༄༅།།མ་དང་བུ་ཡི་གཏམ་རྒྱུད།

རྩོམ་པ་པོ། གསེར་ཁབ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 03-21


   ལོ་སར་གྱི་བྲེལ་འཚུབ་ལས་ཐར་རྗེས་ང་ཆབ་མདོར་ལོག་དགོས་པ་དྲན་འོང་། འདུ་བྲལ་ནི་མི་ཚེའི་ཆོས་ཉིད་ཅིག་ཡིན་པས། འཛོམས་པའི་མཐའ་མ་བྲལ་དགོས་པ་རེད། བརྩེ་བའི་ཕ་མ་དང་ཕུ་ནུ་མིང་སྲིང་ཚང་མར་བདེ་མོ་འཇོག་པའི་དུས་ལའང་སླེབས་གྲབས་འདུག ངས་འདི་ལྟར་རང་ཡུལ་རྒྱབ་ཏུ་བསྐྱུར་ནས་གཞན་ཡུལ་དུ་ཆས་དགོས་པ་ནི་མི་ཚེ་འདིའི་དམིགས་བྱ་ཡག་ཤོས་དེ་ཡིན་པ་འདྲ། མདོར་ན་ཚེ་འདིར་ཕ་ཡུལ་དང་རྒྱང་དུ་བཀྱེད་ནས་འགྲོ་དགོས་པ་ཡང་ཆེས་མཐའ་མའི་ལས་ལམ་ཞིག་ཏུ་མ་བཞག་རང་བཞག་རེད། ལོ་ལྟར་ང་ཕ་ཡུལ་དང་ཁ་བྲལ་ཐེངས་རེར་སེམས་ནང་བརྗོད་མི་ཤེས་པའི་སྡུག་བསྔལ་མང་པོ་ཞིག་ཡོང་གིན་འདུག། དེ་ནི་རང་ལོ་བདུན་ཅུ་དོན་གྲངས་ལ་སླེབས་པའི་མ་དང་ངའི་གཏམ་རྒྱུད་རེད།

ངའི་ཨ་མ་ནི་ཆུང་སྦར་མོ་གང་ནས་དཔུང་པ་ས་འོག་ཏུ་བཅུག་སྟེ། སྐྱིད་ཟེར་བ་ཞིག་ད་བར་བྱུང་མྱོང་མེད། དྲང་པོར་བཤད་ན། ངའི་ཨ་མས་བུ་ཕྲུག་བཅོ་བརྒྱད་སྐྱེས་པ་རེད་ཟེར་ན་ངའི་ཀློག་པ་པོ་རྣམས་ཡིད་མི་ཆེས་ཀྱང་དེ་ལྟར་བཤད་སྙིང་འདོད་བྱུང་། ཨ་མས་རྟག་པར་རིག་གསར་སྐབས་འཚོ་བའི་ཆ་རྐྱེན་ཞན་པའི་རྐྱེན་གྱིས་བུ་དྲུག་དང་བུ་མོ་བཞི་ནད་ཡམས་ཀྱིས་འོག་ཏུ་འཇིག་རྟེན་འདི་ནས་ཁ་བྲལ་བ་རེད་ཟེར་ཞིང་ཕངས་སེམས་དང་ཡིད་ཆད་ཀྱི་སྐད་ཆ་འདི་ཚོ་བདག་ལ་བཤད་པ་ཐེངས་གཅིག་གཉིས་མིན། རྒྱུན་དུ་ཨ་མས་མ་ཎི་བསྐོར་ཞོར་མིག་མཐར་མཆི་མའི་ཕྲེང་རྡོག་ཉིལ་ཉིལ་གློད་པར་མ་ཟད་སྐབས་དེ་དུས་ཀྱི་འཚོ་བའི་ཆ་རྐྱེན་ཡག་པོ་ཡོད་ན་