རྡེག་དུས་སྦུག་སྦུག་ཅེས་པའི་སྒྲ་གྲག་ན་ཚོས་ཟིན་པའི་རྟགས་རེད། དེ་ནས་གོ་རེའི་ངོས་ཀྱི་སྐོག་པགས་མཐུག་པོ་བཀོག་སྟེ་ནང་ལ་མར་དང་སྤོད་བཞག །མར་ཞུས་ཏེ་གོ་རེའི་ནང་ལ་སིམས་པས་དྲི་ཞིམ་ཁྱབ་ཅིང་ཟས་བཅུད་ལྡན་པ་ཞིག་ཏུ་གྱུར། དེ་ལ་རྒྱལ་རོང་སྐད་དུ(ད་པོ་པ)འམ(པོ་ལོ་པུ)ཞེས་འབོད། ཐལ་སྲེག་གོ་རེ་ནི་རྒྱལ་རོང་བོད་མིའི་ཐུན་མོང་མ་ཡིན་པའི་བཟའ་བཏུང་རིག་གནས་ཤིག་ཡིན་པས། རང་གིས་ལོངས་སུ་སྤྱོད་ཆོག་པར་མ་ཟད་མགྲོན་པོ་ལ་སྣེ་ལེན་བྱེད་པ་དང་དུས་ཆེན་བསུ་བ་བཅས་ལ་མེད་དུ་མི་རུང་བའི་གཙོ་ཟས་ཤིག་ཡིན། དེའི་མཐའ་སྐོར་གྱི་ཁྲ་རིས་དང་ངོས་ཀྱི་བཀོད་སྒྲིག་བྱེད་ཐབས། སྲེག་བཟོའི་དུས་ཚོད་བཅས་ལ་དང་དོད་ཆེན་པོ་བྱེད་དགོས། ནང་སྒོས་སུ་བཤད་དགོས་པ་ཞིག་ནི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས། ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་ཡོད་པའི་རི་མོའང་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན། ཐལ་སྲེག་གོ་རེའི་དཀྱིལ་ལ་བརྒྱབ་པའི་ཐེལ་ཙེའི་རི་མོ་སྣ་ཚོགས་ཀྱིས་དུས་ཆེན་སོ་སོ་དང་ས་གནས་སོ་སོ། མགྲོན་པོ་སོ་སོར་གང་ལ་གང་མཁོ་དེ་ལ་དེ་བསྟུན་གྱིས་བཟའ་བཏུང་གི་གུས་ལུགས་དང་བཀྲ་ཤིས་སྨོན་འདུན་མཚོན་ནོ། །

        ཐལ་སྲེག་གོ་རེའི་ཐེལ་ཙེའི་རི་མོ་ལ་དུས་ཀྱི་ཆ་ནས་འཕེལ་རིམ་གསུམ་ཡོད་དེ། གཅིག་ནི་བོན་བསྟན་རྒྱལ་རོང་ཡུལ་ལ་དར་བའི་དུས། གཉིས་ནི་ཐུབ་བསྟན་རྒྱལ་རོང་ཡུལ་ལ་དར་བའི་དུས། གསུམ་ནི་མིང་དང་ཆིན་རྒྱལ་རབས་རྗེས་ཀྱི་དུས་སོ། ། དུས་སྐབས་མི་འདྲ་བའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཐལ་སྲེག་གོ་རེའི་ཐེལ་ཙེའི་རི་མོའང་ཆེས་སྟབས་བདེ་ནས། ཆེས་མཐོ་རིམ་དང་ཆེས་སྣ་མང་དུ་འཕེལ་བ་རེད། དཔྱད་གཞིའི་ཡིག་ཆ་ལ་བརྟགས་ན། ཐལ་སྲེག་གོ་རེའི་