༄༅།།ཞོགས་པའི་ཡུལ་ལྗོངས།

བཀྲ་ཤིས་མཚོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༣ཚེས་༢༣ཉིན།


        དྲོད་ལམ་ལམ་གྱི་དབྱར་ཁ་ཐག་རིང་ལ་ཕེབས་སོང་།རྩྭ་དང་མེ་ཏོག་ལྗོན་ཤིང་སོགས་ཀྱང་སེར་ལམ་ལམ་དུ་གྱུར་སོང་།ད་ལྟ་གྲང་ངར་ཆེ་བའི་དགུན་ཁ་སླེབས་བྱུང་ལ།དེ་རིང་གི་ཞོགས་པའི་མཁའ་དབུགས་དྭངས་ཤིང་གསལ་ལ་གཡའ་དག་པ་ཞིག་ཡིན།

        འབྲོག་པའི་བུ་མོ་རྣམས་ཀྱིས་བཞོ་ཟེའུ་ལག་ཏུ་བཟུང་ནས་འབྲི་མོ་ཚོའི་འགྲམ་དུ་སོང་ནས་འོ་མ་འཇོ་བཞིན་འོ་མའི་ཤག་སྒྲ་དང་མཉམ་དུ་དགོ་དགོ་གཡང་ལྷ་མ་ཟེར་ཞོར་གསལ་ལ་མི་གསལ་བའི་གླུ་སྐད་ཅིག་ལྷས་དཀྱིལ་ནས་མཁའ་དབྱིངས་སུ་མཆེད།མཐའ་ཀླས་པའི་རྩྭ་ཐང་ཐོག་ཏུ་སྦྲ་ནག་ཕུབ་ཡོད་ཅིང་། ཟེའུ་ཡི་ནང་དུ་བཅུད་ལྡན་གྱི་འོ་མ་དཀར་པོ་ཞིག་བཟུང་ནས་སྦྲ་གུར་ནང་དུ་སོང་།ཅུང་ཙམ་འགོར་རྗེས། སྦྲ་གུར་གྱི་སྟེང་ནས་སྤྲིན་པ་དང་འདྲ་བ་ཞིག་འཐུལ་བྱུང་།དེ་ནི་དཀར་ཆེམ་ཆེམ་གྱི་དུ་བ་དང་འོ་མའི་ངད་ཁ་རེད།དགུན་ཁའི་ཞོགས་པ་འདིར་གྲང་ངར་ཧ་ཅང་ཆེ་བས།འབྲོག་པ་ཚོ་རང་རང་གི་སྦྲ་གུར་ནང་དུ་སོང་ནས།དྲོད་འཇམ་གྱི་མེ་ཁ་གསོས་ནས་ལག་པ་སྲོལ་བཞིན་ཡོད།གཏམ་གླེང་བྱེད། ཞོགས་པའི་མཁའ་དབུགས་འདི་ཅི་འདྲ་ཡིད་དུ་འོང་བ་ཞིག་རེད།ང་རང་མཐའ་ཡས་པའི་རྩྭ་ཐང་དུ་ལངས་ནས་ཐག་རིང་གི་ཡུལ་ལྗོངས་ལ་བལྟས་པ་ན།ངའི་སེམས་སུ་ད་ནི་དགུན་གྱི་རྣམ་པ་མངོན་གསལ་དུ་སླེབས་པ་ཤེས།། འོན་ཀྱང་ང་ཚོའི་རུ་ད་དུང་དགུན་སར་སྤར་མེད།

        ཨེ་མ་འདི་ནི་གཞན་དང་མ་འདྲ་བའི་ཞོགས་ལྗོངས་ཤིག་ཡིན་ལ། རྩྭ་ཐང་དུ་གྲང་ངར་གྱི་བསུ་མ་དང་ཁོར་ཡུག་ལ་འགྱུར་ལྡོག་མང་བས། ང་རང་ཞོགས་པ་དེ་ལ་ཤིན་ཏུ་དགའ།མི་ལ་ལ་ཞིག་གིས་བཤད་ན། དབྱར་ཁའི་ཞོགས་པ་ནི་དགུན་ཁའི་ཞོགས་པ་ལས་མཛེས་ཟེར་མོད།འོན་ཀྱང་།ང་རང་དགུན་ཁའི་ཞོགས་པར་མཐའ་གཅིག་ཏུ་ཞེན།རྒྱུ་མཚན་ང་རང་ནི་དགུན་ཁའི་ཞོགས་པ་ཞིག་ལ་འཇིག་རྟེན་འདིའི་ཐོག་ཏུ་སླེབས་པ་ཡིན་ལ།འཇིག་རྟེན་གྱི་བྱ་དངོས་དག་ཇི་འདྲ་བྱུང་མིན་མི་ཤེས་ནའང་།ང་ནི་དུས་དེ་ནས་བཟུང་འབྲོག་པ་ཆུང་ཆུང་ཞིག་གི་ཁྱིམ་ཏུ་སྐྱེས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1