ཟླ3པའི་ཚེས2ཉིན་གྱི་ས་སྲོད་དུ། གསར་འགོད་པས་མཛོད་དགེ་རྨེ་ཆུ་ཡུལ་ཚོའི་ནོར་རྒྱལ་ཆུ་མགོའི་བརླན་སར། དགུན་སྒྲོལ་ལ་གནས་པའི་ངང་ཆེན་རྣམས་བག་ཕེབས་པར་ཁྲུས་ལ་རོལ་ཞིང་། གོ་རིམ་ལྡན་པར་མལ་དུ་གཟིམ་པར་གྲ་སྒྲིག་བྱེད་བཞིན་པའི་ཚུལ་བརྙན་ལ་ཕབ།
གསར་འགོད་པས་མཐོང་བ་ལྟར་ན། ཐང་ཆད་པའི་ངང་ཆེན་དག་ཁྲུས་གསོལ་ཁུལ་ནས་མལ་དུ་གཟིམས་ཡོད། ཉེ་འཁོར་གྱི་སྐད་སྒྲས་དེ་ལ་ཤུགས་རྐྱེན་སྤུ་ཙམ་ཡང་ཐེབས་མི་ཐུབ། ངང་དཀར་མལ་ལ་གཟིམ་སྐབས་རྣམ་པ་ཐུན་མོང་མ་ཡིན་པ་ཞིག་ཡོད། ཁོ་ཚོའི་སྐེ་པ་རྒྱབ་ལ་བཞག་སྟེ། རང་ཉིད་ཀྱི་དཀར་ཞིང་གཙང་བའི་སྒྲོ་སྤུ་སྔས་སུ་བྱས་ཏེ་རྨི་ལམ་གྱི་ཞིང་ཁམས་འགྲིམ། མཛེས་མཆོར་ལ་དགའ་བའི་ངང་དཀར་ཁག་གཅིག་གིས་རྒྱུན་པར་གཤོག་སྒྲོ་འཕུར་འཕུར་བྱས་ཏེ། རྒྱབ་ཀྱི་མི་གཙང་བ་དག་གཙང་མར་ཕྱིས་རྗེས། གཞི་ནས་བརླན་སར་འཕུར་ནས་མལ་དུ་གཟིམ། ད་དུང་རྩེད་ལ་དགའ་བའི་ངང་དཀར་དང་ཧོན་ནས་འདུག་ལ་དགའ་བའི་ངང་དཀར་སོགས། ནུབ་ཁའི་ཉི་འོད་འོག་རྩྭ་ལོ་སེར་བོ་རླུང་གི་ཁྲོད་ནས་སྐྱོད་ཅིང་། དྲོས་པའི་འཁྱགས་འོད་ལམ་ལམ་དུ་འཕྲོ། ངང་དཀར་ཚོགས་ཀྱིས་ཉམས་འགྱུར་སྣ་ཚོགས་ངོམ།
ངང་དཀར་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་ལ། འཕུར་སྐྱོད་ཀྱི་མཐོ་ཚད་མཐོ་ཤོས་སྨི9000ཡན་ཟིན། མཐོ་སར་འཕུར་འདོད་པ་དང་ཆ་བྱད་མཛེས་འདོད་པ། ཞི་དུལ་སྒམ་པོ་འདོད་ན། ངང་དཀར་གྱི་ངལ་གསོའི་འཚོ་བ་སྐྱིད་པོར་སློབ་སྦྱོང་བྱེད་ཆོག
འོན་ཀྱང་རྒྱུན་སྲོལ་ཅན་གྱི་ངལ་གསོའི་དུས་ཡུན་གྱིས་དགའ་རོགས་སྒྲིག་པའི་ངང་དཀར་ལ་གནོད་པ་ཅི་ཡང་བཟོ་མི་ཐུབ། བརྙན་ལམ་གྱི་ངང་དཀར་གཉིས་ནི། ངང་དཀར་གཞན་ཚང་མ་གཟིམ་མལ་དུ་འཕུར་རྗེས། སྔར་བཞིན་བྲེལ་བ་མེད་པར་གནས་དེ་རུ་དགའ་རོགས་སྒྲིག་པའི་བདེ་སྐྱིད་ལ་རོལ་ཏེ། སྐད་ངག་དམའ་མོས་ཕན་ཚུན་སྙིང་གཏམ་གླེང་བཞིན། ཟླ་གསུམ་པའི་ཟླ་སྟོད་ཀྱི་མཛོད་དགེ་རུ་དཔྱིད་དུས་དང་བརྩེ་དུང་གི་སྙན་ངག་དགའ་བས་འཇུག རྒྱུས་ལོན་པ་ལྟར་ན། ངང་བ་དཀར་མོར་མཚོན་ན་སྤྱིར་བཏང་ཁྱོ་གཅིག་ཤུག་གཅིག་གི་ལམ་ལུགས་ལྟར། ཚེ་གཅིག་ལས་ཀྱི་སྐྱ་ཡ་གཅིག་ལས་མེད།
མཛོད་དགེ་རུ་ཀྲུང་གོའི་མཐོ་སྒང་གྲང་ངར་ཁུལ་གྱི་བརླན་སའི་རྩྭ་ཐང་ཡག་ཤོས་ཀྱི་མཚན་སྙན་ལྡན་ལ། དུས་བྱའི་དགུན་སྒྲོལ་དང་ངལ་གསོ་བྱ་ཡུལ་གལ་ཆེན་ཞིག་ཀྱང་ཡིན། ལོ་རེའི་ཟླ11པའི་ཟླ་དཀྱིལ་དུ། ངང་ཆེན་དག་གཅིག་རྗེས་གཉིས་མཐུད་དུ་མཛོད་དགེའི་རྨེ་ཆུ་ཡུལ་ཚོའི་ནོར་རྒྱལ་ཆུ་མགོར་ལོག་སྟེ། དུས་ཡུན་ཟླ4ཡི་མཐོ་སྒང་གི་དགུན་རྒལ་རོལ་འགོ་བརྩམས། སང་ལོའི་ཟླ1པོ་ནས3པའི་བར། མཛེས་སྡུག་ལྡན་པའི་ངང་ཆེན་དག་མཛོད་དགེ་ནས་གྱེས་ཏེ། ཞི་པོ་ལི་ཡ་སོགས་སུ་འཕུར་ཏེ་ངང་རྒྱུད་སྤེལ་ལ་བྲེལ། ཉེ་བའི་ལོ་འགའི་རིང་མཛོད་དགེ་རུ་དགུན་སྒྲོལ་ལ་གནས་པའི་སྲོག་ཆགས་རྩ་ཆེན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། །