ཐེལ་ཙེའི་རི་མོ་ལ་འདྲ་མིན་སྣ་ཚོགས་ཡོད་ཀྱང་། མདོར་བསྡུས་ན་རིགས་གསུམ་གྱི་ཁོངས་སུ་གཏོགས། རིགས་དང་པོ་ལ་མཛུབ་གསུམ་ཐེལ་ཙེ་ཞེས་ཟེར་ཏེ་མིའི་མཐེ་བོང་དང་གོང་མཛུབ། དཀྱིལ་མཛུབ་བཅས་མཛུ་གུ་གསུམ་མཉམ་དུ་བསྒྲིགས་ཏེ་གོ་རེའི་ཐོག་ཏུ་དཔར། མཐེ་བོང་གིས་ཉི་མ་དང་གོང་མཛུབ་ཀྱིས་ཟླ་བ། དཀྱིལ་མཛུབ་ཀྱིས་སྐར་མ་མཚོན་པ་ནི། གདོད་མའི་བོན་གྱིས་རང་བྱུང་ཁམས་ལ་དད་པའི་རྟགས་རེད། རིགས་གཉིས་པ་ནི་ཐུབ་བསྟན་རྒྱལ་རོང་ཡུལ་དུ་དར་ནས་བཟུང་། མི་དམངས་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་ཡིད་དབང་འཕྲོག་ལ་བསྟན་དོན་ཟབ་པའི་རི་མོ་དང་མཚོན་རྟགས་རྣམས། ཤིང་དང་རྡོའི་ཐོག་ལ་བརྐོས་ཏེ་ཐལ་སྲེག་གོ་རེའི་ཐེལ་ཙེ་འདྲ་མིན་སྣ་ཚོགས་བཟོས། ཐེལ་ཙེ་དེ་རིགས་ཀྱིས་བཀྲ་ཤིས་པའི་རེ་བ་དང་སྨོན་འདུན་བཅས་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་སྙིང་དོན་དང་། རྒྱལ་རོང་བོད་མིའི་བཟའ་བཏུང་རིག་གནས་གཉིས་ཟུང་དུ་འབྲེལ་བར་བྱས། དེའི་ནང་ལས་ཆེས་དཔེ་མཚོན་རང་བཞིན་ལྡན་པའི་ཚེ་རིང་ཐེལ་ཙེ་ཞེས་པས། ཚེ་རིང་ལ་བསོད་ནམས་དར་ཞིང་ལོངས་སྤྱོད་རྫོགས་པ་མཚོན། པ་ཏྲ་ཐེལ་ཙེ་ཡིས་འགྲོ་བ་སེམས་ཅན་རྣམས་ཞི་ཞིང་མཐུན་པ་མཚོན། པད་མ་ཐེལ་ཙེ་ཡིས(པད་མ་འདབ་ལྔ་དང་འདབ་དྲུགའདབ་བརྒྱད་བཅས་ཡོད)མེ་ཏོག་པད་མ་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པ་ལྟར། དྭངས་གཙང་ལྷད་མེད་པའི་དོན་མཚོན་པར་བྱེད། ཟླ་ཚེས་མཆོག་གསུམ་ཐེལ་ཙེ་ནི་བན་བོན་རིག་གནས་མཉམ་དུ་བསྲེས་པའི་ཐོན་རྫས་ཡིན་ལ། མི་རྣམས་ཀྱིས་བཀྲ་ཤིས་དོན་ཀུན་འགྲུབ་པའི་མ་འོངས་པ་ལ་ཡིད་སྨོན་ཤོར་བའི་དོན་མཚོན། ནོར་བུ་མེ་འབར་ཐེལ་ཙེ(ནོར་བུ་གདོང་གསུམ་དང་གདོང་དྲུག་གཉིས་ཡོད)ཡིས་ཉི་ཟླ་སྐར་གསུམ་དང་འདྲ་བའི་དཀོན་མཆོག་གསུམ་ལ་གཟི་མདངས་སྟོང་དུ་འཕྲོ་བ་མཚོན། གཡུང་དྲུང་ཐེལ་ཙེ་ཡིས་ཚེ་སྲོག་བརྟན་ཅིང་བརླིང་ལ་རྒྱུན་ཆད་མེད་པ་མཚོན། དུང་དཀར་ཐེལ་ཙེ་ཡིས་སྟོན་པའི་གསུང་སྐད་སྙན་མོ་འགྲོ་བའི་རྣ་ལམ་དུ་འཇགས་མེད་དུ་འཁོར་བའི་དོན་མཚོན། ཆོས་འཁོར་ཐེལ་ཙེ་ཡིས་འཕྲིན་ལས་ཀྱི་འཕེལ་རྒྱས་ནི་འཁོར་ལོ་ལྟར་ཐོགས་འགག་མེད་པར་མདུན་དུ་སྐྱོད་པ་མཚོན། རིགས་གསུམ་པ་ནི་མིང་དང་ཆིན་རྒྱལ་རབས་ནས་བཟུང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས། མི་རྣམས་ཀྱིས་འཚོ་བའི་གོམས་སྲོལ་ལྟར་མེ་ཏོག་འདྲ་མིན་སྣ་ཚོགས་དང་། རྒྱན་རིས་རྣམས་ཐལ་སྲེག་གོ་རེའི་ཐེལ་ཙེའི་རི་མོ་རུ་བཀོད། ཐེལ་ཙེ་དེ་རིགས་ཀྱིས་ཐེལ་ཙེའི་རི་མོ་སྣ་མང་ཅན་དུ་བཏང་བར་མ་ཟད། ཐེལ་ཙེའི་རིག་གནས་ཀྱི་ནང་དོན་ཡང་ཕུན་སུམ་ཚོགས་པར་བྱས་ཡོད། ཐལ་སྲེག་གོ་རེའི་ཐོག་ལ་ཐེལ་ཙེ་རྒྱག་དུས། ངེས་པར་དུ་དུས་ཆེན་མི་འདྲ་བ་དང་གནས་ཡུལ་མི་འདྲ་བ། སྒྲུབ་དོན་མི་འདྲ་བ། མགྲོན་པོ་མི་འདྲ་བར་གཞིགས་ཏེ་གང་ལ་གང་མཁོ་དེ་ལ་དེ་བསྟུན་གྱིས་ཐེལ་ཙེ་བརྒྱབ་སྟེ་རེ་བ་དང་སྨོན་འདུན་མཚོན་པར་བྱེད་དགོས། ཐེལ་ཙེའི་ནང་དུ་ཧ་ཅང་ཆེན་པོ་ཞིག་ཡོད་པ་དེ་ནི། རྒྱལ་པོ་དང་དགོན་པ་ཡིས་དུས་སྟོན་བསུ་བ་དང་ཆོ་ག་སྒྲུབ་པའི་སྐབས་སུ་ཆེད་དུ་སྤྱོད་པའི་ཐེལ་ཙེ་ཡིན། ཐེལ་ཙེ་དེ་ཐལ་སྲེག་གོ་རེ་ཆེན་པོའི་ཐོག་ལ་བརྒྱབ་སྟེ་གྲྭ་བཙུན་དང་སྐྱ་བོ་རྣམས་ལ་བཟའ་རུ་བཅུག ཐེལ་ཙེ་དེའི་དབྱིབས་ནི་རྔ་ལྟ་བུ་ཡིན་ལ། ངོས་གཅིག་ཏུ་ནོར་བུ་གདོང་དྲུག་གི་རི་མོ་ཡོད་པ་ནི་གྲྭ་བཙུན་རྣམས་ཀྱི་ཆེད་དུ་ལས་པ་རེད། ངོས་གཞན་ཞིག་ལ་ཚེ་བསོད་ནམས་ཀྱི་རི་མོ་ཡོད་པ་ནི་སྐྱ་བོ་རྣམས་ཀྱི་རེད། ཐལ་སྲེག་གོ་རེ་ཟ་དུས་ཐོག་མར་དེའི་ཐོག་གི་ཐེལ་ཙེའི་རི་མོ་ལག་པས་བཀོག་ནས་དུམ་བུ་ཆ་ཤས་སུ་བཏང་རྗེས། ཁ་ནས་ཤིས་ཚིག་འདོན་བཞིན་གནམ་ལ་མཆོད་དེ་བཀྲ་ཤིས་པའི་སྨོན་འདུན་མཚོན་པར་བྱས།

