ཉེ་ཆར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས2021ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བའི་དཔེ་དམག་དང་དར་དམར་བའི(མཉམ་སྡེབ)མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། བོད་རིགས་བུད་མེད་ལས་མཐོ་གདངས་གླུ་མ་གྲགས་ཅན་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་མཁན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་རིག་གནས་མཁས་ཅན་དང་དེ་བཞིན་ཤེས་ལྡན་མི་སྣའི་དཔུང་ཁག་སྐོར་བཞི་པའི་གྲས་སུ་གཏོགས་པའི་འཛོམས་དབྱངས་སྒྲོལ་མར“རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བའི”མཚན་སྙན་ཐོབ་པ་རེད།
འཛོམས་དབྱངས་སྒྲོལ་མ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་གཡག་རྭ་ཞང་དུ་སྐྱེས་ཤིང་། ཆུང་དུས་ནས་ཕ་ཡུལ་གྱི་དམངས་གླུ་བླངས་ནས་ནར་སོན་པ་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རུས་པའི་རྐང་ལ་ཟུག་ཡོད། མི་རིགས་རིག་གནས་ཀྱི་གདེང་ཚོད་ཆེན་པོ་དེ་སེམས་ལ་བཅངས་ནས་རྫོང་རིག་རྩལ་ཚོགས་པ་ནས་ཞིང་ཆེན་གླུ་གར་ཚོགས་པ་དང་དེ་ནས་ཧྲང་ཧའེ་རོལ་དབྱངས་སློབ་གླིང་བར་དང་། དེ་ནས་ཐག་རིང་རི་གྲོང་གི་བུ་མོ་ཆུང་ཆུང་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་དགའ་བསུ་ཐོབ་པའི་བོད་རིགས་གླུ་མ་ཞིག་ཏུ་གྱུར། འཛོམས་དབྱངས་སྒྲོལ་མས་གྲངས་ཉུང་མི་རིགས་ཀྱི་གདོད་མའི་སྣོད་བཅུད་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ཤེས་ལྡན་མི་སྣར་རོགས་སྐྱོར་དང་གསོ་སྐྱོང་བྱེད་པ། གྲོང་གསེབ་དར་སྤེལ་དང་དབུལ་བྲལ་འགག་སྒྲོལ་ལ་རོགས་རམ་བྱེད་པ། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐད་ལ་འགན་འཁྲི་གཙང་སྒྲུབ་བྱས་ནས་བུད་མེད་ཀྱི་འགན་འཁྲིའི་འདུ་ཤེས་མངོན་ཡོད།
ད་ཆ་འཛོམས་དབྱངས་སྒྲོལ་མ་ནི་ཡུན་ནན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཡུན་ནན་ཞིང་ཆེན་རོལ་མོ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡིན་པ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡང་ཡིན། ཁོང་མོས་རང་ཉིད་གནས་གང་ཞིག་ཏུ་ཡོད་པའམ་ཡང་ན་གྲུབ་འབྲས་གང་འདྲ་ཞིག་ཐོབ་ཀྱང་ནམ་ཡང་རང་ཉིད་ནི་གྲངས་ཉུང་མི་རིགས་མང་པོ་འདུས་སྡོད་བྱེད་སའི་ཡུན་ནན་ནས་ཡིན་པ་གཏན་ནས་བརྗེད་མེད། ཁོང་མོས་རྟག་ཏུ“དཀའ་སྤྱད་འབད་འབུངས་བྱས་ཏེ་ཐོབ་པའི་གྲུབ་འབྲས་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཐུགས་ཁུར་དང་རོགས་སྐྱོར་བྱས་པ་དང་ཁ་འབྲལ་ཐབས་མེད་ཅིང་། ཕ་ཡུལ་གྱིས་ང་རང་གསོ་སྐྱོང་དང་སྐྱེད་སྲིང་གནང་བས་ངས་ཕ་ཡུལ་ལ་དྲིན་ལན་འཇལ་བ་དང་། བརྩམས་ཆོས་ཡག་པོ་སྤྱད་དེ་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། གླུ་སྐད་སྙན་མོས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ‘ཀུན་སྤྱོད་དང་སྒྱུ་རྩལ་གཉིས་ལྡན’གྱི་དུས་རབས་གསར་པའི་རིག་རྩལ་ལས་དོན་པ་ཞིག་བྱ་རྒྱུ་ཡིན”ཞེས་བཤད།
འཛོམས་དབྱངས་སྒྲོལ་མས་འདི་ལྟར་བཤད་པ་ཡིན་ལ་དེ་ལྟར་བསྒྲུབས་པའང་ཡིན། དུས་ཡུན་རིང་པོའི་ནང་འཛོམས་དབྱངས་སྒྲོལ་མས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི“ཡུན་ནན་གྱི་སྐད་སྒྲ”སྔོག་འདོན་བྱ་རྒྱུར་གཞོལ་ནས་ཡུན་ནན་གྱི་མི་རིགས་རོལ་དབྱངས་དང་རོལ་མོ་བར་ལས་སྟེགས་བསྐྲུན་པ་དང་། ཡུན་ནན་གྱི་མི་རིགས་རོལ་དབྱངས་རིག་གནས་རྒྱུན་འཛིན་བྱས་པས་ཡུན་ནན་འདི་ཉིད་རོལ་དབྱངས་རིག་གནས་ཀྱི་གནས་གལ་ཆེན་ཞིག་ཏུ་འགྱུར་བར་རོགས་རམ་བྱས་ཡོད། ཁོང་མོའི་མཚོན་བྱེད་བརྩམས་ཆོས་ལ《ཁ་བ་དཀར་པོའི་བུ་མོ》དང་། 《ཕ་ཡུལ་གྱི་ཁ་བཏགས།》《གྲོག་རོང་གི་བྲག་ཅ།》《བདེ་ཆེན་མཛའ་གཞས》སོགས་ཡོད་ལ། གླུ་གཞས་དེ་དག་མི་ཚང་མས་གསན་མྱོང་ཞིང་། ཁོང་མོས་རོལ་དབྱངས་ལ་བརྟེན་ནས་རང་ཉིད་ཀྱིས་ཕ་ཡུལ་དང་། ཏང་། རྒྱལ་ཁབ་བཅས་ལ་བཅངས་པའི་བརྩེ་སེམས་རྣལ་མ་དེ་སྐྱེ་བོ་ཀུན་ལ་བརྒྱུད་བསྒྲགས་བྱེད་ཀྱིན་ཡོད། དེ་དང་ཆབས་ཅིག་འཛོམས་དབྱངས་སྒྲོལ་མས་ཀྲུང་གོའི་རོལ་དབྱངས་ཅིན་ཀྲུང་བྱ་དགའི་རྒྱལ་ཡོངས་རྟིང་རྩོད་འགྲན་བསྡུར་གྱི་དཔྱད་འདེམས་པ་དང་དེ་བཞིན་ཡུན་ནན་འགྲན་ཁུལ་གྱི་དཔྱད་འདེམས་པའི་ཀྲུའུ་རེན་གྱི་འགན་ཐེངས་མང་བཞེས་ཤིང་། ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་སུ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི“དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས”དང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོ་ཆེན་པོའི“མེ་ཏོག་སྣ་བརྒྱས་དཔྱིད་དཔལ་བསུ”ཞེས་པ། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་དམིགས་བསལ་ལེ་ཚན“དགའ་འཛོམས་བྱོས་དང་། ལོ་ངོ་བརྒྱ་ཐམ་པའི་དཔྱིད་ཀ”སོགས་རིག་རྩལ་དགོང་ཚོགས་ནང་ཞུགས་ནས