༄༅།། མེས་པོའི་ཕྱག་རྗེས་འཚོལ་བའི་གཏམ།

ཨ་སྔགས་ཚེ་རིང་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-11




ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་བྲིས་ཤིང་པར་མཁོ་འདོན་བྱས།


སྨུག་སྤྲིན་གྱིས་བཏུམ་པའི་ཡུལ་ལྷ་བདུད་གཞོམ།
        ཉེ་བའི་ལོ་ཟླ་ནམ་ཞིག་ཡིན་པ་ཁྲིག་ཁྲིག་ཅིག་ཆ་མ་འཚལ་མོད། ཡུལ་ཕྱོགས་གཅིག་པའི་གྲོགས་པོ་ཞིག་གིས་བདག་ལ་ཁོ་བོའི་ཡང་མེས་གྱུར་པའི་རྟོགས་ལྡན་བསྟན་པ་ཚུལ་ཁྲིམས་(1847--1932)ཀྱིས་ཡུལ་ཤར་ཁོག་གི་གཉན་ཆེན་བདུད་གཞོམ་རི་དྲུང་དུ་མཁའ་འགྲོ་གསང་གཅོད་འགྲིམ་སྐབས་གནས་དེའི་ཀླུ་བཙན་དམ་ལ་བཙུད་པའི་བརྡ་རྟགས་ཏེ། སྲ་མཁྲེགས་བྲག་གི་ངོས་སུ་ཕྱག་མཛུབ་ཀྱིས་ཐད་ཀར་བྲིས་པའི་སྔགས་འཛབ་ཨཱོཾ་ཨ་ཧྲི་མ་ཧྲིང་ཧཱུཾཿཞེས་པ་ཁྲ་ཆིལ་ལེར་ཤར་བའི་པར་རིས་ཤིག་སྐད་འཕྲིན་ནང་ནས་བསྐུར་བྱུང་། རྗེས་སུ་དགའ་མལ་དགོན་ཆེན་གྱི་སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་བམ་ཨ་ཁུ་ནོར་བུས་མ་རྒྱུད་གནས་རི་ཆེན་མོ་བྱང་བྱ་དུར་གནས་ཡིག་དྲི་མེད་ཤེལ་དཀར་ཞེས་བྱ་བའི་དེབ་ཅིག་རྩོམ་སྒྲིག་བྱས་ཏེ་པར་དུ་བསྐྲུན་པའི་ཕྱིར་བདག་གི་ལག་ལ་སྤྲོད་སྐབས་དེར་ཡང་པར་རིས་དེ་དང་འབྲེལ་ཡོད་ཀྱི་གནས་བཤད་འཁོད་འདུག །ལར་རྟོགས་ལྡན་བསྟན་པ་ཚུལ་ཁྲིམས་ཀྱིས་གྲུབ་རྟགས་བཞག་པའི་བཤད་སྲོལ་མང་པོ་ཞིག་བདག་ཆུང་དུས་ནས་ལོ་ལོན་ཚོའི་ངག་རྒྱུན་ནས་གཏམ་རྒྱུད་ཀྱི་ཚུལ་དུ་གོ་མྱངས་མོད། གཏམ་རྒྱུད་ནི་རྟོག་པས་བཏགས་ཙམ་གྱི་སྒྲུང་ལྟ་བུ་ཡིན་གཤིས་ཆུང་བྱིས་པའི་བློ་ངོར་མཚར་མཚར་དུ་གྲུབ་རུང་ལོ་ན་སོན་རྗེས་བདེན་དུ་འཛིན་མཁན་ཇེ་ཉུང་དུ་འགྲོ་བ་བཞིན། བདག་ཀྱང་ལོ་ན་ཆེ་རུ་ཕྱིན་ཏེ་ཕྱི་ཡུལ་དུ་རིམ་བཞིན་ཐོས་པ་འཚོལ་ཞིང་ལས་ཀ་གཉེར་བ་ནས་བཟུང་། གཏམ་རྒྱུད་དེ་དག་ཀྱང་ལོ་ཟླ་རིང་མོའི་འགྲོས་དང་བསྟུན་རིམ་བཞིན་དྲན་འཛིན་གྱི་བག་ཏུ་ཉལ།
        གློ་བུར་དུ་པར་རིས་དེ་མིག་གི་ལམ་དུ་ཡོང་དུས་ཁོ་བོའི་རྟོག་ངོས་ཀྱི་སྐར་ཁུང་ཕྱེས་ཤིང་མཚར་སྣང་གི་སྒོ་མོ་ཡང་ཅིག་ཅར་དུ་འབྱེད། ངང་ངམ་ཤུགས་ལས་ནམ་ཞིག་རྟེན་འདི་ཀོ་མཇལ་བའི་སྐལ་བ་ཞིག་བྱུང་ན་སྙམ་པའི་ཡིད་སྨོན་ཞིག་ཀྱང་འཕྲལ་དུ་སྐྱེེས་པ་ཙམ་ལས། ཞིབ་ཏུ་བསམ་ན་ཡུན་རིང་དམའ་སའི་སྤོས་ལྡན་གྲོང་དུ་གནས་པའི་ཁོ་བོ་ལྟ་བུར་མཚོན་ན། ཡུལ་དེ་ནི་ནམ་རྒྱུན་འགྲོ་འོང་དཀོན་པའི་དབེན་གནས་ཤིག་ཡིན་པ་གཞིར་བྱས། བགྲོད་ལམ་སྟབས་བདེ་མེད་ཅིང་དབྱང་དབུགས་དཀོན་པའི་མཐོ་ས་ཞིག་ཡིན་ངེས་སྟབས་དངོས་སུ་སླེབས་ཐུབ་པར་ཅི་ནས་ཀྱང་དཀའ་རྒྱུ་རེད་སྙམ།
