༄༅།།སྒྱུ་རྩལ་གྱི་པིར་སྨྱུག་ལ་གཤོག་པ་ཐོགས་པའི་ལྷ་རིས་པ་ཞིག།

རྩོམ་པ་པོ། ཨོ་རྒྱན་དོན་གྲུབ་ཀྱིས་བྲིས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 03-14


ཉག་ཤོད་ཨ་འཛི་རོང་གི་བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་གྲགས་ཅན་པདྨ་རིག་འཛིན་ཀྱི་སྐོར་བཀོད་པ།


སྒྱུ་རྩལ་གྱི་པིར་སྨྱུག་ལ་གཤོག་པ་ཐོགས་པའི་ལྷ་རིས་པ་ཞིག།

བོད་ཀྱི་སྲོལ་རྒྱུན་ལྷ་རིས་ནི་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་བང་མཛོད་ཅིག་ཏུ་གྲུབ་ཡོད་ཅིང་། དེ་རུ་ཆོས་ལུགས་གཙོ་བོར་གྱུར་པའི་རིག་ཚན་སྣ་ཚོགས་པ་འདུས་ཡོད་ལ། མཚོན་ཐབས་དང་མཚོན་བྱེད་ཀྱི་རྣམ་གྲངས་ཤིན་ཏུ་མང་པོ་ལྡན་པས་བོད་ཀྱི་སྒྱུ་རྩལ་པ་ཁོ་ན་ཙམ་མ་ཡིན་པར་རྒྱལ་ཁབ་དང་མི་རིགས་གཞན་པའི་སྒྱུ་རྩལ་པས་ཀྱང་ཐང་གའི་མཚོན་ཐབས་དང་ཐབས་རྩལ་བཀོལ་ནས་བརྩམས་ཆོས་ཕོན་ཆེན་པོ་གསར་རྩོམ་གནང་དང་གནང་མུས་སུ་ཡོད། ནང་བསྟན་རིག་གཞུང་དང་བོད་ཀྱི་རི་མོའི་གཞུང་ལུགས་གཉིས་འོ་ཆུ་བཞིན་གཅིག་ཏུ་འདྲེས་ཡོད་པས། ཆོས་ཀྱི་གནས་ལུགས་སམ་སེམས་ཀྱི་གནས་ཕྲ་རགས་སོགས་ཞིབ་ཏུ་བརྗོད་པར་མངོན་གསལ་གྱི་ཁྱད་ཆོས་ཡོད་པ་ཡིན་ལ། བོད་ཀྱི་སྲོལ་རྒྱུན་ཐང་ག་ནི་སྨན་ཐང་དང་མཁྱེན་བརྩེ།ཀརྨ་སྒར་བྲིས་བཅས་འབྲི་ལུགས་སྐད་གྲགས་ཆེ་བ་གསུམ་དུ་གྲགས་ཤིང་། སྨན་ཐང་ལུགས་ནི་ཉེ་རབས་བོད་དུ་ཤུགས་རྐྱེན་ཆེ་ཤོས་ཀྱི་འབྲི་ལུགས་ཤིག་ཡིན་ཞིང་དབུས་ལྷ་ལྡན་ཞིང་གིས་ལྟེ་བར་བྱས་པའི་དབུས་གཙང་ཁུལ་དུ་དར་ཁྱབ་ཆེ། སྨན་ཐང་ཟེར་དོན་ནི་ལུགས་འདིའི་ཤིང་རྟའི་སྲོལ་འབྱེད་མཁན་སྨན་བླ་དོན་གྲུབ་རྒྱ་མཚོ་ནི་ལྷོ་བྲག་སྨན་ཐང་དུ་སྐུ་འཁྲུངས་བས་དེ་ལྟར་ཐོགས། ཁོང་ནི་དུས་རབས་བཅོ་ལྔའི་པའི་ལོ་རབས་ཉི་ཤུ་སུམ་ཅུའི་ཡས་མས་སུ་སྐུ་འཁྲུངས་ཤིང་། རི་མོའི་འབྲི་རྩལ་ལ་ཤིན་ཏུ་བྱང་ཆུབ་པར་མ་ཟད་རིགས་པའི་གཞུང་ལུགས་ཐད་ལའང་ཉམས་ལེན་ཐོགས་མེད་མཛད་དེ་སྨན་ཐང་ཆེན་མོ་སྨན་རྙིང་ལུགས་ཞེས་པ་གསར་གཏོད་གནང་། སྨན་ཐང་ལུགས་དེར་མཁྱེན་སྒར་གཉིས་དང་བསྡུར་ན་རང་མི་རིགས་ཀྱི་ཉམས་འགྱུར་དེ་བས་མངོན་གསལ་དོད་པོ་ལྡན། དེང་གི་ཆར་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ།གདན་ས་གསུམ་དུ་ཉར་ཚགས་བྱས་པའི་ལྡེབས་རིས་དང་ཐང་ག་མང་ཆེ་བ་སྨན་ཐང་ལུགས་ཀྱི་ལྷ་འབྲི་ཆེ་མོ་བའི་ཕྱག་སོར་ལས་འཁྲུངས་པ་ཡིན། མཁྱེན་བརྩེ་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་མཁན་ནི་གོང་དཀར་སྒང་སྟོད་མཁྱེན་བརྩེ་ཆེན་མོ་ཡིན་པས་མིང་དུ་དེ་ལྟར་ཐོགས། ལུགས་འདི་ནི་དུས་རབས་བཅོ་ལྔའི་དུས་དཀྱིལ་རྗེས་གཙང་དང་ལྷོ་ཁ་ས་ཁུལ་དུ་དར་ཁྱབ་ཆེ་ཞིང་། དེའི་སྒྱུ་རྩལ་ཉམས་འགྱུར་ནི་དུས་རབས་བཅུ་བཞི་པར་གཙང་ཁུལ་དུ་དར་སྲོལ་ཆེ་བའི་བྲིས་རྒྱུན་གྱི་ལེགས་ཆ་ཉམས་ལེན་མཛད་པའི་རྨང་གཞིའི་ཐོག་གསར་གཏོད་གནང་བ་ཞིག་ཡིན། སྨན་མཁྱེན་ལུགས་གཉིས་སྲོལ་བཏོད་གནང་བ་ལས་དུས་རབས་བཅུ་བཞི་དང་བཅོ་ལྔའི་དུས་དཀྱིལ་དུ་དབུས་གཙང་ཁུལ་དུ་དར་ཁྱབ་ཆེ་བའི་རྒྱ་གར་དང་བལ་ཡུལ་གྱི་བྲིས་རྒྱུན་ཁོ་ནར་བརྟེན་མི་དགོས་པར་དུས་རབས་བར་མའི་རྗེས་ཀྱི་རང་ལུགས་ཀྱི་རི་མོའི་བྲིས་རྒྱུན་ཆགས་པ་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་གནང་ཡོད་པས་བཟོ་རིག་ཁྲོད་ལུགས་དེ་གཉིས་ལ་སྨན་མཁྱེན་ལུགས་གཉིས་ཞེས་བརྗོད་ཀྱི་ཡོད། ལྷོ་ཁ་རྡོ་རྗེ་གདན་དགོན་གྱི་ལྡེབས་རིས་ནི་མཁྱེན་བརྩེ་ཆེན་མོའི་ཕྱག་སོར་ལས་འཁྲུངས་པ་ཡིན་ལ། སྐུ་བརྙན་འབྲི་སྐབས་སྨན་ལུགས་ནི་ཞི་བའི་རིགས་ལ་མཁས་པ་དང་མཁྱེན་ལུགས་ནི་དྲག་པོའི་རིགས་ལ་མཁས། དེས་མ་ཚད་མཁྱེན་ལུགས་དེ་དཀྱིལ་འཁོར་བཞེངས་པར་ཤིན་ཏུ་མཁས་པར་གྲགས། ཀརྨ་སྒར་བྲིས་ལུགས་ནི་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེའི་སློབ་མ་ཡར་སྟོད་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཀྱིས་སྲོལ་གཏོད་ཅིང་། ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེས་སྒར་ལུགས་བྲིས་རྒྱུན་དར་རྒྱས་གོང་འཕེལ་ལ་མཛད་རྗེས་བསམ་གྱིས་མི་ཁྱབ་པ་བཞག་ཡོད། ཆབ་མདོས་ལྟེ་བར་བྱས་པའི་བོད་ཤར་རྒྱུད་དུ་དར་ཁྱབ་ཆེ་ཞིང་། རྒྱ་དཀར་ནག་དང་བལ་ཡུལ་གྱི་བྲིས་རྒྱུན་གྱི་ཁྱད་ཆོས་ཕལ་མོ་ཆེ་སོར་འཇོག་བྱས་པའི་ཐོག་སྨན་ལུགས་ཀྱི་ལེགས་ཆ་བསྡུ་ལེན་བྱས་ཡོད་ལ། མངོན་གསུམ་ལ་འཁྲུལ་བ་སྐྱེ་ནུས་པ་དང་ཡིད་འོང་འདྲ་ཆགས་ཁར་ལྷ་སྐུ་དང་། སྐྱེས་ཆེན་དམ་པ། ཡུལ་ལྗོངས་སོགས་གསོན་ཉམས་དོད་པས་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཡོད་པ་དེ་ནི་སྒར་བྲིས་ལུགས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ལ་དུས་རབས་བཅུ་བདུན་པའི་རྗེས་དབུས་གཙང་ཡུལ་དུ་དར་ཁྱབ་ལྷག་ཏུ་བྱུང་། དེ་ལྟར་བྲིས་རྒྱུན་གྱི་ལུགས་དེ་དག་བོད་ཀྱི་ལྷ་རིས་པ་ཚོས་རྒྱུན་འཛིན་དང་དར་སྤེལ། གསར་གཏོད་བྱས་ནས་བྱུང་བ་ཡིན་ལ། དེང་གི་ཆར་གནའ་དེང་ཟུང་འབྲེལ་གྱིས་གསར་རྩོམ་གྱི་རྒྱུ་ཆའམ་ཐབས་རྩལ་འདི་དག་དམིགས་སུ་བཟུང་ཞིང་དེང་དུས་སྒྱུ་རྩལ་གྱི་ནམ་མཁའ་ཡངས་པོར་གསར་རྩོམ་དང་བྲིས་རྩལ་ལ་དབང་འབྱོར་བའི་གཞོན་སྐྱེས་ལྷ་རིས་སྒྱུ་རྩལ་པ་ཞིག་འཚོལ་དགོས་ཚེ། འདི་ནའང་ཉག་ཤོད་དཔའ་བོ་ཨ་འཛི་རོང་ནས་འཚར་ལོངས་བྱུང་བའི་བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་པདྨ་རིག་འཛིན་ལགས་ཀྱང་བརྩི་ཆོག་ཆོག་རེད།

