སྤྱི་ཟླ3པའི་ཚེས11ཉིན་ཨ་མ་དང་ཁ་བྲལ་ནས་ལོ35འགོར་སོང་བའི་བུ་མོ་གཡང་དགའ། ཕ་ཡུལ་སྡེ་དགེ་རྫོང་མགོ་ལོན་ཡུལ་ཤོག་ཏུ་ལོག་ནས་དགུང་ལོ85ལོན་པའི་རང་གི་མ་དྲིན་པོ་ཆེ་དང་མཇལ་རྒྱུའི་བསྐལ་བཟང་ཤར། ཕ་མ་སྤུན་མཆེད་དང་ཁ་བྲལ་ནས་ལོ35འགོར་སོང་ལ། མི་ལོ35ཡི་དུས་ཡུན་ནི་ཅི་འདྲའི་རིང་བ་ལའང་། བུ་མོ་གཡང་དགའ་མ་སྨད་མཉམ་འཛོམས་ཀྱི་དགའ་སྐྱོ་འདྲེས་མའི་ཚོར་བས་ཡོངས་སུ་བཟི་ཞིང་། མིག་ནས་མཆི་མའི་རྡོག་ཕྲེང་ས་ལ་ལྷུང་བཞིན་ཤི་གསོན་ངོ་ཐུག་པ་ལྟ་བུའི་དགའ་སྤྲོ་དེ་ཡུལ་དངོས་ཀྱི་མི་ཚང་མར་སེམས་འགུལ་ཚད་མེད་ཐེབས།
མི་ལོ35འི་གོང་ལ། གཡང་དགའ་མ་སྨད་གཉིས་ལྷ་སར་ནད་ལྟ་བར་འགྲོ་སྐབས་སྟབས་མ་ལེགས་པར་མི་ཚོགས་ཀྱི་འདུ་འཛིའི་ཁྲོད་ནས་ཁོ་གཉིས་ཕན་ཚུན་ཁ་བྲལ་སོང་བ་རེད། ལོ་དེར་གཡང་དགའ་ཏག་ཏག་རང་ལོ20ལ་བུད་ཡོད་ཅིང་། ནད་ཀྱིས་མནར་བ་དང་ཡུལ་སྐད་ཀྱིས་བརྡ་མི་འཕྲོད་པ་སོགས་ཀྱི་དཀའ་སྡུག་ཚད་མེད་མྱངས། ཨ་མས་བུ་མོ་བོར་སོང་བས་རང་གིས་རང་ལ་འཁང་ར་ཚད་མེད་བྱས་ཤིང་། ངེས་པར་བུ་མོ་བཙལ་ནས་ལོན་དགོས་ཞེས་པ་ནི་མ་རྒན་གྱི་སེམས་སུ་བཞག་པའི་དམ་བཅའ་རེད།
ལོ35ཡི་རིང་གཡང་དགའི་ཨ་མས་བུ་མོ་འཚོལ་རྒྱུའི་བསམ་བློའི་འདུན་པ་དོར་མྱོང་མེད་མོད། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་སྤྱོད་མི་ཤེས་པས། ཕྱོགས་ཡར་མར་ལ་སྐད་ཆ་འདྲི་རྒྱུ་ནི་བུ་མོ་འཚོལ་བའི་ཐབས་ལམ་གཅིག་པུ་དེར་གྱུར་ཡོད། ཁོང་གིས་གྲོན་ཆུང་བསྲི་ཚགས་ཀྱི་སྒོ་ནས་དངོས་པོ་རྩ་ཆེན་དང་ཐ་ན་ནོར་གནག་སོགས་བཙོངས་ནས་བུ་མོ་འཚོལ་བའི་རྒྱུན་བསྐྱངས།
ད་ལོའི་སྤྱི་ཟླ3པར་སྡེ་དགེ་རྫོང་ཉེན་རྟོག་ཕྱོགས་ལ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་ཞིབ་བཤེར་གཞོགས་འདེགས་ཀྱི་ཁ་པར་འབྱོར་ཞིང་། དེ་ནི་ལོ35ཡི་གོང་ལ་ལྷ་ས་གྲོང་ཁྱེར་ནས་བོར་སོང་བའི་བུ་མོ་གཡང་དགས་རང་གི་ནང་མི་འཚོལ་རོགས་བྱ་རྒྱུའི་རེ་བ་བཏོན་པ་དེ་རེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གིས་མཁོ་འདོན་བྱས་པའི་ཁུངས་སྣེར་གཞིགས་ཏེ་སྡེ་དགེ་རྫོང་ཉེན་རྟོག་ཕྱོགས་ཀྱིས་འཕྲལ་དུ་ཞིབ་བཤེར་ལས་དོན་སྤེལ་བ་རེད།