        མི་རིགས་སོ་སོར་རིག་གནས་ཀྱི་མཚོན་རྟགས་མ་མང་ནའང་མི་ཉུང་ལ། མཚོན་རྟགས་རེ་རེའི་ནང་དུ་མི་རིགས་དེའི་ཕུགས་བསམ་དང་དད་འདུན། བརྩེ་དུང་སིམ་ཡོད་པས། རིག་གནས་ཀྱི་མཚོན་རྟགས་ནི་མི་རིགས་ཤིག་གི་ལག་ཁྱེར་ཐོབ་ཐང་དང་འདྲ། ཉིན་དེར་གཡུང་དྲུང་ཁྱིམ་ནང་མི་འདུག །ཁོང་གི་བཟའ་ཟླ་ཡིས་ང་ལ་བཤམས་སྟོན་ཁང་ནང་ལྟ་སྐོར་བྱེད་པའི་རིན་པར་སྒོར་བཅུ་དགོས་ཟེར། ངས་ལམ་སང་ཁུག་མ་ལས་སྒོར་མོ་ཉི་ཤུ་བླངས་ཏེ་མོ་ལ་སྤྲད་རྗེས། མོ་དང་མཉམ་དུ་ཁ་བརྡ་ལབ་བཞིན་ལྟ་སྐོར་བྱས། མོས་ང་བོད་པ་ཡིན་པ་ཤེས་མ་ཐག་སྒོར་མོ་ཉི་ཤུ་ཚུར་སྤྲད་དེ། བོད་པ་ཞིག་གིས་བོད་པ་ཚོའི་ལག་ནས་སྒོར་མོ་ལེན་ག་ལ་རུང་ཞེས་ཟེར། ངས་མོ་ལ་བོད་པ་ཡིན་ན་ལེན་དགོས་པས་མ་ཚད། དེ་ལས་མང་པོ་ལེན་དགོས་རེད། རྒྱུ་མཚན་གཅིག་ནི་བོད་པ་ཚོར་འདི་འདྲ་བའི་ཅ་ལག་རྙིང་པར་ལྟ་འདོད་མེད་ལ། གཉིས་ནི་ཁྱེད་ཚོས་དཀའ་ལས་མང་པོ་བརྒྱབ་ནས། ང་ཚོ་ཚང་མ་ལ་དབང་བའི་རྒྱུ་ནོར་རིན་ཐང་ཡོད་པ་རྣམས་ཉར་ཚགས་བྱས་པས་རེད་ཅེས་ཟེར་དུས། མོས་སྒོར་མོ་ལག་ཏུ་བཟུང་སྟེ་དགོད་ཙམ་དགོད་ཙམ་བྱས་པ་ལས་ཅི་ཡང་མ་བཤད། ང་གཡུང་དྲུང་ཚང་ལས་བུད་དེ་ཕྱིར་ལོག་གྲབས་བྱེད་དུས། དུང་འཁོར་སྐོར་བཞིན་ཡོད་པའི་ཨ་ནེ་ཨ་མོས་རྒྱབ་ནས་ཡང་ཡང་བོས་ཏེ། ལྷ་ཁང་ནང་སྤོས་ཤིག་མཆོད་དེ་སོང་དང་། ཐག་རིང་འགྲོ་མིར་བྱ་བ་ལམ་དུ་འགྲོ་རེད་ཅེས་ཟེར། ང་ཁོང་གི་འགྲམ་དུ་སླེབས་མ་ཐག །མོས་སྤོས་ཐུར་གསུམ་ལ་མེ་བསྒྲོན་རྗེས་ང་ལ་སྤྲད་དེ་ལྷ་ལ་ཕུལ་དང་། ང་ཚོ་མི་ལ་བན་བོན་ཞེས་དབྱེ་བ་ཡོད་ཀྱང་། ལྷ་ལ་དབྱེ་བ་དང་ཕྱོགས་རིས་ཡོད་མ་རེད་ཅེས་ཟེར། ངས་སྤོས་ཐུར་གསུམ་ལག་ཏུ་འཛིན་བཞིན་རང་ལ་བྱ་བ་ལམ་འགྲོ་དང་། ཨ་ནེ་སྐུ་ཚེ་རིང་བའི་སྨོན་ལམ་བཏབ་རྗེས་ཕྱིར་ལོག །

