༄༅།། ང་ཚོའི་འཚོ་བ་དང་འབྲེལ་བའི་གཏན་འཁེལ་གསར་པ་འདི་དག་ཟླ3པ་ནས་བཟུང་ལག་བསྟར་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-22



        ཟླ3པ་ནས་བཟུང་ལག་བསྟར་བྱས་པའི་གཏན་འཁེལ་གསར་པ་འདི་དག་ང་ཚོའི་འཚོ་བ་དང་འབྲེལ་བ་ཅི་ཞིག་ཡོད་དམ།

རྩི་ཐབས་བེད་སྤྱད་དེ་འཛད་སྤྱོད་པར་ལུགས་མཐུན་མིན་པའི་ཁྱད་ཡོད་རིན་གོང་ལག་བསྟར་བྱེད་མི་ཆོག་པ།
        རྒྱལ་ཁབ་དྲ་བ་ཆ་འཕྲིན་གཞུང་ལས་ཁང་སོགས་སྡེ་ཁག་བཞི་ཡིས་མཉམ་དུ《སྦྲེལ་དྲའི་ཆ་འཕྲིན་ཞབས་ཞུའི་རྩི་ཐབས་འོས་སྦྱོར་དོ་དམ་གཏན་འབེབས》ཁྱབ་སྒྲོག་བྱས་ཤིང་།2022ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས།
        《གཏན་འབེབས》ནང་རྩི་ཐབས་འོས་སྦྱོར་ཞབས་ཞུ་འདོན་སྤྲོད་བྱེད་མཁན་གྱིས།རྩི་ཐབས་བེད་སྤྱད་དེ་ཆ་འཕྲིན་མི་མཐོང་བར་བྱེད་པ་དང་ཚད་ལས་བརྒལ་ཏེ་འོས་སྦྱོར་བྱེད་པ། མིང་ཐོ་བསྒྱུར་བ་སོགས་ཐེ་གཏོགས་ཅན་གྱི་ཆ་འཕྲིན་མངོན་མི་ཆོག་པ་གཏན་འཁེལ་གསལ་པོ་བྱས་ཡོད།
        རྩི་ཐབས་བེད་སྤྱད་དེ་ནར་མ་སོན་པའི་མི་ལ་བསླུ་བྲིད་བཏང་ནས་དྲ་རྒྱའི་ནང་འགུག་མི་ཆོག
        འཛད་སྤྱོད་པའི་དགའ་ཕྱོགས་དང་ཉོ་ཚོང་གོམས་སྲོལ་སོགས་ཀྱི་ཁྱད་ཆོས་དང་རྩི་ཐབས་བེད་སྤྱད་དེ་ཉོ་ཚོང་རིན་གོང་སོགས་ཀྱི་ཉོ་ཚོང་ཆ་རྐྱེན་སྟེང་ལུགས་མཐུན་མིན་པའི་ཁྱད་ཡོད་རིན་གོང་ལག་བསྟར་བྱེད་མི་ཆོག

ཆེད་གཏོགས་ཚོང་ལས་རྒན་གསོ་ཉེན་སྲུང་གི་ཚོད་ལྟ་དེ་རྒྱལ་ཡོངས་སུ་རྒྱ་བསྐྱེད་པ།
        དངུལ་ཁང་ཉེན་སྲུང་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་གཞུང་ཕྱོགས་དྲ་བས་ཉེ་ཆར་ཁྱབ་སྒྲོག་བྱས་པའི་ཆ་འཕྲིན་ལྟར་ན། 2022ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་།ཆེད་གཏོགས་ཚོང་ལས་རྒན་གསོ་ཉེན་སྲུང་གི་ཚོད་ལྟའི་ཁྱབ་ཁོངས་དེ་རྒྱལ་ཡོངས་ཀྱི་མངའ་ཁོངས་སུ་རྒྱ་སྐྱེད་རྒྱུ་དང་།སྔོན་ཆད་ཀྱི་ཚོད་ལྟ་ཉེན་སྲུང་ཀུང་སི6ཡོད་པའི་རྨང་གཞིའི་སྟེང་།རྒན་གསོ་ཉེན་སྲུང་ཀུང་སི་གཞན་པའང་ཚོད་ལྟའི་ནང་དུ་ཞུགས་ཆོག་པར་བྱས་ཡོད།