སྤྱི་ཟླ3པའི་ཚེས8ཉིན། སྡེ་དགེ་རྫོང་མི་དམངས་ཉེན་རྟོག་པས་མགོ་ལོན་ཡུལ་ཤོག་རྨ་རོང་གྲོང་སྡེ་རུ་བུ་མོ་གཡང་དགས་བཤད་པ་དང་ཤིན་ཏུ་འཚམ་པའི་ས་ཆ་དང་མི་སྣ་རྙེད་པ་རེད། མི་དམངས་ཉེན་རྟོག་པས་འཕྲལ་མར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གིས་མཁོ་འདོན་བྱས་པའི་འཕྲིན་ཕྲན་སྤྱད་དེ་ཕན་ཚུན་གཟུགས་མཐོང་བྱས་པས། བཤད་པའི་སྐད་ཆ་ཚང་མ་སྡེ་དགེའི་ཡུལ་སྐད་ཡིན་པ་སོགས་ཀྱིས་ཕན་ཚུན་ངོ་ཤེས་ཤིང་། ཁ་བྲལ་ནས་ལོ་ངོ35སོང་བའི་ནང་མི་ཕན་ཚུན་གཟུགས་ལམ་ནས་ཐུག་ཐུབ་པ་བྱུང་།
དེ་རྗེས་ས་གནས་གཉིས་ཀྱི་ཉེན་རྟོག་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་ཐོབ་ཐང་དང་ངོས་འཛིན་གཏན་ཁེལ་བྱས་པ་དང་། སྤྱི་ཟླ3པའི་ཚེས11ཉིན། གཡང་དགའ་དང་བཟའ་ཟླ་གཉིས་སྡེ་དགེ་རྫོང་མགོ་ལོན་ཡུལ་ཤོག་རྨ་རོང་གྲོང་སྡེར་འབྱོར་ནས་ཡུལ་དངོས་ནས་གཉེན་ངོ་འཕྲད་པ་རེད། ལོ85ལོན་པའི་ཨ་མ་རྒན་མོས་རང་གི་ཤ་ཁྲག་ལས་ཆད་པའི་བུ་མོ་གཡང་དགའ་དང་ངོ་ཐུག་བྱུང་བས་འདི་ལས་བདེ་སྐྱིད་ཅིག་གང་ན་ཡོད། མ་རྒན་དྲིན་ཆེན་དེས་ཏག་ཏག་ལོ་ངོ35ལ་བུ་མོ་གཡང་དགའ་བསྒུགས་པ་རེད། ལོ35ཡི་རིང་ལ་མ་རྒན་དྲིན་ཆེན་དེའི་སེམས་ཀྱི་སྡུག་བསྔལ་སུ་ཞིག་གིས་ཤེས་སྲིད་དམ།
རྒྱུས་ལོན་བྱུང་བ་ལྟར་ན། གཡང་དགས་ཨ་མ་བོར་ནས་དུས་ཚོད་ངེས་ཅན་ཞིག་སོང་རྗེས་ད་ལྟའི་ཁྱོ་གར་འཕྲད་པར་མ་ཟད། ཁོ་དང་མཉམ་དུ་ཅང་སུའུ་ཞིང་ཆེན་ཕེ་རྫོང་དུ་ཕྱིན་ནས་གཉེན་སྒྲིག་བྱས་ཤིང་བུ་རྒྱུད་གསོས། དང་ཐོག་ཆ་འཕྲིན་ལག་རྩལ་དར་མེད་པ་དང་། རང་ཉིད་ལ་རིག་གནས་མེད་པས་གཉེན་ཉེ་འཚོལ་བར་གང་ནས་མགོ་བརྩམ་དགོས་པའང་མི་ཤེས་མོད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གིས་འབད་བརྩོན་ལྷོད་མེད་ངང“ལྷན་འཛོམས་བྱ་འགུལ”སྤེལ་བས་སྐྱེ་བ་འདིར་ད་དུང་བསྐྱར་དུ་འཛོམས་པའི་གོ་སྐབས་རྙེད་པ་རེད།
མི་ལོ35འགོར་ཡང་། མ་ཤི་མི་དེ་ཐུག་རྒྱུ་ཡོད་ཅེས་པ་ལྟར་གཡང་དགའ་མ་སྨད་གཉིས་པོ་ལྷན་དུ་འཛོམས་པའི་བདེ་སྐྱིད་ཀྱི་མགོ་ལེགས་པར་ཚུགས་ཡོད་པ་རེད།