ངའི་བུ་ཕྲུག་མང་པོ་ཞིག་འཆི་མའི་ལམ་དུ་ཕེབས་དོན་མེད་ཅེས་ཤོད་ཀྱིན་ཡར་དཀོན་མཆོག་ལ་གསོལ་བ་སྨོན་ལམ་བཏབ་སྟེ། ངའི་བུ་འདི་ཚོ་ངན་སོང་ལས་ཐར་ཤོག་ཅེས་སྨོན་ལམ་རྒྱག་གིན་འདུག། ངའི་ཨ་མའི་རེ་མདངས་ཤོར་བའི་གདོང་པ་མཐོང་ཐེངས་རེར་སེམས་ནང་སྨྲ་མི་ཤེས་པའི་སྡུག་བསྔལ་ཞིག་ངང་ངམ་ཤུགས་ཀྱིས་ཡོང་གིན་འདུག འོན་ཀྱང་གནའ་མི་གླེན་པ་འདི་ཚོའི་ངག་རྒྱུན་ལྟར་ན། མཛངས་མའི་ཡོན་ཏན་ལྡན་པའི་བུད་མེད་ཅིག་ཡིན་ན། བུ་མང་པོ་བཙས་པ་འདི་ཡང་དགེ་མཚན་ཡིན་རབ་གསུངས་འདུག་ཀྱང་ངའི་ཨ་མ་ནི་བུ་ཕྲུག་དེ་ཚོས་མི་ཚེ་སྡུག་སྦྱར་འདུག རྒྱུན་གཏན་ང་དང་ཨ་མ་མཉམ་གཤིབས་བྱེད་པའི་དུས་ཚོད་ཉུང་ནའང་ཁོང་གིས་ཉིན་མཚན་རྟག་ཏུ་ཁ་པར་རྒྱག་པར་མ་ཟད། འཕྲིན་ཐུང་བསྐུར་བ་ཡང་གྲངས་མེད་ཡིན། རྣམ་ཀུན་ཁ་ཏ་སློབ་གསོ་བྱེད་པའི་སྐད་ཆ་གཙོ་བོ་ནི“གཞན་ཕན་ལྷག་བསམ་གྱི་ལས་ནི་བདེ་སྐྱིད་ཀྱི་མཆོག་ཡིན་པས” མི་ཚེ་གང་བོར་དེ་ལྟར་བགྱིས་ཞེས་གསུངས་པ་ཡང་ད་ལྟ་ཡིད་ལ་གསལ་ལྷམ་མེར་འཆར་འོང་། ཨ་མ་ལགས། དགོངས་དག། ངས་ཁྱེད་ཀྱི་བཀའ་བཞིན་བསྒྲུབ་མ་ཐུབ་ནའང་ས་མཐར་འཁྱམ་པའི་སྤྲང་པོ་ང་ལ་མཚོན་ན། ད་ལྟ་ཁྱེད་ལ་བྱས་འབྲས་ཅི་ཡང་སྟོན་རྒྱུ་མེད་ཅིང་ཐ་ན་མིག་མདུན་གྱི་ཕུགས་བསམ་འདི་ཡང་རེ་ཞིག་བོར་སྣང་ཤར་བྱུང་།

ཐེངས་ཤིག་ཁྱེད་རང་ཨ་ཕ་དང་གཅེན་མོ་གཉིས་མཉམ་དུ་ལྷ་ས་ནས་ཐོན་ཏེ། མདོ་ཁམས་ལ་གནས་བསྐོར་ཡོང་བའི་དུས་འདིར་ངས་ཉིན་མཚན་མེད་པར་ཕེབས་སྒུག་ཞུ་བཞིན་བསྡད་ཡོད། དེ་སྔོན་ཁྱེད་ཀྱིས་བདག་ལ་གསུངས་པ་ལྟར་ “མ་ཤི་གོང་དུ་མདོ་ཁམས་ལ་གནས་མཇལ་ཞིག་ངེས་པར་དུ་འགྲོ་ཐུབ་པ་བྱེད་ཀྱི་ཡིན” ཞེས་པའི་དམ་བཅའ་འདི་ད་ལྟ་དངོས་སུ་ལག་ལེན་དུ་བསྟར་ནས་ལམ་ལ་ཞུགས་ཡོང་དུས་ངས་ཁྱེད་ཀྱི་རླབས་ཆེ་བའི་དད་འདུན་ལ་དགའ་གུས་ཡི་རངས་ཞུ་བཞིན་ཡོད་པར་མ་ཟད། ཁྱེད་རང་དྲན་པའི་གདུང་བ་ཡང་ཇེ་ལྕི་ནས་ཇེ་ལྕིར་གྱུར་སོང་། ཨ་མ་ལགས། ངའི་དྲན་པའི་རྩེ་ན་འཕྱོ་བའི་བདག་ཉིད་མ།

བོད་ཟླ་བཞི་པའི་ཚེས་བརྒྱད་ཀྱི་ནུབ་མོ་དེར་ཨ་ཕའི་ཁ་པར་ནང་སང་ཉིན་སྡེ་དགེར་འབྱོར་གྱིན་ཡོད་པའི་སྐད་ཆ་བཤད་མོད་གློ་བུར་ངའི་ལུས་སེམས་ཡོངས་སུ་དགའ་སྤྲོའི་རྣམ་པས་ཁྱབ་སྟེ། ང་ཡང་སྡེ་དགེར་ཁོ་ཚོར་ཐུག་པ་འགྲོ་རྒྱུའི་ཁ་ཆད་བྱས་པ་ཡིན། ངས་ལམ་སང་ཁ་པར་ཐོག་ནས་ལས་ཁུངས་ལ་དགོངས་ཞུ་བྱས་ཏེ་སང་ཉིན་ང་སྡེ་དགེ་རུ་འགྲོ་བའི་སྟ་གོན་བྱས། དགོང་མོ་དེར་ང་གཉིད་ཁྱོན་ནས་ཁུག་མ་བྱུང་།ཞོགས་པ་ཆུ་ཚོད་བདུན་པར་མལ་ལས་ལངས་ཏེ་ཞོགས་ཇ་ཧུབ་གང་བཏུང་རྗེས་རྒྱལ་སྲུང་གཞུང་ལམ༣༡༧གྱི་ལམ་བུ་བརྒྱུད་དེ་སྡེ་དགེར་ཐོན་པ་ཡིན། དེ་ཉིན་འཇོ་མདའི་གནམ་གཤིས་ཧ་ཅང་གཡའ་དག་ཅིང་ཉི་འོད་དྲོ་ཞིང་འཇམ་པར་མ་ཟད་ངའི་ཨ་མའི་བཞིན་རས་དང་གཉིས་སུ་མ་མཆིས། ང་སྡེ་དགེར་སླེབས་དུས་ཕལ་ཆེར་ཞོགས་པའི་ཆུ་ཚོད་བཅུ་གཅིག་ཡས་མས་ཙམ་རེད། སྐབས་དེར་ངས་མགྲོན་ཁང་ཞིག་བཙལ་ཏེ་དྲིན་ཆེན་ཕ་མ་གཉིས་དང་གཅེན་མོ་ཕེབས་བསྒུག་ཞུས་ནས་བསྡད་པའི་སྐབས་དེར་ཏག་ཏག་ཨ་མས་ཁ་པར་བཏང་བྱུང་། “ ཝ་ཡེ། ག་པར་ཡོད་དམ། ང་ཚོ་སྡེ་དགེ་ཁྲོ་ལར་སླེབས་སོང་། ལགས་སོ། ཨ་མ། ང་ད་ལྟ་སྡེ་དགེ་ཁམས་པའི་མགྲོན་ཁང་ནང་དུ་ཁྱེད་རྣམས་བསྒུགས་ནས་བསྡད་ཡོད། ཡ་ཡ། བྱས་ན་ཏོག་ཙམ་ནས་ཐུག་ཡོང་།”ཞེས་བཤད་བྱུང་། ངས་མགྲོན་ཁང་ནང་དུ་ངལ་གསོ་ཅུང་ཙམ་བྱས་ཏེ་ཁོ་ཚོ་གང་མགྱོགས་བསླེབ་