        ཇི་སྐད་དུ། བློ་ཐག་རྦད་ཀྱིས་གཅོད་ཐུབ་ན། །མི་འགྲུབ་བྱ་བ་ཅི་ཡང་མེད། །ཅེས་བརྗོད་པ་ལྟར། དེ་རིང་སྤོས་ལྡན་གྲོང་གི་ཚ་དྲོད་ཀྱི་དུཿཁ་ལས་བྱོལ་བའི་ཁོ་བོ་རང་ཡུལ་ཤར་ཁོག་ལ་འབྱོར་བའི་གོ་སྐབས་དང་བསྟུན། མེས་པོའི་ཕྱག་རྗེས་འཚོལ་བའི་འདུན་པ་ཞིག་འགོག་ཏུ་མེད་པར་གྱུར་སྟབས། གནས་དེར་ཆ་རྒྱུས་ཧ་ཅང་ཆེ་བའི་རྣལ་འབྱོར་པ་ཚུལ་ཁྲིམས་མཐའ་ཕྱིན་ནམ་ཨ་ཁུ་ཕུར་ཁོ་ནས་ཀྱང་ལམ་ཁྲིད་ཀྱི་རོགས་དན་མཛད་པའི་མཐུན་རྐྱེན་དགྱེས་བཞིན་གནང་།


ཨ་སྔགས་རྟོགས་ལྡན་གྱི་གདན་ས་ཤར་སྐྱང་ཚང་དགོན།

        ཏག་ཏག་སྔ་མོ་ཆུ་ཚོད་བདུན་གྱི་ཐོག་སྟེ་ཟིམ་ཟིམ་ཆར་སྨུག་ཁྲོད་དུ་ང་ཚོ་མི་བདུན་ལྗོངས་བགྲོད་རླངས་འཁོར་ཞིག་ཏུ་བསྡད་དེ་སྐྱང་ཚང་དགོན་ཕུན་ཚོགས་དར་རྒྱས་གླིང་ནས་ལམ་དུ་ཆས། བླ་ཀ་སྡེ་པའི་སྟོད་ཙམ་ནས་བགྲོད་ལམ་ཇེ་དོག་ཏུ་ཕྱིན་ཞིང་། ཁ་རལ་སྣ་ཤོར་དུ་གྱུར་པའི་ཆར་ཁྲོད་ཀྱི་ལམ་ངོས་སུ་ནུས་ཤུགས་ཆེ་བའི་ལྗོངས་བགྲོད་རླངས་འཁོར་ཡང་རེ་ཞིག་བོང་བུ་དར་ཐོག་ཏུ་ཕྱིན་པ་ལྟར་ཡར་བསྐོར་མར་སྣུར་བྱེད། དེས་ན་ང་ཚོས་རླངས་འཁོར་བསྐྱུར་ཏེ་རྐང་ཐང་མི་བགྲོད་ཐབས་མེད་དུ་གྱུར། ཨ་ཁུ་ཕུར་ཁོས་ངེད་ཅག་ལ། ཆར་པས་བགྲོད་ལམ་མ་བརླན་པ་ཡིན་ན་ལག་རྩལ་བཟང་བའི་ཁ་ལོ་པས་ལྗོངས་བགྲོད་རླངས་འཁོར་བླ་ཀ་ལ་སྟེང་དུ་བདེ་བླག་ངང་བསྐོར་ནུས། ད་དེ་རིང་ཆར་པ་འབབ་བཞིན་ཡོད་པས་ང་ཚོས་དྲིན་ཨ་མས་གནང་བའི་རྐང་གཉིས་རིན་པོ་ཆེ་ལས་གཞན་རེ་ས་མེད་ཅེས་ཀུ་རེ་ཚུལ་གྱིས་བཤད།
        དེ་ནས་ལམ་ཕྲན་བརྒྱུད་དེ་ཡར་ནས་ཡར་དུ་ཕྱིན་པའི་འགྲོས་དང་བསྟུན། ཆར་རླུང་ཡང་ཇེ་རྒོད་དུ་སོང་བས་ཁོ་བོའི་ལག་གི་ཆར་གདུགས་འཛིན་དཀའ་ཞིང་དབུགས་ཀྱི་འབྱིན་རྔུབ་ཀྱང་ཧུབ་ཧུབ་ཅེས་དྲག་ཏུ་གྱུར། ནམ་རྒྱུན་དབེན་པར་སྒོམ་སྒྲུབ་ལ་འགྲོ་བའི་ཨ་ཁུ་ཕུར་ཁོ་དང་ཁོང་གི་གྲྭ་པའི་ལུས་ལ་སྦྱོང་རྩལ་ཐེབས་ཡོད་པས་དཀའ་སྣང་དེ་ཙམ་མེད། དེ་ནས་ཨ་ཁུ་ཕུར་ཁོས་བདག་ཅག་ལ་ཨ་སྔགས་རྟོགས་ལྡན་གྱི་ངོ་མཚར་བའི་མཛད་རྣམ་སྐོར་ཁ་བརྡ་བྱས་པས། ཀུན་གྱི་སྣང་བ་དེ་རུ་གཡེངས་སྟབས་དཀའ་ཚེགས་ཆེན་པོ་མ་ཤར་བར་དལ་དུ་བླ་ཀའི་ལ་ཐོག་ཏུ་སླེབས།
        ལ་ཡི་སྟེང་དུ་སླེབས་རྗེས་ཆར་པ་འབབ་མཚམས་ཆད་ལ། སྨུག་པ་སྟུག་པོའང་རིམ་གྱིས་ཡལ་ཏེ་གནམ་སའི་བར་དཀར་སངས་ངེར་གྱུར། མཐོན་པོའི་སྒང་ལ་སླེབས་པའི་གཟིགས་རྒྱང་དུ། བྲག་རིའི་ངང་བརྗིད་ཀུན་ནས་ཕྱུག་པའི་གཉན་ཆེན་བདུད་གཞོམ་གྱི་དབུ་འཕང་ད་དུང་སྨུག་སྤྲིན་གྱིས་བཏུམ་པས་མཐོང་མི་ནུས་མོད། ཉེ་སྐོར་གྱི་རྫ་རི་དང་ནགས་རི། དེའི་བར་གྱི་ལུང་པར་སྨུག་པ་སྲབ་མོ་དལ་དུ་གཡོ་བ་མཐོང་བ་དང་། ཁྱད་པར་དུ་རི་དང་རི་ཕྲན་གྱི་སྐེ་ལ་ན་བུན་གྱི་དར་དཀར་དཀྲིས་ཤིང་། སྣུམ་ཚོན་རི་མོ་བྲིས་འདྲའི་མཛེས་སྡུག་གིས་མིག་དབང་ཀུན་ནས་འཕྲོག་སྟེ། བདག་གི་མགྲིན་པའི་འཁོར་ལོ་ནས། ཨེ་མ། ཆར་རྗེས་རི་ཀླུང་སྔོན་པོ་ནི། །ཁྲུས་ལས་ཐོན་པའི་སྒེག་མོ་བཞིན། །དད་དམ་མོད་པའི་གཞོན་ནུ་ཡི། །ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག །ཅེས་པ་ཐོལ་བྱུང་དུ་སྨྲས། དེ་ནས་ང་ཚོ་ཕྱོགས་གཉིས་རྩི་ཤིང་ལྗོན་པའི་ཡལ་ག་ལྡེམ་ལྡེམ་གཡོ་ཞིང་རྡེའུ་མོད་པའི་ལམ་ཕྲན་བརྒྱུད་ནས་ཐུར་དུ་རི་རྩ་ལ་བབས། རི་འདབས་སུ་ཉམས་དགའ་བའི་ནེའུ་གསིང་ཞིག་འདུག །ཨ་ཁུ་ཕུར་ཁོས་བཀོད་སྒྲིག་བྱས་པ་ལྟར་ཚ་བོ་ཚ་མོ་དག་གིས་རྒྱབ་ཏུ་འཁུར་བའི་བ་མ་སོགས་ཇ་སྐོལ་ཆས་དང་རྩམ་པ་སོགས་བཟའ་ཆས་སྡོང་པོ་ཞིག་གི་སྐེད་ལ་བཀལ་ཏེ་ཕྱིར་ལོག་དུས་ཉིན་གུང་གི་འཐུང་ཇ་འདི་ནས་བསྐོལ་རྒྱུ་བྱས།

ཤག་ཤག་འབབ་པའི་རྫ་ཆུ་བསིལ་མ།
        དེ་ནས་ང་ཚོ་ཡར་ལུང་ཁོག་དེད་དེ་ཕྱིན། ཤག་ཤག་འབབ་པའི་རྫ་ཆུ་བསིལ་མའང་མཚན་གང་པོར་ཆར་པ་བབས་པའི་ཤུགས་ཀྱིས་རབ་ཏུ་བྲུག་ཅིང་། ནམ་རྒྱུན་ཕྱུགས་རྫི་སོགས་འགྲིམ་སའི་སྡོང་པོ་ཁེར་རྐྱང་འཕྲེད་དུ་འཕངས་པའི་སྟབས་བདེའི་ཟམ་པའང་རེ་འགའ་ཆུ་རུ་ནུབ་ཅིང་ལ་ལ་ཆུ་ཡིས་ཁྱེར་ཚར་བས་ང་ཚོས་ལྷམ་གྱོན་བཞིན་ཐད་ཀར་བརྒལ་དགོས་བྱུང་། ཞིང་གྲོང་ནས་འཚར་ལོངས་བྱུང་བའི་ཁོ་བོ་ལ་མཚོན་ན། བྱིས་པའི་དུས་སུ་གྲོགས་པོ་ཚོ་དང་མཉམ་དུ་ནམ་རྒྱུན་ཆུ་རྩེད་བྱེད་ཅིང་། རྟག་ཏུ་གོས་དང་ལྷམ་བརླན་པར་བྱས་པས་ཕ་མས་གཤེ་གཤེ་རག་པའི་ཆུང་དུས་ཀྱི་འཚོ་བའང་ཡིད་ལ་ཤར་བས། ཕྱི་ལ་གཡེངས་ཤིང་འཕྱན་པའི་བུ་ཆུང་རང་ཡུལ་རང་གིས་ངོ་ཟིན་པ་ལྟ་བུ་ཟེར་མི་ཤེས་པའི་སྐྱོ་དགའི་ཚོར་སྣང་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས།
        ལུང་པ་དེད་དེ་ཕྱིན་ནས་ཐག་མི་རིང་བ་ཞིག་ན་ཁོད་ཡངས་པའི་བྲག་གི་སྐྱིབས་འོག་ཞིག་ཏུ་ཐོན། བྲག་རྩར་མེ་བུས་པའི་རྗེས་ཤུལ་ཡོད་པ་ལ་དཔོག་ན་གནས་འདི་ཕྱུགས་རྫིའམ་ནགས་ལས་པས་ཇ་སྐོལ་ཞག་སྡོད་བྱེད་ས་ཞིག་ཡིན་པར་ཤེས། བྲག་གི་ངོས་སུ་ཤུལ་རྗེས་ཤིག་དོད་ཡོད་པ་ལ་རིག་འཛིན་སྐྱང་འཕགས་ཆེན་པོའི་ཕྱག་རྔ་བསྒྲིལ་རྗེས་ཀྱི་ཤུལ་ཡིན་ཞེས་པའི་བཤད་སྲོལ་ཡོད། དེ་ཡང་འདི་ལྟར་ཡིན་འདུག་སྟེ། གནས་ཆེན་བྱ་དུར་དཀར་ཆག་དབྱིངས་ཉིད་ཞལ་ལུང་ལས། ཤར་ཕྱོགས་ཕར་བརྒལ་རི་ཡི་དཀྱིལ་ཐད་དུ། །འཇིགས་རུང་ཀླུ་བཙན་དམར་པོའི་སྒྲུབ་ཕུག་ཡོད། །ཅེས་འཁོད་པ་བཞིན། རིག་འཛིན་སྐྱང་འཕགས་ཆེན་པོས་ཡུལ་ཤར་ཁོག་གི་དུང་རི་དང་བྱ་དུར་སོགས་གནས་སྒོ་ཕྱེ་སྐབས་ཕྱོགས་ངེས་མེད་ནས་སྒྲུབ་ལ་ཞུགས་ཤིང་། ལྷ་སྲིན་དྲག་རྩལ་ཅན་དམ་ལ་བཏགས་པའི་བདེན་རྟགས་དང་སྐལ་ལྡན་དང་བ་འདྲེན་པའི་དམིགས་རྟེན་དུ་ཕྱག་རྗེས་ཞབས་རྗེས་སོགས་བགྲང་ཡས་པ་བཞག་པ་ལས། ཀླུ་བཙན་ལ་དགོན་འདི་ནའང་སྒྲུབ་རྔ་བྲག་ལ་བསྒྲིལ་པའི་རྫུ་འཕྲུལ་སྟོན་པ་ཡིན་ཞེས་གྲགས། བྲག་གི་ངོས་དང་བར་གསེང་ནས་ཆུ་ཡི་ཐིགས་ཕྲེང་མང་པོ་འབབ་བཞིན་འདུག །ཐིགས་ཆུ་དེ་ནི་ཧ་ཅང་བསིལ་བའི་རང་བཞིན་དུ་གྲུབ་སྟེ། རིག་འཛིན་གོང་མས་བྱིན་གྱིས་བརླབས་པའི་གནམ་འབབ་བདུད་རྩི་ལྟ་བུ་འདི་ཉིད་དད་པ་ཅན་གྱིས་ཞལ་དུ་གསོལ་ན་འཕྲལ་གྱི་ནད་རིགས་འཇོམས་ཤིང་ཡུན་གྱི་སྡིག་སྒྲིབ་འདག་པའི་ཡོན་ཏན་ལྡན་ཞེས་པའི་ཟེར་སྲོལ་ཀྱང་མཆིས།
