༄༅།། སོག་རྫོང་རྩྭ་ཐང་གི་སྐྱེ་ཁམས་ཟིན་འགོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-22




ཁྲུང་ནག་ལུང་དཀར།
        “པར་ལེན་ཐུབ་བྱུང་། པར་ལེན་ཐུབ་བྱུང་། དེ་རིང་གཞི་ནས་གྲོ་བྱ་ཟེ་མགོ་ཁྱུ་ཞིག་མཁའ་དབྱིངས་ན་འཕུར་བཞིན་པ་པར་དུ་ལེན་ཐུབ་བྱུང་། ཁྱོན་བསྡོམས་བྱ145འདུག”ཚེ་དབང་རྣམ་རྒྱལ་གྱིས་དགའ་སྤྲོའི་ངང་ཁོས་ཕལ་ཆེར་སྔ་དྲོ་ཞིག་གི་རིང་ལ་པར་བླངས་པའི་མཇུག་འབྲས་སྟོན་བཞིན་ཡོད་ལ། གྱོན་པ་སྔ་མོ་ནས་ཟིལ་བས་རློན་པར་བཏང་ཟིན།
        ཚེ་དབང་རྣམ་རྒྱལ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧོ་ནན་སོག་རིགས་རང་སྐྱོང་རྫོང་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཅུས་ཀྲང་ཡིན་ལ། ཁོ་ལ་ད་དུང་ཀུན་གྱིས་ཤེས་པའི་ཐོབ་ཐང་ཞིག་ཡོད་པ་ནི། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་སྐྱེ་ཁམས་ཁོར་སྲུང་དང་བླངས་པ་ཞིག་ཡིན།
        2012ལོའི་དཔྱིད་དབྱར་གཉིས་ཀྱི་བརྗེ་མཚམས་སུ། ཚེ་དབང་རྣམ་རྒྱལ་གྱིས་མདོ་གསུམ་ཞང་ཤ་ལའི་ཐང་ནས་ཁྲུང་ཁྲུང་སྐེ་ནག་པར་དུ་ལེན་སྐབས། “བྱ་ནག་པོ”ཞིག་ཁོའི་མགོ་ཐོག་ནས་འཕུར་ཏེ་ཕ་རོལ་ཏུ་བབས་པ་ཚོར་བྱུང་། སྐབས་དེར་བྱ་དེ་ཤེས་མཁན་མ་བྱུང་། ཁོས་ཡང་དང་བསྐྱར་དུ་བསྡུར་བ་བྱས་རྗེས། བློ་ཡུལ་ལས་འདས་པའི་ངང་དེ་ནི་འདབ་ཆགས་ཁྲོད་ཀྱི་རྒྱལ་ཁབ་ནོར་བུ་སྟེ། ཁྲུང་ནག་ལུང་དཀར་ཡིན་པ་རྟོགས་བྱུང་།

        ཚེ་དབང་རྣམ་རྒྱལ་ཞག་གང་པོར་གཉིད་མ་ཁུག་ལ། ཉིན་གཉིས་པར་སྔ་མོ་ནས་ཁྲུང་ནག་ལུང་དཀར་འབབ་སའི་ས་ཕྱོགས་བསྙེགས་སོང་ནས་དེ་ཉིད་པར་དུ་བླངས། པར་བླངས་ནས་ད་བར་ལོ་ངོ9འགོར་ཟིན། ལོ་ངོ9ཡི་རིང་ལ། ཁྲུང་ནག་ལུང་དཀར་གྱི་གྲངས་ཀ2ཏག་ཏག་ལས་མེད་པ་ནས8ལ་འཕར་བྱུང་། “དང་ཐོག་ནི་བྱ་བའི་དགོས་མཁོ་ཡིན་ལ། རིམ་གྱིས་རང་ཉིད་ཀྱི་དགའ་ཕྱོགས་ཤིག་ཏུ་གྱུར་ཅིང་། ཁྲུང་ནག་ལུང་དཀར་གྱི་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེས། ཧོ་ནན་རྫོང་གི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་འགྲོ་བ་ར་སྤྲད་ཡོད”ཚེ་དབང་རྣམ་རྒྱལ་གྱིས་དགའ་སྤྲོའི་ངང་དེ་ལྟར་ལབ་བྱུང་།


གནའ་ཁྱུ།