ན་ཅི་མ་རུང་སྙམ་བཞིན་སྐད་འཕྲིན་ནང་དུ་སྐད་ཅིག་འཁྱམ་ཉུལ་བྱས་པ་ཡིན། གྲོགས་ཚོམས་ནང་དུ་ངའི་དགེ་གྲོགས་ཤིག་གིས་དོ་སྙོམས་སློབ་གསོའི་འབྲེལ་ཡོད་སྐོར་གྱི་ཆ་འཕྲིན་ཞིག་བསྐུར་འདུག། ངས་ཞིབ་ལྟ་ཡང་ཡང་བྱས་རྗེས་སེམས་ནང་མི་དྲན་དགུ་དྲན་གྱི་དྲི་རྟགས་མང་པོ་ཞིག་འཁོད་ཡོང་། ཆད་པ་ལ་སྐྲག་ནས་སློབ་གྲྭར་མངགས་པའི་ཁྱིམ་བདག་དང་གཅིག། སྐར་གྲངས་ཁོ་ནས་རྒྱལ་ཕམ་ཐག་གཅོད་བྱེད་པའི་སློབ་གསོ་དང་གཉིས། སློབ་གསོ་གླེང་གིན་སློབ་གསོ་བོར་བའི་མཁས་པ་དང་བཅས་ངའི་མིག་མདུན་དུ་འཕག་འཚག་རྒྱག་གིན་ཅི་ཡང་གླེང་མི་ཤེས་པའི་སོ་སོ་རང་ཉིད་ལའང་སྐབས་སྐབས་སུ་སྙིང་རྗེ་སྐྱེས་བྱུང་། ཁ་པར་གྱི་འབོད་བརྡ་སླར་ཡང་གྲག་བྱུང་། ངས་མགྱོགས་མྱུར་ངང་མགྲོན་ཁང་ནས་ཁ་ཕྱིར་འཁོར་ཏེ་ཨ་མའི་འགྲམ་དུ་ཕྱིན་པ་ཡིན། ཁོང་གིས་ང་མཐོང་བ་དང་སྦྲགས་མིག་ཆུ་གཏོང་གིན་ངའི་བུ་ཞེས་མགྲིན་པ་ནས་འཁྱུད་དེ་སྐར་མ་གཅིག་ཙམ་ལ་སྐད་ཆ་ཚིག་གཅིག་ཀྱང་མ་ལབ་པར་དམ་པོར་བཟུང་བྱུང་། ཨ་ཙི། སྐབས་དེ་དུས་ངའི་སེམས་ཁམས་ནི་འཇིག་རྟེན་འདིར་ཆེས་རྙེད་དཀའ་བའི་དྭངས་གཙང་ལྷད་མེད་ཀྱི་དྲོ་སྐྱིད་ཅིག་འདི་ན་འདུག་ཨང་སྙམ་འོང་།མཚམས་འདིར་ཨ་ཕས“ བུ་དང་ཐུག་འཕྲད་བྱས་པ་དེ་དགའ་འོས་པ་ཞིག་རེད།ངུ་ཡས་ག་རེ་འདུག་གམ། དེ་ལས་ང་ཚོ་མཉམ་དུ་མགྲོན་ཁང་དུ་འགྲོ་ཞེས་བཤད་པས” གཞི་ནས་ལག་པ་གློད་བྱུང་། དེ་རྗེས་ང་ཚོ་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བྱེད་ཞོར་མགྲོན་ཁང་དུ་ཕྱིན་པ་ཡིན།