《ཡང་བསྐྱར་ཏང་ལ་གླུ་ཞིག་འབུལ》ཞེས་པ་དེས་ཏང་དང་མི་དམངས་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས། “ཏང་དང་རྒྱལ་ཁབ་ཀྱིས་ང་རང་མཐའ་མཚམས་རི་གྲོང་གི་བུ་མོ་ཆུང་ཆུང་ཞིག་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་དགའ་བསུ་བྱེད་པའི་གླུ་མ་ཞིག་ཏུ་གསོ་སྐྱོང་བྱས་པས་དེ་དག་ཚང་མ་ནམ་ཡང་ངའི་བློ་ངོར་བརྟན་པོར་བཅངས་ཡོད། དེར་བརྟེན་ངས་དྲིན་ཚོར་གྱི་སེམས་པ་དང་གླུ་གཞས་སྒྱུ་རྩལ་ལ་བཅངས་པའི་ཞུམ་མེད་ཀྱི་སེམས་པ་གཅིག་ཏུ་བསྡུས་ཏེ། རང་ཉིད་ཧ་ཅང་དགའ་བའི་རོལ་དབྱངས་ལ་བརྟེན་ནས་དགའ་ཞེན་ཆེ་བའི་མེས་རྒྱལ་ལ་བསྟོད་གླུ་འབུལ་རྒྱུ་ཡིན”ཞེས་འཛོམས་དབྱངས་སྒྲོལ་མས་དེ་ལྟར་བཤད།
ཟླ3པའི་ཚེས4ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་འགོ་ཚུགས་ཤིང་། འཛོམས་དབྱངས་སྒྲོལ་མ་སླར་ཡང་པེ་ཅིང་དུ་སླེབས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་འཛོམས་དབྱངས་སྒྲོལ་མས་འགན་འཁྲི་སྒྲུབ་པའི་ལམ་བུ་ནས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ཆེད་ལས་ཁྱད་ཆོས་རྨང་གཞིར་བྱ་རྒྱུར་སྣང་ཆེན་བྱས་ཏེ། མི་རིགས་ཀྱི་རོལ་དབྱངས་བྱ་གཞག་དང་དེ་བཞིན་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་དངོས་ཡོད་གནད་དོན་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ཁོང་མོས་དེ་སྔ་ཚོགས་ཆེན་གཉིས་ཀྱི་ཐོག《གྲངས་ཉུང་མི་རིགས་ཀྱི་རིག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར》ཞེས་པའི་གྲོས་གཞི་བཏོན་ནས། ཤེས་ལྡན་མི་སྣ་ཕུལ་བྱུང་ཅན་དེ་བས་མང་བ་གསོ་སྐྱོང་དང་གྲངས་ཉུང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་འདོད་ཅིང་། ཁོང་མོས་ཡུན་ནན་ཞིང་ཆེན་གྱི་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་བསྟན་དོན། ཡུན་ནན་གྱི་རིག་རྩལ་ལས་དོན་པ་ཞིག་ཡིན་པའི་ཆ་ནས། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། མི་རིགས་ཁག་གི་འཚོ་བའི་ནང་ཟབ་ཞུགས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས“ཀྲུང་གོའི་ཕུགས་འདུན”ལ་བསྟོད་གླུ་ཕུལ་ཏེ་དུས་རབས་གསར་པའི་ཡར་ཐོན་དང་འཕེལ་རྒྱས་ཆེད་རིག་རྩལ་གྱི་ལས་དོན་པས་ཚབ་བྱེད་ཐབས་བྲལ་བའི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་འབུལ་དགོས་པ་དང