        2011ལོར་ཧོ་ནན་རྫོང་ནགས་ལས་ཅུས་སུ་ཡོང་ནས་བྱ་བ་སྒྲུབ་པའི་ཚེ་དབང་རྣམ་རྒྱལ་ཐེངས་དང་པོར་རི་སྐྱེས་སྲོག་ཆགས་དཔྱད་ཞིབ་ཚད་ལེན་དང་སྲུང་སྐྱོབ་བྱ་བར་འབྲེལ་འདྲིས་བྱེད་མགོ་བརྩམས། གྲོན་དངུལ་ཉུང་བ་དང་། ཆེད་ལས་པར་ལེན་མཁན་ཡང་མེད་པས། རང་ཉིད་ཀྱིས་འཚོལ་ཞིབ་དང་པར་ལེན་མགོ་བརྩམས་ཤིང་།ཧོ་ནན་རྫོང་གི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་མང་པོ་པར་དུ་བླངས། ལོ་ངོ10ཡི་རིང་ལ། ཁོ་རང་ཧོ་ནན་རྫོང་གི་རི་ཆུ་རེ་རེ་དང་། ལ་ཁུག་ལུང་ཁུག་རེ་རེར་ཕྱིན་ཡོད་ལ། རྨ་སོག་རྩྭ་ཐང་གི་མིང་དོན་གཉིས་མཚུངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི“རྒྱུ་ཆའི་མཛོད་ཁང”དུ་གྱུར།
        ཡིན་ནའང་ཁོ་རང་ལས་ཀ་འདི་ལ“ཞེན་ཆགས”པ་ནི་དོན་གྱིས་གསའ་གཟིག་ལ་འབྲེལ་བ་ཡོད་དེ། 2012ལོའི་ཟླ4པར་ཧོ་ནན་རྫོང་གི་མངའ་ཁོངས་ནས་ཐོག་དང་པོར་གསའ་གཟིག་མཐོང་བྱུང་ལ། ཚེ་དབང་རྣམ་རྒྱལ་འགྲོ་རོགས་དང་བཅས་པས་བྱ་བའི་ཚོ་ཆུང་ཞིག་བཙུགས་ཏེ། དུས་ཡུན་ཟླ་ངོ་གཉིས་ཀྱི་རྗེས་འདེད་པར་ལེན་བྱ་བ་བསྒྲུབས། ཡིན་ནའང་གསའ་གཟིག་གི་འགུལ་སྐྱོད་ཤིན་ཏུ་གཟབ་གཟབ་ཡིན་སྟབས། ཉེ་སར་བཅར་ཐབས་མེད་པར་མ་ཟད། འགུལ་སྐྱོད་བྱེད་ཡུལ་གྱི་ས་དབྱིབས་རྙོག་འཛིང་ཆེ་ལ། ད་དུང་དྲེད་མོང་དང་ཡང་ཐུག་སྲིད་པས། པར་ལེན་པ་ནི་རྒྱུན་ལྡན་ལས་ཉེན་ཁ་ཆེ་ལ། མཐོ་སྒང་གི་གནམ་གཤིས་གྲང་མོས་ལས་ཀ་སྒྲུབ་མཁན་རྣམས་ལ་དཀའ་ལས་མང་པོ་གཏད་བྱུང་།
        2013ལོའི་ཟླ12པའི་ཚེས20ཉིན་ནས་ཚེས22ཉིན་བར། ལས་སྒྲུབ་ཚོ་ཆུང་གིས་ཉིན་མཐའི་ནགས་རའི་ཉིན་མཐའི་དོ་དམ་སྲུང་སྐྱོང་ས་ཚིགས་རྒྱ་ཤུག་ནགས་ཚལ་ཁུལ“ཨ་སྒང”གི་ས་མཚམས་སུ་གསའ་གཟིག་གི་རྗེས་ཤུལ་ཞིག་པར་ལེན་ཐུབ་སོང་། ཚེ་དབང་རྣམ་རྒྱལ་གྱི་སེམས་ལ་སྤོབས་པས་ཁེངས་བཞིན་བཤད་རྒྱུར། “འདི་ནི་རྨ་ལྷོ་ཁུལ་གྱིས་ཁུལ་བཙུགས་པའི་ཚུན་ལ་ཐེངས་དང་པོར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་གསོན་པོ་མཐོང་བ་ཡིན་པས། རི་སྐྱེས་སྲོག་ཆགས་ཀྱི་རིགས་སྲུང་སྐྱོབ་བྱེད་པ་གཏན་འཁེལ་དང་། རྒྱལ་ཁབ་ཀྱི་ཆེད་དངུལ་རྒྱབ་སྐྱོར་བརྩོན་ལེན་བྱེད་པར་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱས། ”ཐེངས་འདིའི་དམིགས་བསལ་གྱི་བརྒྱུད་རིམ་དེས། ཚེ་དབང་རྣམ་རྒྱལ་གྱིས་རང་བྱུང་ཁམས་ཀྱི་ཁྱད་མཚར་ཉམས་སུ་མྱོང་བས། བློ་ཐག་རྦད་ཆོད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དང་བླངས་ལམ་དུ་བསྐྱོད།
        2011ལོ་ནས་བཟུང་། ཚེ་དབང་རྣམ་རྒྱལ་གྱིས་བྱ་བའི་ཞོར་ནས་དུས་ཚོད་མང་པོ་བེད་སྤྱད་དེ་རི་ཀླུང་དང་ནགས་ཚལ་དུ་བསྐྱོད་ནས་པར་བླངས་པ་དང་། ལྟ་ཞིབ་ཚད་ལེན་བྱས་པ། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཟིན་ཐོར་བཀོད་པ། ཁྲུང་ནག་ལུང་དཀར་དང་། གེ་སར་རྟ་རྫི་དང་མཐོ་སྒང་གི་སྣ་མའི་ཚན་གྱི་སྐྱེ་དངོས་དང་། མཐོ་སྒང་གྲོ་རིགས་སྐྱེ་དངོས་སོགས་ཀྱི་རྒྱུ་ཆ་འཐུས་ཚང་དུ་བཏང་། ད་ལྟའི་བར་དུ་རི་སྐྱེས་འདབ་ཆགས་རིགས250ལྷག་དང་། རི་སྐྱེས་སྲོག་ཆགས་རིགས50ལྷག་པར་དུ་བླངས་ཡོད་ལ། སོག་བོད་སྨན་རྫས་དང་མཐོ་སྒང་གི་སྐྱེ་དངོས800ལྷག་ཟིན་ཐོར་བཀོད་ཡོད། ས་ཆ་གང་དུ་སྐྱེ་དངོས་གང་སྐྱེ་བ་དང་། སྲོག་ཆགས་གང་འཚོ་བཞིན་ཡོད་པ། ཁོ་ལ་མཚོན་ན་རང་ཁྱིམ་གྱི་རྒྱུ་ནོར་རྩི་བ་ནང་བཞིན་ཆ་རྒྱུས་ཤིན་ཏུ་ཡོད། “ལོ་འདི་དག་གི་རིང་ལ་མངོན་གསལ་གྱི་ཚོར་སྣང་ཞིག་ཡོད་པ་ནི། ཧོ་ནན་རྫོང་གི་མངའ་ཁོངས་སུ་རི་སྐྱེས་སྲོག་ཆགས་ཀྱི་སྣ་ཁ་དང་རིགས་ཀྱི་གྲངས་འབོར་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཐ་ན་སྔོན་ཆད་ཤིན་ཏུ་མཐོང་དཀོན་པ་དག་ཀྱང་དེང་སྐབས་རྒྱུན་དུ་རྩྭ་ཐང་དང་། ཐང་རྒོད་དང་རི་མགོ་བཅས་སུ་མཐོང་ཐུབ། ”ཁོས་འདི་ནི་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱས་པའི་དྲིན་ལན་རེད་འདོད་ཀྱིན་ཡོད།
        ཁོ་རང་ལོ་ན་ཆུང་དུས་གང་སར་བསྐྱོད་ཐུབ་པས། རྫ་ལུང་རི་ལུང་དུ་སོང་ནས་རི་སྐྱེས་སྲོག་ཆགས་པར་དུ་བླངས་ཤིང་། རྒས་ནས་ཐག་རིང་དུ་བསྐྱོད་དཀའ་དུས། རང་ཉིད་སླེབས་ཡུལ་གྱི་ཤ་མོའི་རིགས་དང་། འབུ་སྲིན་གྱི་སྐོར་སོགས་པར་དུ་བླངས། ཁོའི་བསམ་པར། སྐྱེ་ཁམས་སྲུང་སྐྱོབ་ནི་མི་རེ་རེས་སྒྲུབ་འོས་པའི་ལས་འགན་ཞིག་ཡིན་ལ། ད་དུང་བྱ་བ་མང་པོ་ཞིག་བསྒྲུབ་ཆོག “ང་རང་གི་རེ་སྨོན་ནི་བརྙན་མིག་ལ་བརྟེན་ནས་ཧོ་ནན་རྫོང་གི་རྩྭ་ཐང་ན་བཞད་པའི་མེ་ཏོག་དང་འདབ་ཆགས་ཉ་རིགས་འབུ་རིགས་རི་དྭགས་སོགས་ཟིན་ཐོར་འགོད་རྒྱུ་དེ་ཡིན་ལ།གནས་ཚུལ་ཕྲ་ཞིང་ཞིབ་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་རྒྱུ་ཆའི་མཛོད་ཁང་ཉར་ཚགས་ལེགས་པོ་བྱས་ཏེ། མི་རྣམས་ལ་དག་ཞིང་འདི་ཡི་སྲོག་ལྡན་དག་གི་གནས་ཚུལ་རྟོགས་སུ་འཇུག་པ་དང་། མི་རྣམས་རང་བྱུང་ཁམས་ཆེན་མོར་དགའ་བ་དང་། རང་བྱུང་ཁམས་ཆེན་མོ་སྲུང་སྐྱོབ་བྱེད་པར་འབོད་སྐུལ་གཏོང་རྒྱུ་དེ་ཡིན”པར་སྙམ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1