        མུ་མཐུད་དུ་ཡར་སོང་བའི་གཡོན་ཕྱོགས་ཏེ་གསོམ་སྡོང་ཆེན་མོ་ཞིག་གི་འོག་རིམ་དུ་ཆུ་མིག་ཅིག་ཡོད། ཆུ་མིག་དེ་ནི་བདུད་གཞོམ་གྱི་རི་ཡི་ཁོག་པའི་ནང་ནས་འབབ་པ་ཡིན་པ་དང་། ངོ་མཚར་དགོས་པ་ཞིག་ནི་སྐབས་སྐབས་སུ་ཆུ་རྒྱུན་ལྷུང་ལྷུང་འབབ་ཅིང་སྐབས་འགར་ཐིགས་པ་གཅིག་ཀྱང་མི་འབབ་པར་སྣང་ཟེར། ང་ཚོ་དེ་རུ་ཕྱིན་དུས་རྡོ་དང་རྡོ་ཕྲན་ངོས་སུ་ན་རྩྭ་ཆགས་པ་དང་དེའི་བར་གསེང་དུ་ཆུ་ཕྲན་གྱ་གྱུ་བཞུར་བཞིན་འདུག །ཁོ་བོས་ཡུལ་ལྷ་བདུད་གཞོམ་ཕྱོགས་སུ་མཆོད་གསུམ་ཕུལ་ནས་ཁྱོར་པ་གང་བཏུངས་བས་ཧ་ཅང་བསིལ་བའི་ཡོན་ཏན་གྱིས་ལུས་ཡོངས་ཀྱི་ངལ་དུབ་སེལ་ཞིང་རིག་པའང་ཇེ་དྭངས་སུ་གྱུར་བའི་ཉམས་ཤར། ཨ་ཁུ་ཕུར་ཁོས་ཡན་ལག་བརྒྱད་ལྡན་གྱི་གཏེར་ཆུ་འདི་ནི་ཧ་ཅང་དྭངས་ཤིང་བསིལ་བ་ཡིན་ལ། བཏུང་ན་བད་ཀན་སོགས་ནད་རིགས་ཀུན་ལ་ཕན་པས་དམངས་ཁྲོད་ན་བདུད་གཞོམ་སྨན་ཆུ་ཞེས་སུ་གྲགས་ཟེར།
        དེ་ནས་ལ་ཆུང་ཞིག་བརྒྱབ་རྗེས། བྲག་མདོག་དམར་ནག་འདྲེས་མའི་ཐོག་ཏུ་ལྷ་ཤིང་ཤུག་པ་ཚོམ་ཚོམ་སྐྱེས་པ་གཡུ་ཡི་མཎྜལ་ལྟ་བུའི་རི་ཞིག་ལ་ན་བུན་གྱི་སྤོས་དུད་འཁྱིལ་འདྲ་སྟེ། ཧ་ཅང་མཛེས་བརྗིད་གཉིས་ལྡན་གྱི་རི་ཞིག་མིག་གི་མདུན་དུ་མངོན། ཨ་ཁུ་ཕུར་ཁོས་ཕྱག་མཛུབ་ཕྱོགས་དེར་གཏད་ནས་རི་འདི་ནི་ཨ་སྔགས་རྟོགས་ལྡན་མཁའ་འགྲོ་གསང་གཅོད་འདུག་ས་རེད་ཟེར། ཁོ་བོས། འོ་ལགས་སོ་ཞེས་ཞུས་ནས་ཡུད་ཙམ་ཧད་དེ་ལུས་ནས་བལྟས། ཡབ་མེས་གོང་མས་བློ་རབ་ཕྱོགས་པའི་དབེན་གནས་ནི་ཅི་འདྲའི་ཉམས་དགའ་བ་ཞིག་རེད་ཨང་བསམ་བཞིིན་གནས་དེར་འཕྲལ་དུ་ཐོན་པའི་གོམ་སྟབས་ཇེ་ཡང་ཇེ་མྱུར་དུ་གྱུར།


གནས་མཇལ་གྱི་ལམ།




རི་རྩའི་གསོམ་སྡོང་ཐོག་ཏུ་རྩེ་མོ་དཔུང་རྒྱན་འཐེན་ཞིང་རྩི་ཤིང་སྟུག་པོའི་ཡལ་ག་འཁྲུག་པའི་བར་གསེང་དུ་ཕྱིན་ཏེ་བལྟས་རྗེས། སྨུག་མདོག་བྲག་གི་ངོས་སུ་ཨཱོཾ་ཨ་ཧྲི་མ་ཧྲིང་ཧཱུཾཿཞེས་ཡིག་འབྲུ་བདུན་པོ་སློབ་ཁང་ནང་གི་ནག་པང་ངོས་སུ་ས་སྨྱུག་གིས་བྲིས་པ་ལྟ་བུ་ཁྲ་ཆེམ་མེར་ཤར་འདུག །ཚུར་མཐོང་གི་སྣང་ངོར་སྲ་མཁྲེགས་ཀྱི་བྲག་ངོས་སུ་ཕར་བརྐོས་པ་མ་ཡིན་པར་ཚུར་འབུར་བའི་རྣམ་པ་ཡི་ཡིག་འབྲུ་དེ་དག་མཇལ་དུས་ཨེ་མ་ངོ་མཚར་ཆེ་བ་ལ་སྙམ་བཞིན་དད་ཕྱག་འཚལ་ནས་བྱིན་རླབས་ཞུས་མོད། ཁོ་བོ་ནི་རང་གི་སྔོན་བྱོན་མེས་པོས་འཇིག་རྟེན་ཆོས་བརྒྱད་རྒྱབ་ཏུ་ཕྱོགས་ནས་དབེན་པའི་གནས་འདི་ལྟ་བུར་བག་ལ་ཕེབས་པའི་གོམ་སྟབས་གྱུར་ཅིང་སྒྲུབ་པའི་རྒྱལ་མཚན་བཙུགས་ན་གནས་པའི་རྣམ་པ་ཞིག་ཀླད་པར་གློག་བརྙན་ལྟར་འཆར་ཞིང་། དེ་སྔ་རང་གི་བློ་རུ་བཟུང་བའི་རྒྱལ་སྲས་ཞི་བ་ལྷའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ནང་གི་བསམ་གཏན་ལེའུ་ཡི་ཚིག་འགའ་སྟེ། རྩོད་དང་ཉོན་མོངས་ཀྱིས་སྟོང་པ། །ཞི་བའི་ནགས་ཀྱི་ནང་དག་ཏུ། །སྐལ་ལྡན་ཟླ་འོད་ཙན་དན་གྱིས་བསིལ་བའི། །ཡངས་པའི་རྡོ་ལེབ་ཁང་བཟང་ཉམས་དགའ་བར། །སྒྲ་མེད་ཞི་བའི་ནགས་ཀླུང་གཡོས་པ་ཡིས། །གཞན་ལ་ཕན་དོན་སེམས་ཤིང་འཆག་པར་བྱེད། །ཁང་སྟོང་ཤིང་དྲུང་ཕུག་དག་ཏུ། །གང་དུ་ཇི་སྲིད་འདོད་གནས་ཤིང་། །ཡོངས་འཛིན་བསྲུང་བའི་སྡུག་བསྔལ་སྤངས། །ལྟོས་པར་མེད་པར་བག་ཡངས་སྤྱོད། །རང་དབང་སྤྱོད་ཅིང་ཆགས་མེད་ལ། །གང་དང་ཡང་ནི་འབྲེལ་མེད་པའི། །ཆོག་ཤེས་བདེ་སྤྱོད་གང་ཡིན་པ། །དབང་པོས་ཀྱང་ནི་དེ་རྙེད་དཀའ། །ཞེས་པ་ཐོལ་བྱུང་དུ་ངག་ནས་བརྡོལ་ཞིང་བསམ་གཞིག་གི་ཀློང་དུ་ཕྱིན། དེ་ནས་ཐལ་མོ་སྙིང་ཁར་སྦྱར་ཏེ་ཁ་བཏགས་དཀར་པོ་སྲིད་ན་རིང་བ་ཞིག་ཕུལ་ཞིང་དྲི་ཞིམ་སྤོས་མ་རྐང་གསུམ་སྒྲོན་ནས་ལྷ་ཕྱག་དུ་མ་འཚལ། ཡིག་འབྲུ་བདུན་ལ་མགོ་ཡང་ཡང་གཏུགས་ནས་གཤེན་གྱི་རྩ་བའི་གྲྭ་ས་འོག་མ་རུ་ལག་གཡུང་དྲུང་གླིང་གི་མཁན་རབས་ལྔ་པ་ཤེས་རབ་བློ་ལྡན་གྱིས་ཨ་སྔགས་རྟོགས་ལྡན་ལ་ཕུལ་བའི་གསོལ་འདེབས་ཏེ། སྐྱེ་མེད་རང་བཞིན་དབྱིངས་ཉིད་བདེ་བ་ཆེ། །གསལ་བའི་རྣམ་པ་ཐུགས་རྗེ་ལོངས་སྤྱོད་རྫོགས། །དྭངས་མའི་འོད་ཟེར་ཀློང་གྱུར་བསྟན་འགྲོ་པ། །བསྟན་པ་ཚུལ་ཁྲིམས་ཞབས་ལ་གསོལ་བ་འདེབས། །ཞེས་གསོལ་སྨོན་ཞུས་ཏེ་སྔ་ནས་མེད་པའི་དད་པའི་སྤུ་ལོང་གཡོས་ཤིང་མོས་གུས་ཀྱི་མཆི་མ་རབ་ཏུ་འཁྲུག །དེ་ནས་ཨ་ཁུ་ཕུར་ཁོ་དང་ཁོང་གི་འཁོར་གྲྭ་བས་གཙོས་བྱས་ཏེ་ང་ཚོས་སྤོས་དྲི་ངད་ལྡན་ཁྲོད་དུ་སིལ་ཏོག་བཏུང་ཆུ་སོགས་བཤམས་ཏེ་ཚེ་དབང་སྨོན་ལམ་དོན་འདུས་རིན་ཆེན་ཕྲེང་བ་ཞེས་པ་བཏོན་ཞིང་སྟབས་བདེའི་ཚོགས་འཁོར་ཞིག་ཀྱང་ཕུལ། ཡོངས་གྲགས་སུ་ཨ་སྔགས་རྟོགས་ལྡན་ནི་འགྲོ་མགོན་ཚེ་དབང་རིག་འཛིན་གྱི་རྣམ་རོལ་དུ་གྲགས་པས་ཚེ་དབང་རང་གི་ཞལ་གསུང་དྲི་མ་མེད་པ་སྨོན་ལམ་འདི་ཀོ་རྫ་བོ་རིག་པ་རང་ཤར་ལ་སྙན་དུ་བརྒྱུད་པས་བྱིན་རླབས་ཀྱི་དྲོད་མ་ཡལ་བ་ཞིག་ཡིན་གཤིས། ང་ཚོས་མོས་གུས་ཀྱི་བློས་དྲངས་ཏེ་གནས་ཁྱད་པར་ཅན་འདི་ནས་སྒྲ་དག་སྒྲོས་གཙང་ངང་ཚར་གཅིག་བཏོན་ན་རྟེན་འབྲེལ་གྱི་གནད་ཅི་ནས་ཀྱང་ཆེ་སྙམ་མོ། །


ཨ་སྔགས་རྟོགས་ལྡན་གྱི་སྒྲུབ་ཕུག །
        དེ་ཡང་ཧོར་བ་དྲུངས་རམས་པ་སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོས་བྲིས་པའི་ཨ་སྔགས་རྟོགས་ལྡན་བསྟན་པ་ཚུལ་ཁྲིམས་ཀྱི་རྣམ་ཐར་དང་ཡུལ་མི་རྒན་རབས་པའི་ངག་རྒྱུན་ལྟར་ན། སྐྱེས་ཆེན་འདི་པ་རྟོགས་པའི་བཙན་ས་ཟིན་ཡང་ནམ་རྒྱུན་ཉམ་ཆུང་བརྟུལ་ཞུགས་དང་དུ་ལེན། སྒྲིབ་གཉིས་བག་ཆགས་དྲུངས་ནས་འབྱིན་ཀྱང་རྟག་ཏུ་དགེ་སྦྱོར་བརྩོན་པའི་རྒྱུན་མི་ལྷོད། གྲུབ་པའི་གོ་འཕང་རྩེ་རུ་བརྙེས་རུང་སྒོ་གསུམ་མཛད་སྤྱོད་ལྷག་ཏུ་ཟོན། འཁོར་བའི་ཞེན་བློ་རྒྱབ་ཏུ་ཕྱོགས་ཀྱང་འཁོར་སློབ་གདུལ་བྱ་རྒྱ་མཚོ་བསྐྱངས་པ་སོགས་འགྲོ་བ་འདྲེན་པའི་དེད་དཔོན་དུ་བསམ་བཞིན་དུ་བྱོན་པ་ཞིག་ཡིན་པར་གྲགས། ཧོར་བ་དྲུང་རམས་པས་ཀྱང་འདི་ལྟར་གསུངས་ཡོད་དེ། སྲིད་ཞིའི་མཐའ་ལས་འགོངས་ཀྱང་སོ་སྐྱེའི་ཚུལ། །མཆོག་གི་དབྱིངས་གྲལ་ཟིན་མོད་དམན་ས་བཟུང་། །སྒྲིབ་གཉིས་རྣམ་པ་དག་ཀྱང་སྦྱོར་ཚུལ་མཛད། །རྩ་བའི་བླ་མ་བསྟན་པ་ཚུལ་ཁྲིམས་བསྟོད། །ཅེས་གསུངས་པ་ལྟར་དང་། ཡུལ་ཤར་ཁོག་གི་དཔལ་གཤེན་བསྟན་སྐྱང་ཚང་ཕུན་ཚོགས་དར་རྒྱས་གླིང་གི་ཕྱག་འདེབས་པ་པོའང་ཨ་སྔགས་རྟོགས་ལྡན་འདི་པ་ཡིན་ཏེ། ཇི་སྐད་དུ་ཧོར་བ་དྲུང་རམས་པའི་ཞལ་ལས། ཁྱད་པར་ཕུན་ཚོགས་གླིང་ཞེས་གླིང་འདིའི་ཞིང་བཀོད་ཚེ། །ཁྱད་དུ་ཐུགས་བསྐྱེད་ཡ་པད་ཡ་མོའི་བསྙེངས་དབེན་བསྐོན། །ཁྱད་འཕགས་ལྷ་ཡི་དལ་བསྐྲུན་དལ་ཞལ་དཔྱིད་ཕུལ་བྱུང་། །ཁྱད་མཚར་གནས་འདིའི་བསྟན་བདག་བསྟན་པ་ཚུལ་ཁྲིམས་རྒྱལ། །ཞེས་གསུངས་པ་ལྟར་རོ། །
        གཞན་ཡང་དམ་པ་འདི་པ་སྤོང་བ་བསམ་གཏན་པའི་མིག་ལྟོས་སུ་རྟག་ཏུ་ཡུལ་ཤར་ཁོག་གི་གནས་ཁྱད་པར་ཅན་བྱ་དུར་དང་དུང་རིའི་གསེར་མཚོ་སོགས་དབེན་པ་ཉམས་དགའ་བར་སྒྲུབ་པ་རྩེ་གཅིག་མཛད་ཅིང་ཡུལ་རི་བདུད་གཞོམ་ཀླུ་བཙན་ཕུག་སོགས་སུ་རི་བརྒྱ་འགྲིམས། མཁའ་འགྲོ་གསང་གཅོད་ཞུགས་སྐབས་རྒྱལ་བསེན་དངོས་སུ་དམ་ལ་འདོགས་པ་དང་ཀླུ་བདུད་ཟིལ་གྱིས་མནན་པ། ཀླུ་ཡི་གྲོང་ཁྱེར་གདུག་པ་ཅན་གྱི་ས་གནས་འཇམ་ལ་ཕབ་པ། ནག་ཕྱོགས་གདུག་པ་ཅན་རྣམས་དབང་དུ་བསྡུས་པ། གཞི་བདག་དྲག་རྩལ་ཅན་གྱིས་གུས་པ་ཕུལ་བ་སོགས་གྲུབ་པའི་རྟགས་མཚན་གྲངས་ཀྱིས་མི་ཆོད་པ་བཞག་ཅེས་ཀྱང་གྲགས། ཐེངས་འདིར་ང་ཚོས་ཆུ་བུར་མིག་གི་བདུད་རྩིར་སོན་པའི་ཡིག་འབྲུ་ཁྲ་ཆིམ་མེར་མཇལ་བ་འདིའང་། དམ་པ་འདི་པ་མཁའ་འགྲོ་གསང་གཅོད་བཞུགས་སྐབས་སུ་གནས་དེའི་ཀླུ་བཙན་གདུག་པ་ཅན་རི་ལྟར་སྤྲུལ་ནས་བྱུང་བ་ལ། སྣང་སྲིད་སྒྱུ་མའི་རང་བཞིན་དུ་ངོ་ཤེས་ཤིང་རང་ཉིད་ཡི་དམ་གྱི་ལྷ་རུ་སྤྲུལ་ནས་ཐམས་ཅད་རང་དབང་དུ་བསྒྱུར་ནས་དམ་ལ་བཏགས། བདེན་པའི་རྟགས་སུ་བསྙེན་འཛབ་འདི་ཀོ་ཕྱག་མཛུབ་ཀྱིས་སྲ་མཁྲེགས་བྲག་ལ་བྲིས་པ་ཡིན་ནོ། །
        དེ་ཡང་ཨ་སྔགས་རྟོགས་ལྡན་གྱིས་གྲུབ་པའི་རྟགས་མཚན་དུ་བཞག་པར་གྲགས་པའི་ཡིག་འབྲུ་འདི་ཀོ་ད་བར་མ་མཐའ་ཡང་མི་ལོ་བརྒྱ་ལྷག་འདས་མོད། ང་ཚོས་འདི་ཀོ་མཇལ་བ་ནི་དད་ལྡན་པའི་ངོས་ནས་བཤད་ན་བྱིན་རླབས་ཀྱི་ཚན་ཁ་བརྡོལ་བའི་གཏེར་དུ་གྲུབ་ལ། ཡུལ་སྐོར་སྤྲོ་འཁྱམ་པའི་མཐོང་སྣང་དུ་ཕྱི་སྣོད་ཀྱི་མཛེས་པའི་རང་བྱུང་ཁོར་ཡུག་ཅིག་ཏུ་ནང་བཅུད་ཀྱི་སེམས་ཅན་གྱི་ཤེས་རིག་གི་འོད་ཐིགས་ཤིག་འཕྲོས་པའི་གཏམ་རྒྱུད་གསོན་པོ་ཞིག་རེད། ཁོ་བོར་མཚོན་ན་འདི་ནི་སྲིད་པ་གངས་རྒན་འདྲ་བའི་མེས་པོ་བློ་གྲོས་ཅན་གང་དེ་དང་ཡུལ་དུས་ཀྱི་བསྐལ་བ་ལྡོག་པའི་ཀློང་དུ། ཡང་མེས་དང་ཡང་ཚ་ཟུང་གདན་ཐོག་གཅིག་ན་ལྷོད་དུ་བཞུགས་ཏེ་ཚེ་སྲོག་གི་གསང་བ་བརྟོལ་བའི་གླེང་མོལ་ཐེངས་ཤིག་ཀྱང་ཡིན།