ནུབ་མོ་དེར་ང་དང་ཨ་མ་མགྲོན་ཁང་གི་ཁང་པ་གཅིག་གི་ནང་དུ་བསྡད་དེ་ཕན་ཚུན་སྙིང་གཏམ་གླེང་གིན་སང་ཉིན་ང་ཚོ་མཉམ་དུ་སྡེ་དགེ་པར་ཁང་དུ་གནས་མཇལ་འགྲོ་དགོས་པར་མ་ཟད། ཉིན་གུང་ཁོ་ཚོ་སླར་ཡང་དཔལ་ཡུལ་དགོན་པར་ཐོན་དགོས་པའི་སྐད་ཆ་བཤད་བྱུང་། ངའི་བསམ་པར་མ་བུ་མཉམ་འཛོམས་ཀྱི་དུས་ཚོད་ནི་ཅི་འདྲ་ཐུང་ཐུང་རེད་ཨང་སྙམ་བཞིན། ངས་ཨ་མའི་རྐང་པ་འཁྲུད་ཞོར་མདོ་ཁམས་ཀྱི་ས་ཆར་སྐྱིད་པོ་ཨེ་འདུག་ཅེས་དྲིས་པས། ཨ་མས“ སྐྱིད་པོ་འདུག དེ་སྔོན་ངའི་བསམ་ཚོད་བྱས་པ་དང་གཅིག་པ་རེད་མི་འདུག། མདོ་ཁམས་ལ་དགོན་པ་མང་ཞིང་ཕལ་ཆེར་ལམ་ཐག་སྤྱི་ལེ་གསུམ་བཞི་ཙམ་ལ་དགོན་པ་རེ་མཇལ་རྒྱུ་འདུག་པས་མ་རྒན་མོ་ངའི་ངོས་ནས་བཤད་ན་མི་ཡུལ་གྱི་དག་ཞིང་ཞིག་ཏུ་འདོད་ཀྱིན་ཡོད། འོན་ཀྱང་མདོ་ཁམས་ན་དགོན་པ་དང་ལྷ་ཁང་ཤིན་ཏུ་མང་ཡང་བོད་རང་གི་སྲོལ་རྒྱུན་གྱི་ཉམས་སྣང་དེ་ཙམ་མངོན་གྱིན་མི་འདུག དཔེར་ན། ཁྲོམ་གཞུང་དང་ཟ་ཁང་གང་སར་བོད་རིགས་ཡིན་ཡང་བོད་སྐད་བཤད་མཁན་དཀོན་པར་མ་ཟད་ཟ་རྒྱུ་འཐུང་རྒྱུ་མང་ཆེ་བ་རྒྱ་རིགས་དང་ཁ་ཆེའི་ཤ་སྟག་རེད་འདུག ངས་ཟ་ཁང་ནང་དུ་ཆུ་སྐོལ་ཞིག་སློང་ནས་རྩམ་པ་ཟ་བ་མཐོང་ཚེ་མིག་མདུན་གྱི་མི་བུ་དེ་ཚོས་ཧང་སང་མདོག་བྱེད་པ་དང་རེ་འགས་ང་སྤྲང་པོ་མིན་ནམ་སྙམ་སྟེ་སྒོར་ཏོག་རེ་གཉིས་སྦྱིན་གིན་འདུག། ང་ལ་མི་དགོས་ཟེར་ཡང་གད་མོ་ཁྲ་ཁྲ་རེ་དགོད་ཞོར་ཅི་མི་སྐྱོན་ཞེས་ལབ་ནས་འགྲོ་གིན་འདུག”ཧ་ཧ། ཡཱ་ཡཱ། ཨ་མ། མ་གཞི་ཁྱེད་རང་མདོ་ཁམས་ལམ་ལ་ཕྱིན་པ་ནས་བཟུང་ང་རང་རྟག་པར་འགྲིམ་འགྲུལ་དང་ཉིད་ཀྱི་སྐུ་གཟུགས་བཅས་ལ་སེམས་ཁྲལ་བྱས་མི་ཚར་བ་བསྡད་པ་ཡིན།ད་རེས་མདོ་ཁམས་བསྐོར་ཚར་རྗེས་ཁྱིམ་དུ་ལྷོད་ལྷོད་བྱས་ནས་སྐུ་ངལ་ཡག་པོ་གསོ་རོགས་གནང་། སང་ཉིན་ང་ཚོ་སྔ་པོ་ལངས་ཏེ་སྡེ་དགེ་པར་ཁང་དུ་འགྲོ་དགོས་པས་སྔ་ཙམ་གཟིམ་རོགས།