        ཆེད་གཏོགས་ཚོང་ལས་རྒན་གསོ་ཉེན་སྲུང་ཞེས་པ་ནི་རྒན་གསོ་འགན་སྲུང་བྱེད་པ་དམིགས་ཡུལ་དུ་བཟུང་ཞིང་།ལོ60དང་དེའི་ཡན་གྱི་སྒེར་གྱི་རྒན་གསོའི་ལོ་ཕོགས་ཀྱི་ཉེན་སྲུང་ཐོན་རྫས་ཤིག་ལ་གོ ཐོན་རྫས་ཀྱི་ཇུས་འགོད་ལ་གསོག་འཇོག་གི་དུས་སྐབས་དང་ལེན་པའི་དུས་སྐབས་ཀྱི་དུས་རིམ་གཉིས་སུ་དབྱེ་ཡོད་ལ།ལེན་པའི་དུས་སྐབས་དེ་ལོ10ལས་ཐུང་མི་རུང་།
        2021ལོའི་ཟླ6པ་ནས་བཟུང་།ཆེད་དམིགས་ཚོང་ལས་རྒན་གསོ་ཉེན་སྲུང་དེ་ཀྲའེ་ཅང་ཞིང་ཆེན(ཉིན་པོ་གྲོང་ཁྱེར་ཐེ)དང་ཁྲུང་ཆིན་གྲོང་ཁྱེར་དུ་ཚོད་ལྟ་སྤེལ་བ་དང་།2022ལོའི་ཟླ་དང་པོའི་ཟླ་མཇུག་ནས་བཟུང་།ཚོད་ལྟ་ཀུང་སི6པོས་རིམ་བསགས་ཀྱིས་འགན་བཅོལ་འཛིན་ཤོག་ཁྲི5འགན་གཙང་ལེན་བྱས་པ་དང་།བསྡོམས་པས་འགན་བཅོལ་གྲོན་དངུལ་སྒོར་དུང་ཕྱུར4བྱིན།
ཉེན་སྲུང་གཡོ་ལེན་དང་རྫུན་ལེན་བྱེད་པར་རྡུང་རྡེག་བཏང་སྟེ་སྤྱི་ཚོགས་ཉེན་སྲུང་ཐེབས་རྩའི་སྲིད་འཛིན་ལྟ་སྐུལ་བྱེད་ཐབས་ལག་བསྟར་བྱས་པ།
        མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཟླ2པའི་ཚེས22ཉིན་ཁྱབ་སྒྲོག་བྱས་པའི《སྤྱི་ཚོགས་ཉེན་སྲུང་ཐེབས་རྩའི་སྲིད་འཛིན་ལྟ་སྐུལ་བྱེད་ཐབས》དེ2022ལོའི་ཟླ3པའི་ཚེས18ཉིན་ནས་བཟུང་ལག་བསྟར་བྱས།
        《བྱེད་ཐབས》ནང་གཏན་འཁེལ་བྱས་དོན།མི་བཀོལ་སྡེ་ཁག་དང་ཡང་ན་མི་སྒེར་གྱིས་ཆ་འཕྲིན་དང་ངལ་རྩོལ་འབྲེལ་བ་རྫུན་མ་བཟོ་བ་དང་།དཔང་ཡིག་རྫུན་མ་བཟོ་བའམ་ཡང་ན་མི་གཞན་གྱི་དཔང་ཡིག་སྤྱོད་པ།དཔང་རྟགས་རྫུན་མ་སྤྱོད་པ་སོགས་ཀྱི་བྱེད་ཐབས་ཀྱིས་སྤྱི་ཚོགས་ཉེན་སྲུང་ནང་ཞུགས་པའི་ཆ་རྐྱེན་རྫུན་མ་སྤྲོད་པ་དང་།ཁྲིམས་འགལ་སྒོས་སྤྲོད་དངུལ་ཁ་གསབ་བྱེད་པ་སོགས་ཀྱིས་སྤྱི་ཚོགས་ཉེན་སྲུང་གི་ཐོབ་ཆ་གཡོ་ལེན་བྱས་ན།གཏན་འཁེལ་ལྟར་ཐག་གཅོད་བྱེད་རྒྱུ་རེད།
2021ལོའི་ལོ་འཁོར་མོའི་སྒེར་གྱི་དཔྱ་ཁྲལ་ཕྱོགས་བསྡུས་ཐོབ་ཆར་ལོ་མཇུག་གི་གཙང་རྩིས་རྒྱག་སྐབས་སྔོན་ལ་ཁ་ཆད་བཞག་སྟེ་བསྒྲུབ་ཆོག
