འདི་ནི་རྒྱ་མཚོས(གཡས་ཀྱི་དང་པོ)དགེ་ཕྲུག་ལ་ཚེམ་སྟངས་སློབ་བཞིན་པ།
ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ནས་ཐོན་ཏེ་ཐང་སྐྱ་ཤང་བསླབ་སྟོན་གྲོང་ཚོར་འབྱོར་སྐབས། དགུན་གཞུང་གི་མལ་གྲོ་ཕུ་ཆུ་གཡུ་ལྟར་སྔོ་ཞིང་། གནའ་ཉམས་དོད་པའི་བསླབ་སྟོན་གྲོང་ཚོ་ལས་ལྷིང་འཇགས་བག་ཕེབས་ཀྱི་ཉམས་སྣང་ཞིག་མངོན་འོང་། ད་རེས་ང་ཚོས་ལྷ་ས་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་གཞག་གི་རྒྱུན་འཛིན་པ་མལ་གྲོ་གུང་དཀར་རྫོང་སྟག་ཕུ་གླིང་སྣེའི་སྲོལ་རྒྱུན་གྱོན་ཆས་བཟོ་རྩལ་གྱི་རྒྱུན་འཛིན་པ་མི་རབས་ལྔ་པ་རྒྱ་མཚོ་བཞུགས་སའི་བསླབ་སྟོན་གྲོང་ཚོར་ཆེད་མངགས་བཅར་འདྲིར་ཕྱིན་པ་ཡིན།
ལོ་62ལ་སླེབས་པའི་རྒད་པོ་རྒྱ་མཚོ་དང་ཁོང་གི་དགེ་ཕྲུག་རྣམས་རྒྱ་ཁྱོན་སྨི་ངོས་གྲུ་ཁ་ཤས་ལས་མེད་པའི་ཁང་པའི་ནང་དུ་ཚོང་ཤག་གིས་མངགས་པའི་བོད་ལྷམ་བྲེལ་བརྩོན་ཆེན་པོས་འཚེམ་བཞིན་མཆིས།
“ཚེམ་སྟངས་ལ་དོ་སྣང་བྱེད་དགོས། ལྷམ་མཐིལ་དུ་ཚེམ་བུ་ཇི་ཙམ་རྒྱག་དགོས་པ་གཏན་ནས་ནོར་མི་རུང་། འདི་ནི་མི་རབས་སྔོན་མ་ཚོས་ང་ཚོར་བཞག་པའི་རྒྱུ་ནོར་རེད་ལ། ང་ཚོའི་འཚོ་ཐབས་དེ་བས་ཀྱང་ཡིན་པས། ཚེམ་སྟངས་ནོར་ན་གྱོན་དུས་བདེ་པོ་མེད་པ་མ་ཟད། ང་ཚོའི་མིང་གྲགས་ལའང་སྐྱོན་རྒྱག་གི་རེད། བྱས་ཙང་མངགས་ཐོ་མང་བའི་རྐྱེན་གྱིས་བྲེལ་བ་ཇི་ཙམ་ཡོད་ཀྱང་། ང་ཚོས་ལྷོད་གཡེང་གཏན་ནས་གཏོང་མི་རུང”ཞེས་རྒྱ་མཚོས་ལས་ཀའི་ཞོར་དུ་ལས་བཟོ་དང་དགེ་ཕྲུག་ཚོར་མངག་བྱ་ཡང་ཡང་བྱས།
འདི་ནི་འགྲེམས་སྒྲོམ་གྱི་སྒང་དུ་བཞག་པའི་བོད་ཞྭ་ཡིན་པ།
“ང་ཚོའི་ཁྱིམ་གྱི་བོད་ལྷམ་ལ་དགའ་པོ་བྱེད་མཁན་མང་པོ་ཡོད་པ་དང་། ལྷམ་ཆ་རེའི་གོང་ཚད་སྒོར་1300རེད། ལྷམ་འདི་ཁུངས་མཐུག་པས་མི་དར་མས་ཚེ་གང་གྱོན་ཆོག་པ་དང་། གལ་ཏེ་ལྷམ་མཐིལ་བརྡོལ་ན་ལྷམ་མཐིལ་བརྗེས་ནས་སླར་ཡང་གྱོན་ཆོག ཁྱེད་རང་གཟིགས་དང་། ལྷམ་འདི་གྱོན་ནས་ལོ་བཅུ་ཕྲག་ལྷག་འགྲོ་གི་འདུག ད་དུང་ཡག་པོ་ག་ཚོད་བསྡད་མི་འདུག་གམ”ཞེས་རྒྱ་མཚོས་བང་ཁྲིའི་སྟེང་གི་ལྷམ་ཡུ་རིང་རྙིང་པ་ཞིག་གསར་འགོད་པར་སྟོན་བཞིན་དེ་ལྟར་བརྗོད།