ཨ་སྔགས་རྟོགས་ལྡན་གྱི་ཕྱག་བྲིས་ཨ་ཧྲི་མ་ཧྲིང་། 



        བྲག་ཨ་ཧྲི་མ་ཧྲིང་ནས་ཕྱི་རུ་ལོག་ཏེ་གོམ་ཁ་ལྔ་བརྒྱ་ཡས་མས་བསྐྱོད་པ་ན་བྲག་ཁུང་མི་བཅུ་ཤོང་བ་ཞིག་འདུག །བྲག་གི་ནང་ངོས་སུ་དུད་དྲེག་ཆགས་པ་ལ་བལྟས་ན་འདི་ནི་སྤོང་བ་བསམ་གཏན་པའི་མཚམས་ཁང་ཞིག་ཏུ་སྣང་། ཨ་ཁུ་ཕུར་ཁོས་འདི་ནི་ཨ་སྔགས་རྟོགས་ལྡན་གྱི་མཚམས་ཁང་ཡིན་རྒྱུ་རེད་ཟེར། ཕྱིས་སུ་དགའ་མལ་དགོན་གྱི་མཁན་ཆེན་ཤེས་རབ་མཐའ་ཕྱིན་ནམ་འཕགས་འཕགས་ཚང་ཡང་ནམ་རྒྱུན་འདིར་ཕེབས་ཏེ་མཚམས་འདུག་སྲིད། རང་ཉིད་ཀྱང་འདི་རུ་མཚམས་འདུག་ཁུལ་བྱེད་མྱོང་ཞེས་ཨ་ཁུ་ཕུར་ཁོས་བདག་ལ་ཁེངས་སྐྱུངས་ཀྱི་ཚུལ་དུ་སྨྲས། མཚམས་ཁང་གི་མདུན་དུ་སྤང་ཐང་ཀོར་ཀོར་ཞིག་འདུག །ཡུལ་ཁོག་ཐན་པ་བྱུང་དུས་བདུད་གཞོམ་ལ་ཆར་སློང་ཕེབས་སྐབས། བླ་སློབ་རྣམས་འདི་རུ་ཕེབས་ནས་བཞག་འདུག་བྱེད་ཅིང་ཚོགས་འཁོར་ཕུལ་རྗེས་བདུད་གཞོམ་ལྟག་གི་འབམ་མཚོ་ལ་ཕེབས་པར་བྱེད། སྤང་ཐང་འདི་ནི་རས་གུར་ཕུབ་ས་རེད་ཟེར།
        ཡར་གི་རི་ངོས་ནས་རི་དྭགས་དགོ་བ་བག་ཕེབས་རྒྱུ་ཞིང་ཚང་ཚིང་གཡུ་ལོ་བཀོད་པའི་ལྗོན་གསེབ་ནས་བྱེའུ་འཇོལ་མོའི་གྲེ་འགྱུར་འཐེན་པ། གནམ་ལ་ཟུག་འདྲའི་བྲག་རིའི་རྩེ་མོར་ཐང་དཀར་རྒོད་པོས་དལ་དུ་ལྡིང་བསྐོར་བྱེད་ཅིང་། རྩྭ་དང་རྩི་ཤིང་མེ་ཏོག་གིས་སྒྲུབ་ཕུག་གི་ཁུང་སྒོ་དོག་པར་བྱས་པའི་ལྷིང་འཇགས་ཀྱི་ཚུལ་དེ། གྲོང་ཁྱེར་གྱི་འདུ་འཛི་ཁྲོད་བྲེལ་འཚུབ་ཀྱིས་ངང་ནས་མི་ཚེ་བསྐྱལ་བའི་བདག་དང་བདག་འདྲ་བའི་མི་རྣམས་ཀྱི་མིག་ལམ་དུ་གྱུར་ཅིང་རང་ལུས་ཀྱིས་རེ་ཞིག་ཉམས་སུ་མྱོང་ཚེ། བསམ་གཏན་རི་ཁྲོད་པའི་སེམས་ཀྱི་བདེ་བ་ཞེས་པའང་ཇི་ལྟར་ཡིན་པ་དང་། མི་ཚེའི་གསང་བ་རྟོགས་པའི་སྐྱེས་བུ་དམ་པ་རི་དྭགས་དང་འགྲོགས་ཏེ་དབེན་པ་སྒོམ་ལ་གཞོལ་བའི་རྒྱུ་མཚན་ཡང་ཕྲན་ཙམ་རྟོགས་ནུས།
        དེ་ལྟར་ཐོས་པར་དགའ་བའི་གནའ་གཏམ་དང་མཚར་ལ་རིང་བའི་དེང་གཏམ་མང་པོ་གླེང་ཞོར་ངེད་ཅག་ལུང་ཁོག་བརྒྱུད་དེ་ཐབ་ཆས་བཞག་སའི་སྤང་ཐང་མེ་ལོང་འདྲ་བར་ཕྱིར་ལོག །ཏག་ཏག་ཆུ་ཚོད་བཅུ་གཉིས་ཉིན་གུང་གི་ཇ་འཐུང་བའི་དུས་ལ་འཁེལ། ཚ་བོ་ཚ་མོ་སོགས་ལང་ཚོས་རྒྱགས་པའི་ན་གཞོན་དག་ནས་འབུད་ཤིང་འཐུ་ཞིང་འཐུང་ཆུ་བླངས། ངེད་ཅག་ལོ་ན་སོན་པའི་མི་རྒན་རྣམས་ཀྱིས་མེ་བུས་ནས་ཇ་སྐོལ། མི་རིང་བ་སྔོ་སངས་ཀྱི་དུ་བ་དང་མེ་སྟག་ཚ་མོའི་ཚེག་ཚེག་ཁྲོད་ནས་རྒྱ་ཇ་ལོ་མའི་དྲི་བསུང་ཐུལ། ཁྲི་གདུགས་ཉི་མ་དགུང་དུ་བཏེགས་ཤིང་ཆར་ཤུལ་གྱི་རླངས་པ་གྱེན་དུ་འཕྱུར། ངེད་ཅག་སྐྱིལ་མོ་ཀྲུང་དུ་སྒྱེད་པུ་གསུམ་གྱི་མེ་ཐབ་ལ་བསྐོར་ནས་ཉིན་གུང་གི་ཇ་བཏུངས།