སྒྱུ་རྩལ་གྱི་པིར་སྨྱུག་ལ་གཤོག་པ་ཐོགས་པའི་ལྷ་རིས་པ་ཞིག།

ཁོ་ནི་ལོ་རབས་བརྒྱད་བཅུ་པར་ཁམས་ཉག་རོང་དུ་སྐྱེས་ཤིང་། ཆུང་དུས་ནས་མཛེས་རྩལ་གྱི་རིགས་ལ་སྤྲོ་བ་ཆེ་ཞིང་ནར་སོན་པ་དང་སྲོལ་རྒྱུན་རི་མོའི་གྲུབ་མཐའ་སྣ་ཚོགས་པར་སྦྱོང་བ་བྱས། རང་ལོ་ཉེར་གཅིག་སྟེང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་ཐུན་མོང་སྤྱིའི་རིག་གནས་ཀྱི་སྐོར་དང་དམིགས་བསལ་ཁམས་དར་སྨན་གསར་ལུགས་ཀྱི་རི་མོ་འབྲི་སྟངས་དང་། འབག་སྐུའི་ལག་རྩལ་སོགས་ལ་སྦྱོང་བ་ལོ་འགར་བྱས།

དེ་རྗེས་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་དུ་རེབ་གོང་ལྷ་རིས་དང་ལུགས་དེའི་དམིགས་བསལ་གྱི་ཁྱད་ཆོས་གཙོ་བོ་སྟེ་གསེར་བྲིས་ཀྱི་ལག་རྩལ་ལ་བྱང་ཆུབ་པར་བྱས། དེ་ནས་གངས་རིའི་ལྗོངས་ཀྱི་ལྷ་རིས་པའི་པའི་ཁྲོད་ན་གྲགས་པ་དོན་དང་ལྡན་པའི་དབུ་ཆེན་ལྷ་རིས་པ་དང་ཀརྨ་སྒར་བྲིས་ལུགས་ཀྱི་དགེ་རྒན་ཆེན་མོ་ཀརྨ་བདེ་ལེགས་ལགས་ཀྱི་མདུན་དུ་བཅར་ཏེ་མི་ལོ་དྲུག་གི་རིང་ལ་འབད་པ་ཆེན་པོས་སྦྱོང་བ་མཐར་ཆགས་སུ་བྱས།