        ཀྱེ་ཧུད། ང་ཚོས་ཕྱི་ནང་གི་རིག་གནས་མཁྱེན་ཡང་སོ་སོའི་ཆོས་ལུགས་དང་དགེ་སློབ། ཁྱིམ་རྒྱུད་དང་གཉེན་ཉེའི་གྲུབ་མཐའ་ལས་བརྒལ་མ་ཐུབ་པར། ཁྱེད་ཀྱི་མིག་དང་ང་ཡི་སྣ་ཞེས་སྨྱུག་ཁ་བསྐོར་ཞིང་ཁ་རླངས་མཆོད་པ་ལས། གྲོང་མི་རྒན་རྒོན་རྣམས་ཀྱི་ཁོག་རྒྱ་ཙམ་ཡང་མེད་པ་ནི་ཅི་ཡིས་ལན་ནམ། གལ་སྲིད་ཤེས་རིག་ཡོན་ཏན་སྦྱངས་པ་ཡིས་ལྷག་བསམ་དང་ཁོག་རྒྱ། མིག་རྒྱང་དང་བརྩེ་སེམས་བསྒྲིབས་སོང་ན་ཤེས་ཡོན་ཞེས་པ་དེ་མེད་ན་མི་དགའམ། །

བྲག་འོག་རྒྱལ་པོ།

        ཁྱུང་རི་ནས་སྟག་རིར་བབས་ཏེ་རོང་བྲག་རྫོང་གི་པ་ཝམ་ཡུལ་ཤོག་ལ་སླེབས་དུས། ལམ་འགྲམ་ལ་ལངས་ཏེ་ཡུལ་མི་ཚོ་ལ་པ་ཝམ་རྒྱལ་པོའི་མཁར་རྫོང་ཡོད་ས་དྲིས་པར། མི་རྒན་ཞིག་གིས་ལམ་ལྟག་ལ་མཛུ་གུ་བཙུགས་ཏེ། རྒྱལ་པོའི་མཁར་རྫོང་ཡོད་ས་རི་བོ་དེའི་འདབས་ལ་ཡིན་ཡང་། ད་ལྟར་ཤུལ་ཙམ་ལས་མེད་ཟེར་བས། རྩིག་རྨང་ཙམ་ལས་ཡོད་རྒྱུ་མ་རེད་བསམས་ཏེ། དེའི་ཕྱོགས་སུ་མ་སོང་བར་མུ་མཐུད་ནས་མདུན་དུ་འགྲོ་དུས། པ་ཝམ་ཡུལ་ཤོག་གི་ཀ་མདོ་གྲོང་པའི་སྟོད་ལ་མཁར་རྫོང་མཐོན་པོ་ཞིག་ཡོད་པ་མཐོང་བ་དང་། རླངས་འཁོར་ལས་བབས་ཏེ་དེའི་ཕྱོགས་སུ་སོང་ནས། ལམ་སྐེད་ནས་ཕྱོགས་བཞིར་ཡར་ལྟ་མར་ལྟ་བྱེད་དུས། ད་ཅི་མི་རྒན་ཞིག་གིས་རྒྱལ་པོའི་མཁར་རྫོང་ཡོད་ས་དེ་ན་རེད་ཅེས། མཛུ་གུ་བཙུགས་སའི་ཕྱོགས་སུ་མཁར་རྫོང་གི་ཤུལ་ཞིག་མཐོང་། ཅུང་ཐག་རིང་བས་གསལ་པོར་མི་མཐོང་ཡང་། པར་ཆས་ཀྱིས་ཚུར་འཐེན་ན་མཁར་རྫོང་མཐོན་པོ་ཞིག་དང་། དེའི་མདུན་ན་ཁང་པ་ཞིག་རོའི་རྩིག་ཤུལ་མང་པོ་མཐོང་ཐུབ་པས། ད་ཅི་དེ་རུ་མ་སོང་བར་འགྱོད་པ་སྐྱེས་བྱུང་།