འདི་ནི་རྒྱ་མཚོའི་ལག་ཁུག་དང་ལག་ཆ་སྣ་ཚོགས་ཡིན་པ།
རྒྱ་མཚོའི་ཁྱིམ་གྱི་ཐོག་སོ་གཉིས་པའི་ཚོམས་ཆེན་གྱི་གྱང་ལྡེབས་སུ་ལྷ་མོའི་འབག་སྣ་ཚོགས་བཀལ་འདུག ཁོང་གིས་འདི་ནི་མི་རབས་གོང་མ་སུའི་དུས་སུ་བཟོས་པ་གསལ་པོ་མེད་ནའང་དེ་དག་ཚང་མ་ཁྱིམ་རྒྱུད་ཀྱི་ཚེམ་རྩལ་མཚོན་རྟགས་རེད། ཤིང་གི་བང་ཁྲི་ཞིག་གི་སྟེང་དུ་བོད་ལྷམ་དང་ཞྭ་མོ། དེ་བཞིན་ཚེམ་བུའི་ཡོ་བྱད་རྙིང་པ་འགའ་ཤས་བཞག་ཡོད་པ་དེ་དག་གིས་ཀྱང་ཚེམ་བུ་བའི་ཁྱིམ་རྒྱུད་ཅིག་གི་སྔར་སོང་གཏམ་རྒྱུད་གླེང་བ་དང་གཉིས་སུ་མ་མཆིས། ཤེས་རྟོགས་བྱས་པ་བརྒྱུད། རྒྱ་མཚོ་གནས་སའི་སྟག་ཕུ་གླིང་སྣེ་ཁྱིམ་རྒྱུད་ཀྱི་ཚེམ་བཟོའི་ལག་རྩལ་ནི་སྤྱི་ལོ་1560ཙམ་ནས་དར་བ་དང་སྲོལ་འབྱེད་པ་ནི་ཚེམ་བཟོ་ཆེ་མོ་བ་སྐྱིད་རས་ཡིན་ཞིང་། སྐབས་དེ་དུས་དགོན་སྡེ་དང་སྐུ་དྲག་གིས་ཁོང་གདན་དྲངས་ནས་ཆོས་གོས་དང་། འབག སྐུ་དྲག་གི་ཞྭ་ལྷམ་དང་གྱོན་ཆས་བཟོ་གི་ཡོད། ཁོང་གིས་ད་དུང་མལ་གྲོ་གུང་དཀར་རྫོང་ཉེ་འཁོར་གྱི་དགོན་སྡེ་ཆེ་འབྲིང་ཆུང་གསུམ་ལ་གུར་དང་། འབག ཆོས་ལུགས་ཀྱི་ཡོ་ཆས་སོགས་མི་ཉུང་བ་ཞིག་བཟོ་མྱོང་ཡོད། ད་བར་ལོ་450ལྷག་ཙམ་རྒྱུན་འཛིན་བྱེད་རིང་ལག་རྩལ་དང་བཟོ་རྩལ་རིམ་གྱིས་འཐུས་སྒོ་ཚང་དུ་སོང་ནས་བོད་ཀྱི་དམངས་ཁྲོད་ཚེམ་བུའི་ལག་རྩལ་ལས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་ཏུ་གྱུར་ནས་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད།
འདི་ནི་འགྲེམས་སྒྲོམ་གྱི་སྒང་དུ་བཞག་པའི་བོད་ལྷམ་ཡིན་པ།