སྒྱུ་རྩལ་གྱི་པིར་སྨྱུག་ལ་གཤོག་པ་ཐོགས་པའི་ལྷ་རིས་པ་ཞིག།

ཏག་ཏག་མི་ལོ་ཉི་ཤུ་ལྷག་ཅིག་བོད་ཀྱི་སྲོལ་རྒྱུན་རི་མོར་བསྟིམས་པ་དང་། པེ་ཅིང་དང་ཧྲང་ཧེ་སོགས་ནས་ཆེད་མཁས་ཀྱི་དགེ་རྒན་གང་མང་བསྟེན་ནས་ནུབ་ལུགས་རི་མོ་དང་རྒྱ་ནག་རི་མོ། རབ་བཏགས་རི་མོ་སོགས་ལའང་སྦྱོང་བ་བྱེད་ཞོར། གནའ་དེང་གི་སྒྱུ་རྩལ་ལོ་རྒྱུས་དང་གཞུང་ལུགས། དེང་དུས་སྒྱུ་རྩལ་སོགས་ལ་སྦྱོང་བ་དང་ཉམས་ཞིབ་བྱས།

སྒྱུ་རྩལ་གྱི་པིར་སྨྱུག་ལ་གཤོག་པ་ཐོགས་པའི་ལྷ་རིས་པ་ཞིག།

ཁོས་འབྲི་བཞེངས་བགྱིས་པའི་ཐང་ག་དང་ལྡེབས་རིས་སོགས་ལ་བླ་སྤྲུལ་མཁས་དབང་གང་མང་གིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མྱོང་ལ། ཁོ་རང་སྨན་ལུགས་གསར་རྙིང་དང་སྒར་བྲིས། དེ་བཞིན་ཡིག་གཟུགས་སྣ་ཚོགས་པར་བྱང་ཆ་ཆེན་པོ་ལྡན།

2019ལོར་འཇར་པན་གྱི་མིང་དུ་གྲགས་པའི་རི་མོ་མཁན་ལྕམAlice Morishita ལགས་དང་། སྣག་མདངས་རི་མོ་མཁས་ཆེནKensuke Saitoལགས་བཅས་ཁོང་གསུམ་གྱིས༼ འཁོར་འདས།༽ ཞེས་པའི་བརྩམས་ཆོས་གསར་རྩོམ་ལེགས་འགྲུབ་བགྱིས་ཤིང་། དེ་ཡིས་ཁོར་དེང་དུས་སྒྱུ་རྩལ་ལ་བློ་སྐྱེད་ཆེ་ཙམ་ཐོབ་སོང་ཞེས་ཁོས་གསར་འགོད་པར་བཤད།

སྒྱུ་རྩལ་གྱི་པིར་སྨྱུག་ལ་གཤོག་པ་ཐོགས་པའི་ལྷ་རིས་པ་ཞིག།

   2020ལོར་བོད་ཀྱི་ན་གཞོན་སྒྱུ་རྩལ་པ་འཇུ་རབ་གསལ་དང་མཉམ་དུ་དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་ཁང་དུ་གསར་རྩོམ་གྱི་འགན་ཁུར་ཏེ་ལོ་དེའི་སྤྱི་ཟླ11པར་པེ་ཅིང་ནས2020པེ་ཅིང་ཡུང་ལུ་གོ་ལ་ཧྲིལ་བོའི་ཐོག་མའི་རྡེག་ཚོང་དུ་ཞུགས་ཤིང་སྒྱུ་རྩལ་མྱོང་རོལ་དང་བརྩམས་ཆོས་ཉར་ཚགས་མཁན་སོགས་ཀྱིས་དགའ་བསུ་ཐོབ། 2021ལོའི་སྤྱི་ཟླ10པར་ཁྲེང་ཏུའུ་ནས་དཔལ་རི་གླིང་ཧི་མ་ལའི་དེང་དུས་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་ཉིན་གྲངས་བཅུ་ལ་བྱས་ཤིང་སྒྱུ་རྩལ་ཆེད་མཁས་དང་མཁས་དབང་གང་མང་གིས་གདེང་འཇོག་ཚད་མཐོན་པོ་གནང་། སྤྱི་ཟླ11པར་སྐབས་དགུ་པའིART021ཧྲང་ཧའེ་ཉན་ཡས་དེང་དུས་སྒྱུ་རྩལ་དངོས་མང་འགྲེམ་སྟོན་དུ་ཞུགས་པ་སོགས་རྒྱལ་སྤྱིའི་རང་བཞིན་གྱི་སྒྱུ་རྩལ་འགྲེམ་སྟོན་དང་མི་སྒེར་གྱི་བརྩམས་ཆོས་འགྲེམ་སྟོན་གང་མང་དུ་ཞུགས་དང་ཞུགས་བཞིན་ཡོད་ཅིང་། གསར་རྩོམ་པིར་སྨྱུག་གི་འཕྲུལ་འཁོར་སྒྱུ་རྩལ་གྱི་ཞིང་ས་རུ་ལྷོད་མེད་དུ་སྒྱུར་བཞིན་པ་ལགས་སོ།།