        ཆུ་ཆུང་ཆུང་ཞིག་བཞུར་བའི་ལུང་པ་དེ་དེད་ནས། ཀ་མདོ་གྲོང་པའི་སྟོད་ཀྱི་རི་དམའ་མོ་ཞིག་གི་རྩེར་སླེབས་དུས། མཁར་རྫོང་གྲུ་བཞི་མ་དེ་གསལ་པོར་མཐོང་བྱུང་། མཁར་རྫོང་དེ་ལ་ཆག་འཇིག་ཅི་ཡང་བྱུང་མི་འདུག །ཕྱོགས་བཞིར་རྩི་ཤིང་མང་པོ་སྐྱེས་ཡོད་པའི་ནང་ལས། རྡོ་ཡིས་བརྩིགས་པའི་ལྕགས་རི་རྣམས་གསལ་པོར་མཐོང་ཐུབ། མཁར་རྫོང་དེའི་གཡས་ཕྱོགས་ཀྱི་རི་ངོས་ལའང་མཁར་རྫོང་མཐོན་པོ་ཞིག་འདུག །འདི་གའི་མཁར་རྫོང་གཉིས་དང་པ་ཝམ་རྒྱལ་པོའི་མཁར་རྫོང་བཅས་ནི་ཚད་ཐིག་གཅིག་ཏུ་གནས་པར་གཞིགས་ན། ཚང་མ་པ་ཝམ་རྒྱལ་པོ་དང་འབྲེལ་བ་ཡོད་ངེས། རྗེས་སུ་གོ་བ་ལྟར་ན་གནའ་སྔོན་མར་རྒྱལ་རོང་ཡུལ་དུ་མཁར་རྫོང་དང་ཁང་པ་ལས་དུས། བོན་པོའི་མོ་ཡིག་ནང་བབ་པ་ལྟར་རྩིག་རྨང་དུ་ལྕགས་རིགས་སོགས་བཞག་པའི་ལུགས་སྲོལ་ཡོད་པས་མ་ཚད། སྐབས་འགར་མི་གསོན་འཇུག་བྱེད་སྲོལ་ཡང་ཡོད་པས། མཁར་རྫོང་འགའ་ཡི་རྩ་བར་མི་ཡི་རུས་ཆག་ཐོན་མྱོང་ཞེས་བཤད་སྲོལ་འདུག་མོད། མིག་གིས་མཐོང་མ་མྱོང་བས་ཨེ་བདེན་མི་ཤེས། ཀ་མདོ་གྲོང་སྟོད་ཀྱི་མཁར་རྫོང་འདི་ཐོག་མར་ལས་དུས་མོ་ཡིག་ནང་བབ་པ་ལྟར། བུ་མོ་སྟག་ལོ་ཅན་ལོ་ན་བཅོ་བརྒྱད་ལ་སོན་པ་ཞིག་མཁར་རྫོང་གི་འོག་ལ་བཙུད་དེ། མཁར་ཡོངས་སུ་མ་གྲུབ་བར་དུ་བཟའ་བཏུང་བྱིན་ནས་གསོས་ཀྱང་། མཁར་གྲུབ་རྗེས་དེའི་ནང་དུ་ཤི་བཅུག་པ་རེད་ཟེར། བུ་མོ་དེ་མ་ཤི་གོང་ལ། ནམ་ཉི་མ་ཞིག་ལ་མཁར་འདིའི་འགྲམ་དུ་དགྱ་ཞི་ཕུང(བྲག་འོག་ཡུལ་མི་ཚོའི་སྐད་དུ་དགྱ་ཞི་ཕུང་དང་ངའི་ཕ་ཡུལ་དུ་ཁྲོམ་ཁྲོམ། སྨན་གཞུང་དུ་དྷ་དུ་ར་ཟེར)ཞེས་པའི་ལྡུམ་བུ་དྲི་ངན་ཅན་དེ་སྐྱེས་དུས། རྒྱལ་པོའི་རྒྱལ་རྒྱུད་ཆད་ངེས་རེད་ཅེས་དམོད་ངན་བཏབ་པས། ལྡུམ་བུ་དེ་སྐྱེས་པས་མ་ཚད་པ་ཝམ་རྒྱལ་པོའི་རྒྱལ་རྒྱུད་ཀྱང་དེ་ནས་ཆད་པ་རེད་ཅེས་མི་སེར་ཚོའི་ཁ་ནས་བཤད་རྒྱུན་འདུག །ངག་རྒྱུན་དེ་པ་ཝམ་རྒྱལ་པོ་གང་གི་དུས་ནས་དར་བ་ཡིན་པ་གསལ་པོར་མི་གོ་མོད། གང་ལྟར་སྐབས་དེ་དུས་རྒྱལ་པོའི་གདུག་རྩུབ་ཀྱི་བྱ་སྤྱོད་དང་སྲོལ་ངན་དར་མྱོང་བ་རྗེས་སུ་དཔག་ཐུབ།