ཨ་ཕས་ལག་རྩལ་འདི་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་སླད་དུ། རྒྱ་མཚོ་དང་ཁོང་གི་བུ་སྤུན་གཞན་གཉིས་པོས་ལོ་ན་ཧ་ཅང་ཕྲ་བའི་སྐབས་ནས་ལག་རྩལ་སྦྱོང་འགོ་ཚུགས་ཡོད། འོན་ཀྱང་ཕྱིས་སུ་བུ་སྤུན་གཉིས་རྒྱུ་རྐྱེན་སྣ་ཚོགས་དབང་གིས་མུ་མཐུད་ཚེམ་བུ་སྦྱོང་ཐུབ་མེད་པས། ཨ་ཕས་རེ་བ་ཡོད་ཚད་རྒྱ་མཚོར་བཅོལ། ཨ་ཕས་ལག་རྩལ་ཚང་མ་བུམ་པ་གང་བྱོའི་ཚུལ་གྱིས་བསླབས་པ་དང་རྒྱ་མཚོས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པས། མཐར་རིམ་བཞིན་ཁྱིམ་རྒྱུད་ཀྱི་ལག་རྩལ་རྒྱུན་སྐྱོང་མཁན་ཡག་ཤོས་དེར་གྱུར་པ་དང་། ཁོང་གིས་བཙེམས་པའི་གྱོན་ཆས་མིག་ལ་མཛེས་ལ་ཁུངས་མཐུག་པས་ཡུལ་དེར་སྐད་གྲགས་ཅུང་ཆེ། ཁོང་གིས་བཟོས་པའི་མི་རིགས་ལག་ཤེས་ཐོན་རྫས་ནས་གྱོན་ཆས་དང་། འབག ཞྭ་མོ། བོད་ལྷམ་སོགས་གང་ཞིག་ཡིན་རུང་། བཟོ་རྩལ་ལེགས་ལ་དང་དོད་ཆེ་བ་མ་ཟད། སྲོལ་རྒྱུན་གྱི་བཟོ་རྩལ་དང་དེང་རབས་ཀྱི་བཟོ་སྟངས་ཟུང་འབྲེལ་དམ་ཟབ་བྱས་ཡོད་པས། སྟག་ཕུ་གླིང་སྣེའི་ཁྱིམ་རྒྱུད་ཀྱི་མི་རིགས་ལག་ཤེས་བཟོ་རྩལ་ཚང་མར་མལ་གྲོ་གུང་དཀར་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རོགས་རམ་འོག རྒྱ་མཚོས་འགྲེམས་ཚོང་འདུ་ཚོགས་དང་ལག་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོར་ཡང་སེ་ཞུགས་པས། སྟག་ཕུ་གླིང་སྣེའི་སྐད་གྲགས་མི་མང་པོས་ཤེས་པ་དང་མངགས་ཐོ་ཡང་དེ་ཚོད་ཀྱིས་མང་དུ་ཕྱིན་ཡོད། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་དང་ལྷ་སའི་ཉེ་འཁོར་གྱི་ལྷ་མོ་ཚོགས་པས་ཀྱང་དེའི་སྐད་གྲགས་གོ་ནས་ལྷ་མོའི་འབག་དང་གྱོན་ཆས་སྣ་ཚོགས་མངག་གི་ཡོད། རྒྱ་མཚོ་རང་ཉིད་ཀྱི་འབད་བརྩོན་དང་གཞན་གྱི་རོགས་རམ་འོག