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཉན་རྗེས་འཛོམས་དབྱངས་སྒྲོལ་མར་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་མོས་བསྟན་དོན། ཏང་གི་སློབ་གསོ་དང་གསོ་སྐྱོང་ལོ་མང་ཐོབ་པའི་རིག་རྩལ་ལས་དོན་པ་ཞིག་ཡིན་པའི་ཆ་ནས། བརྗོད་དོན་གཙོ་བོ་དར་སྤེལ་དང་དྲང་ནུས་བརྒྱུད་བསྒྲགས། ཡང་དག་པའི་རིན་ཐང་ལྟ་བར་ཁྲིད་སྟོན་བཅས་བྱེད་དགོས་ལ། རིག་གནས་ཀྱི་བློ་སྦྱོང་ཟབ་མོ་དང་བླ་ན་མེད་པའི་མི་གཤིས། ཡིད་དབང་འཕྲོག་པའི་སྒྱུ་རྩལ་བརྩམས་ཆོས་བཅས་ལ་བརྟེན་ནས་མི་དམངས་ཀྱིས་བརྩི་འཇོག་དང་སྤྱི་ཚོགས་ཀྱིས་ཁས་ལེན་ཐོབ་པ་བྱེད་དགོས། དེ་ཡང་མི་སེམས་འགུལ་བའི་འགྱུར་ཁུག་དང་། དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས། ཕུལ་དུ་བྱུང་བའི་བརྩམས་ཆོས་བཅས་ལ་བརྟེན་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་། མི་སེམས་ལ་སྐུལ་མ་ཐེབས་པ། ཀུན་གྱི་བློ་སྒོ་འབྱེད་པ་སོགས་བྱེད་དགོས། རིག་རྩལ་ལས་དོན་ལོ་ངོ40ལྷག་ལ་བསྒྲུབས་པའི་རིང་། འཛོམས་དབྱངས་སྒྲོལ་མས་ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་ཀུན་སྤྱོད་དང་སྒྱུ་རྩལ་གཉིས་ལྡན་གྱི་རིག་རྩལ་ལས་དོན་པ་ཞིག་བྱས་ཏེ། རླབས་ཆེན་གྱི་དུས་རབས་དང་མི་དམངས་ཀྱི་ཆེད་དུ་གླུ་གཞས་གཏོང་རྒྱུ་དེ་ནི་ཐོག་མཐའ་བར་གསུམ་དུ་ཁོང་མོའི་འགྱུར་བ་མེད་པའི་རེ་སྙེག་ཅིག་ཡིན་ཟེར།
རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བའི་གཟེངས་བསྟོད་བྱ་ཡུལ་ཚང་མ་ནི་དུས་སྐབས་ཁག་ནང་རྒྱལ་ཁབ་འཛུགས་སྐྲུན་ལ་བྱས་རྗེས་ཕུལ་དུ་བྱུང་བ་བཞག་པའི་སྔོན་ཐོན་བུད་མེད་ཀྱི་དཔེ་མཚོན་ཡིན་པ་དང་། རྒྱལ་ཡོངས་ཀྱིས་བུད་མེད་སྔོན་ཐོན་མི་སྣར་ཆེད་དམིགས་གཟེངས་བསྟོད་བྱེད་པའི་མཚན་སྙན་མཐོ་ཤོས་དེ་རེད། དེའི་ཐད་འཛོམས་དབྱངས་སྒྲོལ་མས“‘རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བའི’མཚན་སྙན་དེ་ང་ལ་མཚོན་ན་སྐུལ་ལྕག་ཅིག་ཡིན་ལ་དེ་བས་སྐུལ་འདེད་བཏང་བ་ཞིག་ཀྱང་ཡིན། མ་འོངས་པར་ངས་གཞི་རིམ་དང་མི་དམངས་ཀྱི་ཁྲོད་དུ་སྔར་བས་ཟབ་ཞུགས་བྱས་ཏེ་འཚོལ་ཞིབ་ཧུར་ཐག་བྱས་ནས་གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་གཞག་དར་རྒྱས་དང་འཕེལ་རྒྱས་འགྲོ་ཆེད་རང་ཉིད་ཀྱི་ལེགས་སྐྱེས་ཕུལ་ནས་ནམ་ཡང་མེས་རྒྱལ་དང་། མི་དམངས། དུས་རབས་བཅས་ཀྱི་ཆེད་དུ་གླུ་གཞས་གཏོང་རྒྱུ་ཡིན”ཞེས་བཤད་པ་རེད།