དེ་ཉིན་དགོང་མོ་སྡེ་དགེར་ཆར་པ་ཟམ་ཟིམ་ཞིག་འབབ་ཀྱིན་འདུག ངས་མགྲོན་ཁང་གི་སྒེའུ་ཁུང་ནས་རྒྱང་ལྟ་བྱེད་ཀྱིན་གནམ་འོག་གི་ཕ་མ་ཡོངས་ལ་གེགས་དང་བར་ཆད་མེད་པའི་གསོལ་བ་སྨོན་ལམ་བཏབ་རྗེས་ང་རང་ཡང་གཉིད་དུ་རོལ་བ་ཡིན། ཕྱི་ཉིན་ཞོགས་པ་ཆུ་ཚོད་དྲུག་པར་ང་དང་ཨ་མ་ཡར་ལངས་ཏེ་ཁ་ངོ་གཙང་མ་བཀྲུས་པར་མ་ཟད་ཞོགས་ཟས་སྟབས་བདེ་ཞིག་བཟས་ཏེ་སྡེ་དགེ་པར་ཁང་དུ་ཨ་མ་དང་མཉམ་དུ་ཕྱིན་པ་ཡིན། སྡེ་དགེ་པར་ཁང་ནི་རབ་བྱུང་བཅུ་གཉིས་པའི་ས་བྱི་ལོར། སྡེ་དགེའི་རྒྱལ་རབས་ཞེ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྐུ་དུས་སུ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བཞེངས་པའི་བཀའ་བསྟན་འགྱུར་དང་། ས་དགེ་བཀའ་རྙིང་གི་བླ་མ་རྣམས་ཀྱི་གསུང་འབུམ་སྣ་ཚོགས་སོགས་མདོ་སྔགས་རིག་གནས་དང་བཅས་པའི་པར་ཤིང་འབོར་ཆེན་ཡོད་པའི་གནས་ཁྱད་པར་ཅན་ཞིག་ཡིན་པར་མ་ཟད། བོད་ཀྱི་པར་ཁང་ཆེ་བ་བཞིའི་ཡ་རྒྱལ་ཞིག་ཀྱང་ཡིན།

ང་ཚོ་སྡེ་དགེ་དགོན་དུ་སླེབས་རྗེས་སྔོན་ལ་པར་ཁང་ལ་བསྐོར་བ་གསུམ་ཙམ་བརྒྱབ་རྗེས་སྒོ་འཛིན་པ་སེ་ཞིག་ཉོས་ནས་ལྷ་ཁང་ནང་དུ་ཕྱིན་པ་ཡིན། སྦུག་སྒོ་འཛུལ་མ་ཐག་ཨ་མས་སོར་བཅུ་སྙིང་ཁར་སྦྱར་ཏེ་གུས་ཕྱག་ལན་གསུམ་ཕུལ་དང་མཉམ་དུ་ལྷ་སྐུ་རེ་རེ་བཞིན་མཇལ་བ་མ་ཟད་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་ས་སྐྱ་གོང་མ་རྣམ་ལྔས་གཙོས་པའི་དགོན་པའི་ཕྱི་ནང་གསང་གསུམ་རིམ་གྱིས་མཇལ་ཁ་ཞུས་པ་དང་ཆབས་ཅིག་ཨ་མས་སྟེང་ཐོག་ཏུ་སངས་རྒྱས་