སྟག་ཕུ་གླིང་སྣེའི་ཁྱིམ་རྒྱུད་ཀྱི་ཚེམ་བུའི་ལག་རྩལ་རིམ་བཞིན་སྐད་གྲགས་ཆེ་རུ་སོང་བ་དང་། ལག་རྩལ་ཚགས་ཚུད་ལ་སྤུས་ཚད་གཙོ་བོར་འཛིན་པའི་ཐོན་སྐྱེད་ཀྱི་འདུ་ཤེས་དང་། བྱང་ཆུབ་པའི་ཚེམ་བུའི་ལག་རྩལ། རྒྱུན་འཛིན་པའི་འགྱུར་བ་མེད་པའི་རང་གཤིས་བཟང་པོ་བཅས་ལས་སྟག་ཕུ་གླིང་སྣེའི་ཚེམ་བུའི་ལག་རྩལ་གྱི་ཐོན་རྫས་དང་། སྤུས་ཚད། རྒྱུན་འཛིན་པའི་ཀུན་སྤྱོད་བཅས་ལ་བསྔགས་བརྗོད་ཀྱི་མེ་ཏོག་མི་སྟོར་མཁན་གཅིག་ཀྱང་མེད། རྒྱ་མཚོས་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་བྱ་དགའ་ཡང་མི་ཉུང་བ་ཞིག་བླངས་ཤིང་། ཁོང་གིས་བཟོས་པའི་སྟག་ཕུ་གླིང་སྣེའི་ལྷ་མོའི་འབག་ལ“2017ལོའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་པོར”ཚུད་པའི་བྱ་དགའ་ཐོབ་པ་དང་། སྦྲང་མདའ་གྲོང་ཚོར་བཟོས་པའི་ལྷ་མོའི་འབག་དང་མོ་ལྷམ་ལྷ་ས་གྲོང་ཁྱེར་གྱི་ཡང་བའི་འཁེལ་འཐག་ལག་ཤེས་ཀྱི་ཚད་ལོན་ཐོན་རྫས་སྐབས་དང་པོར་བདམས་པ། 2018ལོར་ཁོང་ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྟག་ཕུ་གླིང་སྣེའི་སྲོལ་རྒྱུན་གྱོན་ཆས་བཟོ་རྩལ་གྱི་གྲོང་ཁྱེར་རིམ་པའི་མཚོན་བྱེད་རྒྱུན་འཛིན་པར་བདམས་ཡོད།
འདི་ནི་རྒྱ་མཚོ་དང་ལག་རྩལ་བ་ཚོས་བཟོས་པའི་ཡུལ་སྐོར་ཐོན་རྫས་ཡིན་པ།
“གནའ་བོའི་ལག་རྩལ་གྱི་རྒྱུན་འཛིན་པ་ཞིག་གི་ངོས་ནས། མི་རབས་རེ་རེ་བཞིན་རྒྱུན་འཛིན་བྱས་པའི་ལག་རྩལ་དག་ང་ཚོའི་ཁྱིམ་རྒྱུད་དམ་ཡང་ན་བོད་མི་རིགས་ཀྱི་ངོས་ནས་བརྗོད་ན། རིག་གནས་ཤུལ་གཞག་གལ་ཆེན་ཞིག་ཡིན་པས། ང་ཚོའི་མི་རབས་འདི་ནས་རྒྱུན་ཆད་ན་ག་ལ་འགྲིག རྒྱལ་ཁབ་ཀྱིས་བཏོན་པའི་མངོན་མིན་རིག་གནས་སྲུང་སྐྱོང་སྲིད་ཇུས་ཀྱི་ཁེ་སྤོགས་ལ་བརྟེན་ནས་མངོན་མིན་རིག་གནས་ཤུལ་གཞག་གི་ནུས་པ་དེ་བས་ཆེ་བ་དང་མང་བ་འདོན་དུ་འཇུག་འདོད་འདུག” མེས་པོས་བཞག་པའི་གནའ་བོའི་ལག་རྩལ་འདི་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། རྒྱ་མཚོས་2015ལོར་སྟག་ཕུ་གླིང་སྣེའི་ཁྱིམ་རྒྱུད་ཀྱི་ཚེམ་བཟོའི་ལག་རྩལ་ཚད་ཡོད་ཀུང་སི་བཙུགས་པ་མ་ཟད། ཁོང་གི་དུས་སུ་ལག་རྩལ་དེ་རང་རྒྱུད་དུ་སློབ་པ་ལས་གཞན་ལ་