སློབ་འགོ་ཚུགས་སོང་། ང་ཚོས་མཉམ་དུ་མ་འོངས་མདུན་ལམ་བསུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-15


        དཔྱིད་རླུང་འཇམ་པོའི་ཁྲོད་ནས་སློབ་དུས་གསར་པ་འགོ་ཚུགས་སོང་། སྤྱི་ཟླ3པའི་ཚེས4ཉིན་ནི་རང་ཁུལ་གྱི་དར་མདོ་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་དང་བྱིས་པ་ཁང25ཡི་དགེ་སློབ་སློབ་གྲྭར་ཕྱིར་ལོག་ནས་མིང་ཐོ་འགོད་པའི་ཉིན་མོ་ཡིན་ཞིང་། བུ་ཕྲུ་ཚོ་དམིགས་བསལ་གྱི“དགུན་དུས་ཨོ་རྩལ་འགྲན་ཚོགས”ཀྱི་དགུན་ཁའི་གུང་གསེང་ནས་བྲལ་ཏེ་གཅིག་རྗེས་གཉིས་མཐུད་ངང་སློབ་གྲྭར་ལོག་ནས་སློབ་དུས་གསར་པའི་སློབ་སྦྱོང་དང་འཚོ་བ་སྐྱེལ་འགོ་ཚུགས་ཡོད།
        དྲོད་ཚད་འཇལ་བ་དང་།དུག་སེལ་བ།ཁ་ཤུབས་བརྒྱབ་པ་སོགས་ད་སྔར་རྒྱུན་རྣམ་ཅན་གྱི་རིམས་ཚུལ་འགོག་ཟོན་འོག་གསར་འགོད་པས་དར་མདོ་གྲོང་ཁྱེར་གྱི་སློབ་ཆུང་ཁག་གི་དགེ་སློབ་དང་ལས་དོན་མི་སྣ་ཚང་མས་བླང་བྱ་ལྟར་རིམས་འགོག་ལས་དོན་ཡག་པོ་སྒྲུབ་པ་མཐོང་ཡོད། དར་མདོ་གྲོང་ཁྱེར་ཧུར་རིགས་སློབ་ཆུང་གི་སྒོ་འགྲམ་དུ་སློབ་གྲྭས་སྔ་སྣུར་དུ་གཟུགས་པོའི་དྲོད་ཚད་བརྟག་དཔྱད་ལམ་བུ་བཀོད་སྒྲིག་བྱས་ནས་ཕྱིར་ལོག་བྱེད་མཁན་དགེ་སློབ་སློབ་གྲྭར་མ་བསྐྱོད་གོང་གི་བདེ་ཐང་གནས་ཚུལ་ལ་ཞིབ་དཔྱད་ཚད་ལེན་བྱ་རྒྱུར་བྱས། སློབ་མ་བརྒྱུད་ལམ་བརྒྱུད་ནས་འགྲོ་སྐབས་དྲོད་ཚད་འཇལ་བའི་སྒྲིག་ཆས་ཀྱིས་དུས་ཐོག་ཏུ་ལུས་པོའི་དྲོད་ཚད་སོགས་ཀྱི་ཆ་འཕྲིན་མ་ལག་ནང་བླུགས་ཀྱི་ཡོད།གལ་སྲིད་ཚ་བ་ཡོད་པའི་གནས་ཚུལ་དང་འཕྲད་ཚེ་མ་ལག་གིས་དུས་ཐོག་ཏུ་ཉེན་ཟོན་དྲན་སྐུལ་བྱེད་ཀྱི་ཡོད་ལ་སློབ་གྲྭས་ཀྱང་འཚུབ་བསྟུན་སྔོན་ཇུས་སྤྱད་དེ་སྔོན་ལ་བཀོད་སྒྲིག་བྱས་པའི་ཆེད་སྤྱོད་བར་བཅད་ཁང་གིས་རིམས་ནད་འགོག་ཟོན་འབྲེལ་ཡོད་ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་གཅོག་གི་ཡོད།
        ཤེས་རྟོགས་བྱུང་བར་གཞིགས་ན།དར་མདོ་གྲོང་ཁྱེར་གྱི་སློབ་ཆུང་དག་གི་དགེ་སློབ་ཚང་མ་སློབ་གྲྭར་ཕྱིར་ལོག་བྱེད་སྐབས་ངེས་པར་དུ་བདེ་ཐང་ཨང་རྟགས་ལྗང་ཁུ་དང་།འགྲོ་སྐྱོད་བྱང་བུ་དང་དེ་བཞིན་ཆུ་ཚོད48རིང་གི་ནད་མེད་དཔང་རྟགས་འཁྱེར་ཚེ་གཞི་ནས་བདེ་བླག་ངང་སློབ་གྲྭར་བསྐྱོད་དེ་སློབ་དུས་གསར་པའི་མིང་ཐོ་འགོད་ཆོག་གི་ཡོད། དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་མིང་ཐོ་འགོད་པའི་རིམས་ཚུལ་འགོག་ཟོན་ལས་དོན་ཡག་པོ་བསྒྲུབ་ཆེད།སློབ་གྲྭས་རིམས་ཚུལ་འགོག་ཟོན་གྱི་ཇུས་གཞི་ཞིབ་ཕྲ་བཟོས་པར་མ་ཟད།རིམས་འགོག་དངོས་ཟོག་འདང་ངེས་ཤིག་ཀྱང་གྲབས་གསོག་བྱས་ནས་སློབ་གྲྭ་མ་འཚོག་གོང་སློབ་གྲྭ་ཡོངས་ཀྱི་སློབ་མ739དང་དགེ་རྒན་དང་ལས་བཟོ52ཀྱི་ཆ་འཕྲིན་གྲལ་བཤེར་དང་རྗེས་འདེད་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད་ཅེས་དར་མདོ་གྲོང་ཁྱེར་མི་ཉག་ལྟག་སྒོ་སློབ་ཆུང་གི་སློབ་གཙོ་གཞོན་པ་ཏུའུ་སུང་གིས་གསར་འགོད་པར་བཤད།
        ཉིན་དེའི་ཕྱི་དྲོ་དར་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ལོ་རིམ་གསུམ་པའི་འཛིན་གྲྭ་དང་པོའི་ཀྲང་ཧའོ་ཡུས་དང་སློབ་གྲོགས་ཀྲང་མོང་ཡུས་གཉིས་ལོ་ན་བགྲེས་བའི་སྤོ་བོ་ལགས་ཀྱི་འགྲོ་རོགས་འོག་སློབ་གྲྭར་མིང་ཐོ་འགོད་པར་ཡོང་ནས་སློབ་གྲྭར་ཕྱིར་ལོག་བྱེད་སྐབས་གྲ་སྒྲིག་བྱ་དགོས་པའི་བདེ་ཐང་ཁས་ལེན་ཡི་གེ་དང་།བདེ་ཐང་ཨང་རྟགས།འགྲོ་སྐྱོད་ཨང་རྟགས་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་ཀྱང་གྲོང་མི་ཚོའི་རོགས་རམ་འོག་འཐུས་ཚང་དུ་གཏང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། ལོ་རིམ་དང་པོ་ནས་བཟུང་སློབ་གྲྭར་སྡོད་པའི་འཚོ་བ་སྐྱེལ་འགོ་ཚུགས་པ་དང་ད་ཆ་དགེ་རྒན་དང་སློབ་གྲོགས་ཚོའི་ཐུགས་ཁུར་དང་གཅེས་སྐྱོང་འོག་སློབ་གྲྭར་ལོ་གསུམ་ལྷག་ཙམ་རིང་གི་བདེ་སྐྱིད་སློབ་སྦྱོང་གི་དུས་ཚོད་བསྐྱལ་ཡོད།
        སློབ་མའི་ཁུར་པོ་གཉིས་འཕྲིའི་སྲིད་ཇུས་ལག་བསྟར་བྱས་ཚུན་ཕྲུ་གུ་ཚོའི་དཔེ་ཁུག་ཡང་དུ་ཕྱིན་པ་དང་གུང་གསེང་གི་འཚོ་བའང་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། དགུན་གནང་གི་སྐབས་སུ།སློབ་མར་སློབ་སྦྱོང་གི་གོམས་གཤིས་བཟང་བོ་ཞིག་སྲུང་འཛིན་བྱེད་ཆེད་དང་།སློབ་སྦྱོང་གི་ཁུར་པོ་ཡང་དུ་གཏོང་ཆེད།སློབ་གྲྭ་སོ་སོས་སློབ་མར་ལུགས་མཐུན་གྱི་ལས་སྒྲུབ་འཆར་གཞི་བཟོས་ཏེ།ཉིན་རེའི་ལས་ཀ་ལས་ཚད་ཆུ་ཚོད་གཅིག་དང་ཕྱེད་ཀའི་ནང་ཚུན་དུ་ཚོད་འཛིན་བྱས་པར་མ་ཟད།ལས་བྱའི་རྣམ་པར་འགྱུར་ལྡོག་བཏང་ནས།འཕྲུལ་ཆས་དང་བསྐྱར་ཟློས་ཀྱི་ཡིག་ཐོག་ལས་སྒྲུབ་ཉུང་དུ་བཏང་བ་དང་།ཞིབ་འཇུག་རང་བཞིན་དང་།གསར་གཏོད་རང་བཞིན།སྒོ་འབྱེད་རང་བཞིན་བཅས་ཀྱི་སློབ་གསོའི་བྱེད་སྒོ་ཁ་སྣོན་བྱས།