ཀྱི་པར་ཤིང་བཀའ་བསྟན་ལ་ཐོད་པ་ཡིད་ཚིམ་པ་ཞིག་གཏུགས་ནས་བོད་ཀྱི་རིག་གཞུང་སྐལ་བརྒྱར་བསྟན་པར་ཤོག་ཅེས་སྨོན་ལམ་ཡང་ཡང་རྒྱག་གི་འདུག། སྐབས་དེར་ངས་ཨ་མའི་རྒྱབ་གཟུགས་ལ་ཡང་ཡང་བལྟས་ཏེ་ལོ་དོན་དྲུག་ཙམ་དུ་སླེབས་ནའང་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་ལ་བློ་དཀར་བ་ནི་ཅི་འདྲའི་རླབས་ཆེ་བ་ཞིག་རེད་ཨང་ཞེས་ཁེར་ལབ་ཅིག་ངང་གིས་ཤོར་སོང་། དེ་རྗེས་ཨ་མ་དང་ལྷན་དུ་པར་ཁང་ནང་གི་འཇམ་མགོན་བླ་མ་ཙོང་ཁ་པའི་སྐུ་འདྲའི་མདུན་དུ་དྲན་རྟེན་གྱི་སྐུ་པར་ཞིག་བརྒྱབ་སྟེ་དགོན་པ་དང་ཁ་གྱེས་པ་ཡིན། དགོན་འདབས་ཀྱི་ལམ་ཟུར་ན་སྡེ་དགེ་བཀྲ་ཤིས་ཀྱི་ཟ་ཁང་ནས་ཁ་ལག་ཅིག་བཟས་ཏེ་ང་ཚོ་ཕན་ཚུན་གྱེས་ཁའི་གཏམ་གླེང་བྱེད་ཀྱིན་ཨ་མས་“གཞན་ཡུལ་དུ་གཟུགས་པོར་ཅ་ག་ཡག་པོ་བྱས་ཏེ་གཞན་ཕན་ལྷག་བསམ་གྱི་ལས་ཀ་སྒྲུབས་ཤིག་གསུངས་བྱུང་། ” མཚམས་དེར་ངས་ཨ་མ་འདུག་སའི་རླངས་འཁོར་མདུན་དུ་ཕེབས་སྐྱེལ་ཞུ་བར་འགྲོ་སྐབས་ངའི་སེམས་ནང་ཅི་ཞིག་སྟོང་འགྲོ་བའི་སྣང་བ་ཞིག་ཤར་ཏེ་མིག་ཆུས་མཁུར་མཚོས་རེ་ཞིག་བརླན་པར་བྱས་བྱུང་། ཨ་མས་རླངས་འཁོར་གྱི་སྒེའུ་ཁུང་ནས་ང་ལ་ལྟ་ཙམ་ཡང་མ་བྱས་པར་མགོ་བོ་སྒུར་སྒུར་དུ་སྡོད་པའི་རྣམ་པ་འདི་མཐོང་སྐབས་ངའི་སེམས་པ་སྔར་དང་མི་འདྲ་བར་སྡུག་བསྔལ་གྱིས་ཡོངས་སུ་བཀང་བ་ལྟར་ངེད་མ་བུ་གཉིས་ཁ་འབྲལ་སྙིང་མི་འདོད་ནའང་ལས་ལམ་གྱིས་རྐྱེན་པས་འདི་ལྟར་བྲལ་དགོས་ཐུག་བྱུང་། རླངས་འཁོར་ཕྱིན་སོང་། ཁེར་རྐྱང་གི་གྲོང་ཁྱེར་འདི་རུ་ངའི་ཨ་མའི་གྲིབ་ནག་ཙམ་ཡང་མཐོང་རྒྱུ་མི་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1