མ་སློབ་པའི་མེས་པོའི་བཀའ་སློབ་དོར་ནས་རྒྱ་མཚོས་ཁྱིམ་རྒྱུད་དང་ཉེ་འཁོར་གྲོང་ཚོ་ནས་ལས་ལ་བརྩོན་ཞིང་བློ་རིག་བཀྲ་བའི་ན་གཞོན་འགའ་ཞིག་བདམས་ནས་ཚེམ་བཟོའི་ལག་རྩལ་ཁོ་ཚོར་བསླབས། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟ་སྟག་ཕུ་གླིང་སྣེའི་ཁྱིམ་རྒྱུད་ཀྱི་ཚེམ་བཟོའི་ལག་རྩལ་ཚད་ཡོད་ཀུང་སིར་ལས་བཟོ་6ཡོད་པ་དང་། དགེ་ཕྲུག་མང་པོ་ཞིག་ལག་རྩལ་མཐར་ཕྱིན་ནས་རང་ཉིད་ཀྱི་ཚོང་ཁང་བཙུགས་པའམ་ཕྱིར་གླ་པ་རྒྱུག་པར་བསྐྱོད་ཟིན། དེ་དང་དུས་མཚུངས་རྒྱ་མཚོས་རིན་པ་མི་དགོས་པར་སློབ་གྲྭ་ཁག་གི་སློབ་མ་ལྟ་སྐོར་དང་མྱོང་རོལ་བྱེད་པར་སྣེ་ལེན་ཞུ་བ་མ་ཟད། ད་དུང་མལ་གྲོ་གུང་དཀར་རྫོང་གིས་སྒྲིག་འཛུགས་བྱས་པའི“མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི”བྱེད་སྒོར་ཞུགས་ནས་མངོན་མིན་རིག་གནས་ཁྱབ་གདལ་དང་བརྒྱུད་བསྒྲགས་ཀྱང་བྱས་པ་རེད།
ལོ་ངོ་450ལྷག་ཙམ་རྒྱུན་འཛིན་བྱས་པའི་ལག་རྩལ་དེ་མུ་མཐུད་རྒྱུན་བསྐྱངས་ནས་ཡུལ་མིའི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་ཐུབ་པ་ནི་རྒྱ་མཚོའི་ཕུགས་འདུན་ཡིན་ཞིང་། “ངའི་དམིགས་ཡུལ་ནི་བོད་ཀྱི་ལོ་གསར་ཚར་རྗེས་བཟོ་གྲྭ་ཉམས་བཟོ་བྱེད་པ་དང་རྒྱུད་ཁྲིད་རྟེན་གཞི་བཙུགས་ནས་ད་ཡོད་ཀྱི་རྒྱུན་འཛིན་པར་ལྟ་སྐུལ་དང་། ན་གཞོན་གྱི་ཕུལ་བྱུང་རྒྱུན་འཛིན་པ་གསོ་སྐྱོང་། མི་ཁག་གཅིག་གི་ལས་ཞུགས་ཐག་གཅོད། རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད། བོད་དུ་སྟག་ཕུ་གླིང་སྣེའི་ཁྱིམ་རྒྱུད་ཀྱི་ལག་རྩལ་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མི་རིགས་ལག་ཤེས་སྔར་བས་རྒྱུན་འཛིན་དང་དར་སྤེལ་གཏོང་གི་ཡིན། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་ངའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་རྒྱ་མཚོས་བཤད།