        2021ལོའི་ལོ་འཁོར་མོའི་སྒེར་གྱི་དཔྱ་ཁྲལ་ཕྱོགས་བསྡུས་ཐོབ་ཆར་ལོ་མཇུག་གི་གཙང་རྩིས་རྒྱག་པའི་བྱ་བ་མགོ་བརྩམས་ཡོད།གཙང་རྩིས་རྒྱག་པའི་དུས་ཡུན་ནི་ཟླ3པའི་ཚེས1ཉིན་ནས་ཟླ6པའི་ཚེས30ཉིན་བར་རེད།དཔྱ་ཁྲལ་སྒྲུབ་པའི་ནུས་ཕྱོད་དང་སྙན་སེང་ཉམས་ལེན་ཇེ་མཐོར་གཏོང་ཆེད།ད་ལོར་དཔྱ་ཁྲག་སྡེ་ཁག་གིས་ཁ་ཆད་བཞག་སྟེ་བསྒྲུབ་པའི་ཞབས་ཞུ་གསར་དུ་བཏོན་ཡོད།དཔྱ་ཁྲལ་འཇལ་མཁན་གྱིས་ཟླ3པའི་ཚེས1ཉིན་ནས་ཟླ3པའི་ཚེས15ཉིན་བར་ལོ་འཁོར་མོའི་གཙང་རྩིས་རྒྱག་འདོད་ན།ཉིན་རེའི་དུས་ཚོད6ནས་དུས་ཚོད22བར་དུ་ལག་ཁྱེར་ཁ་པར་སྟེང་གི་སྒེར་གྱི་ཐོབ་ཁྲལAPPསྟེང་ནས་ཁ་ཆད་བཞག་ཆོག་ལ། ཟླ3པའི་ཚེས16ཉིན་གྱི་རྗེས་སུ་ཁ་ཆད་འཇོག་མི་དགོས་པར་ཐད་ཀར་བསྒྲུབ་ཆོག

སྨན་བཅོས་ལས་ཁུངས་ཀྱི་བརྟག་དཔྱད་ཞིབ་བཤེར་མཇུག་འབྲས་དེ་རྒྱལ་ཡོངས་ནས་ཕན་ཚུན་ཁས་ལེན་པ་མངོན་འགྱུར་བྱེད་རྒྱུ་རེད།
        ཉེ་ཆར།རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་མང་པོས་མཉམ་དུ《སྨན་བཅོས་ལས་ཁུངས་ཀྱི་བརྟག་དཔྱད་ཞིབ་བཤེར་མཇུག་འབྲས་དེ་རྒྱལ་ཡོངས་ནས་ཁས་ལེན་པའི་དོ་དམ་བྱེད་ཐབས》དཔར་འགྲེམ་བྱས་ཏེ།2022ལོའི་ཟླ3པའི་ཚེས1ཉིན་བཟུང་ལག་བསྟར་བྱས་པ་དང་།སྨན་བཅོས་ལས་ཁུངས་ཀྱིས་འབྲེལ་ཡོད་རྩ་དོན་ལྟར།བརྟག་དཔྱད་ཞིབ་བཤེར་གྱི་མཇུག་འབྲས་རྒྱལ་ཡོངས་ནས་ཕན་ཚུན་ཁས་ལེན་པའི་བྱ་བ་སྤེལ་དགོས་པ་གསལ་པོར་བསྟན་ཡོད།
        《བྱེད་ཐབས》ནང“སྨན་བཅོས་ལས་ཁུངས་ཀྱིས་འབྲེལ་ཡོད་རྩ་དོན་ལྟར།བརྟག་དཔྱད་ཞིབ་བཤེར་གྱི་མཇུག་འབྲས་ཕན་ཚུན་ཁས་ལེན་པའི་བྱ་བ་སྤེལ་དགོས།དུས་མཚུངས་སུ།ཕན་ཚུན་ཁས་ལེན་པའི་བྱ་བའི་སྤྱིའི་བླང་བྱ་གསལ་པོ་བྱས་ཡོད་ལ།ཡང་བསྐྱར་བརྟག་དཔྱད་བྱེད་ཆོག་པའི་བྱེ་བྲག་གི་གནས་ཚུལ་བཏོན་ཡོད་པར་མ་ཟད།སྨན་བཅོས་མི་སྣས་ནད་པ་དང་བསམ་བློ་བརྗེ་རེས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།བརྟག་དཔྱད་ཞིབ་བཤེར་གྱི་ནང་དོན་ཕན་ཚུན་ཁས་ལེན་མི་འོས་པ་ཡིན་ན།ངེས་པར་གསལ་བཤད་གསལ་པོ་བྱས་ཏེ།ཡང་བསྐྱར་བརྟག་དཔྱད་བྱེད་དགོས་པའི་དམིགས་ཡུལ་དང་དགོས་གལ་རང་བཞིན་སོགས་ཤེས་སུ་འཇུག་དགོས་པ”གསལ་པོར་བསྟན་ཡོད།