སྒྱུ་རྩལ་གྱི་པིར་སྨྱུག་ལ་གཤོག་པ་ཐོགས་པའི་ལྷ་རིས་པ་ཞིག།

      བོད་ཀྱི་སྲོལ་རྒྱུན་ལྷ་རིས་པ་ཞིག་ནས་ཤར་ནུབ་ཀྱི་རི་མོ་སྣ་ཚོགས་པར་ཞུགས་ཤིང་། དེང་དུས་སྒྱུ་རྩལ་གྱི་ལམ་ལ་ཕྱོགས་པའི་བརྒྱུད་རིམ་ནི་ལག་རྩལ་སྣ་མང་ལ་བྱང་ཆུབ་པར་བྱས་པ་དང་ཁྱོན་ནས་མི་འདྲ་བར་ནང་བསམ་བློའི་གོ་རྟོགས་ཀྱི་ངོས་ནས་མཆོང་བརྒལ་ལམ། སྒྱུ་རྩལ་གྱི་ཤེས་རབ་རིགས་ཆེན་པོ་ཞིག་ངེས་པར་དབང་བར་འགྱུར་དགོས། དེ་ཡང་སྲོལ་རྒྱུན་ལྷ་རིས་ཀྱི་ཚད་ཐིག་གི་ངོས་ནས་དང་ཆོས་ལུགས་དད་མོས་ཀྱི་ངོས། ཡུལ་སྲོལ་གོམས་གཤིས་ཀྱི་ངོས་སོགས་ནས་རྣམ་པར་གྲོལ་ཏེ། སྒྱུ་རྩལ་པས་མཛེས་དཔྱོད་ཀྱི་སྣེ་ཁྲིད་འོས་པའི་རྩ་དོན་འོག་མི་སྒེར་གྱི་ལྟ་བ། དགའ་སྐྱོའི་ཚོར་བ་སོགས་ཚོན་དང་རིས་སུ་ཤར་བར་བྱས་པས་ད་གདོད་སྒྱུ་རྩལ་གྱི་བརྩམས་ཆོས་འཁྲུངས་བར་འགྱུར་བ་ཡིན་ནོ།། འོན་ཀྱང་ད་ལྟའི་བར་གསར་རྩོམ་གྱི་ངོས་ནས་གླེང་ན་ཁོས་རང་ཉིད་ཀྱི་འདོད་བློ་ཡོངས་སུ་ཚིམ་པའི་བརྩམས་ཆོས་ཤིག་ལེགས་འགྲུབ་བྱུང་ནུས་མེད་པར་སེམས་ཤིང་། གསར་རྩོམ་གྱི་གོ་རིམ་ཁྲོད་ནས་ཐོག་མའི་བརྗོད་འདོད་དམ་སེམས་ཀྱི་དེ་ཉིད་མངོན་ཆུང་དུ་ལྷག་སྟེ་མཛེས་རྩལ་ཙམ་དང་རི་མོའི་རོལ་རྩེད་ཁོ་ནའི་ངོར་ཤོར་འགྲོ་བ་ནི་བཟོད་དཀའ་བ་ཞིག་རེད་ཟེར།

སྒྱུ་རྩལ་གྱི་པིར་སྨྱུག་ལ་གཤོག་པ་ཐོགས་པའི་ལྷ་རིས་པ་ཞིག།

སྒྱུ་རྩལ་གྱི་པིར་སྨྱུག་ལ་གཤོག་པ་ཐོགས་པའི་ལྷ་རིས་པ་ཞིག།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1