        “འདི་ནི་ངས་བཟོས་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བརྗོད་བྱ་གཙོ་བོའི་ལག་ཤེས་བཟོ་རྩལ་ཐོན་རྫས་ཡིན།”“ང་དང་ཨ་མ་གཉིས་ཀྱིས་འཕྲུལ་ཆས་ཀྱི་མི་བཟོས་ཡོད།”“འདི་ནི་ངའི་ནགས་ཚལ་མེ་ཟོན་གྱི་བརྗོད་གཞིའི་ལག་པར་བཤུས་པའི་ཚགས་པར་ཡིན”ཞེས་དར་མདོ་གྲོང་ཁྱེར་མི་ཉག་ལྟག་སྒོ་ཆུང་གི་སློབ་ཁང་ནང་ལོ་རིམ་མི་འདྲ་བའི་སློབ་ཕྲུག་ཚོས་གསར་འགོད་པ་དང་དགེ་རྒན་ཚོར་རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་གུང་གསེང་ཐོ་འགོད་བྱས་པའི་མི་སྒེར་གྱི་བརྩམས་ཆོས་འགྲེམས་སྟོན་བྱེད་བཞིན་ཡོད་པ་དང་།འདྲ་མིན་སྣ་ཚོགས་ཀྱི་ཚན་རྩལ་ཁྱད་ཆོས་ཀྱིས་ཁེངས་པའི་བཟོ་སྐྲུན་ཆུང་ངུ་སློབ་ཁང་ནང་དུ་བཤམས་ཡོད། བྱིས་པའི་བརྩེ་སེམས་ཀྱིས་ཁེངས་པའི་བརྩམས་ཆོས་ཚང་མར་སློབ་གྲོགས་ཚོའི་ཚད་མེད་ཀྱི་གསར་གཏོད་ནུས་པ་དང་བསམ་པའི་བཀོད་ཤུགས་ལྡན་ཡོད།
        འདི་ལོ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱིས་ཀྱང་སེམས་པ་ཆུང་ཆུང་ཞིག་གི་ནང་མེས་རྒྱལ་གྱི་མཚན་སྙན་གྲགས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་པའི་ས་བོན་བཏབ་པ་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བརྗོད་བྱ་གཙོ་བོའི་ལག་བཤུས་ཚགས་པར་དང་ལག་བཟོས་བརྩམས་ཆོས་ལ་ད་ཐེངས་ཀྱི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཉམས་འགྱུར་གྱིས་ཁེངས་ཡོད། ངས་ཨ་ཅག་ཀུའུ་ཨའེ་ལིང་དང་གཅེན་པོ་སུའུ་དབྱི་མིང་ལ་དད་གུས་ཆེན་པོ་བྱེད་ཀྱི་ཡོད།ཁོང་ཚོས་ཉིན་ལྟར་སྦྱོང་བརྡར་ཧུར་ཐག་བྱས་པར་བརྒྱུད་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་ཕུལ་བྱུང་གི་གྲུབ་འབྲས་ཐོབ་པར་མ་ཟད།འཛམ་གླིང་ལ་ཀྲུང་གོའི་ལུས་རྩལ་བའི་ཉམས་འགྱུར་ཡང་མངོན་གྱི་ཡོད། བཅར་འདྲི་བྱེད་རིང་ཧུར་རིགས་སློབ་ཆུང་ལོ་རིམ་ལྔ་པའི་སློབ་མ་ཚའོ་ཀེ་ཝུའེ་ཡིས་ད་དུང་གསར་འགོད་པར་སློབ་གྲྭ་གྲོལ་རྗེས་ད་དུང་སློབ་མ་ཚོ་དང་མཉམ་དུ་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐད་གཏོང་ལ་བལྟ་རྒྱུ་ཡིན་ཞེས་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1