        སྤྱིར་བྲག་སྟེང་དང་པ་ཝམ་རྒྱལ་པོའི་སྐོར་གྱི་ཡིག་ཆ་ཉུང་ལ་བོད་ཡིག་ཏུ་བྲིས་པ་དེ་ལས་ཀྱང་དཀོན། ད་ཡོད་ཀྱི་ཡིག་ཆ་ནང་བཀོད་པ་ལྟར་ན། རྒྱལ་པོ་དེ་གཉིས་ཀྱི་རྒྱལ་རྒྱུད་མཆེད་ཁུངས་གཅིག་ཡིན་པས་གཉེན་ཉེའི་འབྲེལ་བ་ཆགས་པ་དང་། པ་ཝམ་རྒྱལ་པོ་ལ་པ་ཝང་དང་པ་ཝཾ། དཔའ་དབང་། དཔའ་བོ། པ་བོ་ཞེས་འབྲི་སྲོལ་ཡང་མི་འདྲ་བ་འགའ་ཡོད་ཀྱང་། དེ་དག་གི་འགྲེལ་བཤད་གནད་དུ་ཁེལ་བ་ཞིག་ད་སྔོན་མ་མཐོང་། ཡིག་ཆ་འགར་སངས་རྒྱས་འབུམ་ནས་ཀུན་བཟང་སྐྱབས་ཀྱི་བར་རྒྱལ་རབས་ཉེར་བཞི་ཙམ་བྱུང་ཡོད་ཚུལ་བཀོད་འདུག ། བྲག་སྟེང་རྒྱལ་པོ་ཞེས་པ་ནི་སྟག་མོ་རིའི་བྲག་གི་སྟེང་ལ་ཡོད་པས་མིང་དེ་ལྟར་ཐོགས་ལ། རྒྱལ་རོང་གི་སྐད་ནང་འདོགས་ཅན་ཆད་སོང་བ་ཧ་ཅང་མང་སྟེ། དཔེར་ན། བྲག་གདོང་ལ་བག་གདོང་དང་། བརྐྱངས་ཕྱག་ལ་བརྐྱངས་ཕག །ཕྲེང་བ་ལ་ཕེང་བ་ཞེས་པས། བྲག་སྟེང་ལ་བག་སྟེང་ཞེས་འབོད་པ་ལྟར་རྒྱ་ཡིག་ཏུ(巴底)ཞེས་བྲིས་པ་རེད་འདུག །དེས་ན་གོང་དུ་བཤད་པ་ལྟར། བྲག་སྟེང་རྒྱལ་པོ་དང་པ་ཝམ་རྒྱལ་པོ་གཉིས་རྒྱལ་རྒྱུད་གཅིག་ལས་མཆེད་པ་དང་། པ་ཝམ་རྒྱལ་པོའི་མཁར་ཤུལ་ཡོད་ས་ནི་རི་རྒྱུད་དེའི་བྲག་རིའི་འོག་ལ་ཡིན་པས་བྲག་འོག་ཅེས་པའི་དོན་ཡིན་ཡང་། རྗེས་སུ་གཅིག་ནི་རྒྱལ་རོང་གི་སྒྲ་གདངས་ལྟར་བྲག་ཡིག་གི་ར་བཏགས་ཆད་དེ་བག་འོག་ཅེས་ཟུར་ཆག་པ་དང་། གཉིས་ནི་རྒྱལ་པོ་གཉིས་བར་འགལ་བ་ཡོང་བས་བྲག་འོག(བག་འོག)ཅེས་འབོད་མ་འདོད་པར། པ་ཝཾ་ཞེས་ལེགས་སྦྱར་གྱི་ཡི་གེ་ལྟ་བུའམ་དཔའ་བོ་དང་དཔའ་དབང་ཞེས་ཆེ་བསྟོད་ཀྱི་མིང་དུ་བསྒྱུར་བ་མིན་ནམ་སྙམ། དེ་ནི་རྒྱལ་རྒྱུད་ཀྱི་འབྲེལ་བ་དང་མཁར་ཤུལ་གྱི་ཆགས་ཚུལ་བཅས་ལ་བརྟེན་ནས། རང་གི་རིག་པས་བསྒྲུབས་པ་ཙམ་ལས་དེ་མིན་གྱི་ཁུངས་ལུང་བཙན་པོ་ཅི་ཡང་མེད་པས། རྣམ་པ་ཚོས་ཁ་མ་རིག་གོང་ནས་སྣ་ཞེས་མདའ་མོ་མ་འཕེན་རོགས་ཞེས་ཞུའོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1