《སྨན་པ་དཀའ་བཅུ་པའི་བཅའ་ཁྲིམས》ཞེས་པའི་པར་གཞི་གསར་པ་ལག་བསྟར་བྱས་པ།

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་པ་དཀའ་བཅུ་པའི་བཅའ་ཁྲིམས》ཞེས་པ2022ལོའི་ཟླ3པའི་ཚེས1ཉིན་བཟུང་ལག་བསྟར་བྱས་ཡོད།《སྨན་པ་དཀའ་བཅུ་པའི་བཅའ་ཁྲིམས》ཞེས་པའི་པར་གཞི་གསར་པར་ཐོག་མར་ནད་བརྟག་སྨན་བཅོས་ཕྱོགས་སྟོན་དང་སྨན་དོན་གྱི་གསལ་བཤད་ཡི་གེ་ལས་བརྒལ་ཏེ་སྨན་སྟེར་བ་དེ་བཅའ་ཁྲིམས་ཀྱི་དོན་ཚན་ནང་བཀོད་ཡོད།
        དོན་ཚན་ཉེར་དགུ་པའི་ནང་དུ“སྨན་ལ་ནུས་པ་མེད་པའམ་ཡང་ན་སྔར་ལས་བཟང་བའི་གསོ་བཅོས་བྱེད་ཐབས་མེད་པ་སོགས་ཀྱི་དམིགས་བསལ་གནས་ཚུལ་འོག ནད་པས་གནས་ཚུལ་ཤེས་པའམ་ཡང་ན་འཐད་པ་བྱུང་རྗེས། སྨན་པས་ད་གཟོད་སྨན་རྫས་ཀྱི་གསལ་བཤད་ཡི་གེའི་ནང་གསལ་པོར་བྲིས་མེད་ནའང་སྨན་དོན་དཔང་ཡིག་ཡོད་པའི་སྨན་རྫས་སྤྱད་དེ་གསོ་བཅོས་བྱེད་ཆོག”པ་གཏན་འཁེལ་བྱས་ཡོད།

དྲ་ལམ་ནས་དམངས་དོན་གཏུག་བཤེར་བྱེད་ཆོག་པ་དང་དེ་ལ་དྲ་ཕྱི་དང་གཅིག་མཚུངས་ཀྱི་བཅའ་ཁྲིམས་ནུས་པ་ལྡན་པ།
        ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཉེ་ཆར《མི་དམངས་ཁྲིམས་ཁང་གི་དྲ་ལམ་འཁོར་སྐྱོད་སྒྲིག་སྲོལ》དཔར་འགྲེམ་བྱས་ཏེ།2022ལོའི་ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་ཡོད། སྐད་འཕྲིན་གྱི་དྲ་རྒྱའི་སྟེགས་བུ་བརྒྱུད་དེ་དམངས་དོན་གཏུག་བཤེར་བྱ་འགུལ་སྤེལ་ཆོག་པ་དང་།དེ་ལ་དྲ་ཕྱི་དང་གཅིག་མཚུངས་ཀྱི་བཅའ་ཁྲིམས་ནུས་པ་ལྡན་པ་རེད།
        《སྒྲིག་སྲོལ》ནང་བསྟན་དོན།དོ་བདག་པ་དང་དེའི་འཐུས་ཚབ་པས་ཁྲིམས་ལྟར་དང་རང་འཐད།ལུགས་མཐུན་བཅས་ཀྱི་རྩ་དོན་ལྟར།གཏུག་བཤེར་དང་འདུམ་སྒྲིག་སོགས་ཀྱི་ལྷུ་ཚིགས་དེ་དྲ་ལམ་ནས་དྲ་ཕྱི་རུ་བསྒྱུར་བ་དང་།ཡང་ན་དྲ་ཕྱི་ནས་དྲ་ལམ་དུ་བསྒྱུར་ཆོག