        དེ་རིང་གི་ཉི་མ་འདི་རུ། ཉམས་དགའ་བའི་དབྱར་གཞུང་གི་དབེན་ཐང་ཞིག་ན། ཇ་ཁུ་དམར་ནག་ནང་དུ་སྦྲང་དཀར་རྩམ་པ་བཏབ་ཅིང་འབྲུ་མར་སེར་པོ་དང་དཀར་པོ་ཕྱུར་བ་བཏབ་པའི་བོད་ཇ་དང་། གྲོ་ཡིས་བསྲེག་པའི་བག་ལེབ། ནོར་ཤ་བརྔོས་པའི་སྤགས་རིགས་སོགས་བོད་ཟས་དག་མ་འདི་ཀོ་རོལ་ཚེ། མི་ཡུལ་ཟས་རིགས་ཇི་ལྟར་ཞིམ་རུང་རང་ཡུལ་ཨ་མའི་ཟས་དེ་མི་བརྗེད་ཅེས་པའི་གནའ་གཏམ་གྱི་མཐིལ་དེ་རྟོགས་སོང་། ཀུན་གྱིས་ཤེས་གསལ་ལྟར། དུས་ཀྱི་འགྱུར་བའམ་འཚོ་གནས་ཁོར་ཡུག་གི་རྒྱུ་རྐྱེན་ཡིན་ཡང་སྲིད། དེང་སང་ན་ཆུང་ཕལ་མོ་ཆེས་ནས་འབྲུ་སྔོན་མོ་ལས་གཏགས་པའི་སྦྲང་དཀར་རྩམ་པ་ལ་ཟ་རྒྱུ་ལས་འབྲས་དཀར་ཟ་རྒྱུར་དགའ་བའི་ཚད་དུ་སླེབས། ངོ་མ་བཤད་ན། གདོང་དམར་བོད་ཀྱི་ཚེ་སྲོག་གི་རྒྱུན་ལ་ཟུངས་བསྩལ་མྱོང་བའི་ཟས་རིགས་རྩམ་པ་འདི་ནི་དྲིན་ཨ་མས་བསྩལ་བའི་ཚེ་སྲོག་གི་ནུ་ཞོ་ལྟ་བུ་ཡིན། གལ་སྲིད་ཟས་འདི་ལ་མ་བརྟེན་ན་གནའ་བོའི་གཤེན་རབ་མི་བོ་ཆེས་བོད་ཀྱི་དཔལ་ཡོན་གྱི་སྒྲོན་མེ་ཐོག་མར་སྦར་མི་ཐུབ་ལ། སྲོང་བཙན་སྒམ་པོས་སུམ་ཉིས་ས་ཡི་དཀྱིལ་འཁོར་མངའ་དབང་ག་ལ་བསྒྱུར་ཐུབ། ལོ་པཎ་མཁས་པ་རྣམས་ཀྱི་དམ་ཆོས་འོ་མའི་རྒྱ་མཚོ་བོད་དུ་འདྲེན་མི་ནུས་ལ། པོ་ཏ་ལའི་གཟི་བྱིན་གྱིས་འཛམ་གླིང་མི་ཡི་ཡིད་ཀྱི་དང་བ་ག་ལ་འདྲེན་ནུས། དེའི་ཕྱིར་རྩམ་པ་འདི་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཟས་རིགས་ཤིག་ཡིན་པ་གཞིར་བྱས། མཐོ་སྒང་གི་རིག་གནས་ཤིག་གི་རྒྱུན་སྲོལ་ཞིག་ཀྱང་ཡིན། རྫས་འགྱུར་གྱིས་བསླད་པའི་ཟས་སྣ་མོད་པའི་དེང་གི་དུས་འདི་རུ། ནས་འབྲུ་རྩམ་པ་ནིའང་རྫས་འགྱུར་སྨན་རྫས་ཀྱིས་རེག་མེད་པའི་གོ་ལའི་ཐོག་གི་ཆེས་མཐའ་མཇུག་གི་བདེ་ཐང་ཟས་རིགས་ཤིག་ཀྱང་ཡིན་ཟེར་ན་ཐལ་མི་དྲགས་པར་སེམས། དེས་ན་ཐེངས་འདི་ཡི་འགྲུལ་སྐྱོད་ནི་རང་དང་བཅས་པའི་ཉེ་གནས་བུ་སྤུན་དང་ཚ་བོ་ཚ་མོ་རྣམས་མེས་པོའི་གཤེགས་ཤུལ་འཚོལ་བའི་དོན་སྙིང་ཆེ་བའི་ལས་ཤིག་ཡིན་ལ། རང་རིགས་ཀྱི་ཡུལ་སྲོལ་གོམས་ལུགས་སོགས་སྲོལ་རྒྱུན་རིག་གནས་ལ་མངོན་པར་ཕྱོགས་པའི་གསལ་འདེབས་དང་སློབ་སྦྱོང་ཞིག་ཀྱང་ཡིན།


རིག་འཛིན་སྐྱང་འཕགས་ཆེན་པོའི་ཕྱག་རྔ་བསྒྲིལ་རྗེས་ཀྱི་ཤུལ།



        ཉིན་གུང་གི་ཐང་ཇ་ཞིམ་པོ་རྒྱགས་ཚེ་བཏུངས་རྗེས། རྣལ་འབྱོར་པ་ཨ་ཁུ་ཕུར་ཁོས་རབ་བྱུང་པའི་འགྲོ་ལུགས་ལྟར་ཟས་ལྷག་གིས་བསུར་བཏང་ཞིང་དམིགས་མེད་བསྔོ་བར་བྱས་ཏེ། རང་རེ་ཚུར་མཐོང་བློ་ཡིས་སྣང་ངོར་མི་མངོན་པའི་ཡི་དྭགས་དང་མི་མ་ཡིན་སོགས་དྲི་ཟའི་རིགས་དག་ལའང་ཚིམས་པར་མཛད་རྗེས། ང་ཚོས་དྲོ་སྐྱིད་ཀྱི་ཉི་འོད་ཁྲོད་དུ་འདོད་དོན་ཀུན་ནས་འགྲུབ་པའི་དགྱེས་ཚོར་ཆེན་པོ་རུམ་དུ་བཅུག་ཅིང་རྣལ་འབྱོར་བླ་སློབ་ཟུང་གི་སྣེ་ཁྲིད་ལ་བཀའ་དྲིན་དྲན་བཞིན་ཕྱི་རུ་ལོག་པའི་ལམ་དུ་བསྐྱོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1