མི་དམངས་ཁྲིམས་ཁང་གིས་དྲ་ལམ་ནས་འཁོར་སྐྱོད་བྱེད་པའི་བྱེད་ཐབས་ཀྱིས་དོ་བདག་པ་ཁ་ཤས་ཤིག་དྲ་ལམ་ནས་གཏུག་བཤེར་དང་འདུམ་སྒྲིག་ལ་ཞུགས་པར་རྒྱབ་སྐྱོར་བྱེད་པ་དང་།གཞན་པ་རྣམས་དྲ་ཕྱི་ནས་གཏུག་བཤེར་དང་འདུམ་སྒྲིག་ལ་ཞུགས་སུ་བཅུག་སྟེ།དོ་བདག་པའི་གཏུག་བཤེར་དབང་ཆར་འགན་སྲུང་བྱེད་དགོས།

《དམིགས་བསལ་སྒྲིག་ཆས་ཀྱི་དོན་རྐྱེན་སྙན་ཞུ་དང་བརྟག་དཔྱད་ཐག་གཅོད་བྱེད་ཕྱོགས་སྐོར་གྱི་གཏན་འབེབས》ལག་བསྟར་བྱས་པ།
        ཉེ་སྔོན། རྒྱལ་ཁབ་ཚོང་ཁྲོམ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས《དམིགས་བསལ་སྒྲིག་ཆས་ཀྱི་དོན་རྐྱེན་སྙན་ཞུ་དང་བརྟག་དཔྱད་ཐག་གཅོད་བྱེད་ཕྱོགས་སྐོར་གྱི་གཏན་འབེབས》དཔར་འགྲེམ་བྱས་ཤིང་།ཟླ3པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས།
        《གཏན་འབེབས》ནང་གསལ་པོར་བསྟན་དོན།ས་ཁོངས་བརྒལ་ཏེ་བྱུང་བ་དང་དོན་རྐྱེན་གྱི་བརྟག་དཔྱད་དང་ཐག་གཅོད་གནས་ཚུལ་རྙོག་འཛིང་ཡིན་པ།གླེང་ཕྱོགས་ཀྱི་དོ་ཁུར་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་ཡོད་པའི་དམིགས་བསལ་སྒྲིག་ཆས་ཀྱི་དོན་རྐྱེན་གནས་ཚུལ་ལ།གོང་རིམ་ཚོང་ཁྲོམ་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དོན་རྐྱེན་ལ་བརྟག་དཔྱད་བྱེད་པར་ལྟ་སྐུལ་དོ་དམ་བྱེད་ཆོག་པ་དང་།དགོས་ངེས་ཀྱི་སྐབས་སུ་ཐད་ཀར་བརྟག་དཔྱད་བྱེད་ཆོག དོན་རྐྱེན་བརྟག་དཔྱད་ཚན་ཆུང་ལ་འབྲེལ་ཡོད་སྡེ་ཁག་དང་མི་སྒེར་གྱི་མདུན་ནས་དོན་རྐྱེན་གྱི་འབྲེལ་ཡོད་གནས་ཚུལ་རྒྱུས་ལོན་བྱེད་རྒྱུའི་དབང་ཆ་ཡོད་པར་མ་ཟད།དེ་ལ་འབྲེལ་ཡོད་ཡིག་ཆ་དང་དཔྱད་གཞིའི་རྒྱུ་ཆ་སོགས་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན་ཆོག འབྲེལ་ཡོད་སྡེ་ཁག་དང་མི་སྒེར་གྱིས་དེ་ལ་དགག་ལན་སྤྲད་མི་ཆོག་པར་མ་ཟད།འདོན་སྤྲོད་བྱས་པའི་གནས་ཚུལ་དང་ཡིག་ཆ།དཔྱད་གཞིའི་རྒྱུ་ཆ་སོགས་ཀྱི་བདེན་པའི་རང་བཞིན་ལ་འགན་འཁུར་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1