ཚེ་མགོན། གཞས་པ་ནས་བོད་ཟས་ལས་གཉེར་པའི་མཆོང་བརྒལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-25



        ཁྱེད་རང་དང་ཐོག་བཟའ་བཏུང་ལས་རིགས་འདིར་ཞུགས་པའི་བློ་བསྐྱེད་དམ་རྒྱུ་མཚན་ཅི་འདྲ་ཞིག་ཡིན་ལགས་ཞེས་གསར་འགོད་པས་སྟབས་བདེའི་ངང་ཁོང་ལ་དྲི་བ་དེ་བཏོན། ཁོང་གིས་བཤད་རྒྱུར། དང་ཐོག་ངས་ལྷ་སར་ཨ་རོགས་ཁམས་པ་ཞེས་པའི་བོད་ཟས་ཁང་ཞིག་ཕྱེས་ཏེ། བོད་ཟས་ཀྱི་བྲོ་བ་དང་གཡོས་སྦྱོར་སོགས་ཕྱོགས་གང་ཐད་ནས་འཚོལ་ཞིབ་གང་མང་ཞིག་བྱས་པ་དང་། དུས་ཡུན་རིང་པོའི་ཉམས་མྱོང་དང་རང་ངོས་ཀྱི་དགའ་ཕྱོགས། དེའི་ཐོག་ཉེ་འཁོར་གྱི་གྲོགས་པོ་འགས་སྐུལ་མའི་འོག་མུ་མཐུད་དུ་ལས་རིགས་འདིར་རྒྱུན་འཁྱོངས་པའི་འདུན་པ་དྲག་པོ་ཞིག་སྐྱེས་ཤིང་། དེ་བཞིན་གྲོགས་པོ་འགས་ཁྲེང་ཏུའུ་རུ་བོད་ཟས་ཁང་མཉམ་དུ་གཉེར་བའི་བསམ་བློ་བཏོན་པ་ན་ཁྲེང་ཏུའུ་རུ་འབྱོར་ཏེ་མཉམ་དུ་ནང་མ་འདི་ནས་གཉེར་འགོ་ཚུགས་པ་ཡིན། ང་ཚོའི་བོད་ཟས་ཁང་འདི་དང་ཐོག་ནང་མའི་རྣམ་པ་ཞིག་ཡིན་ཞིང་བོད་ཟས་ཉུང་ཙམ་མ་གཏོགས་མེད། རྗེས་སུ་ངས་རང་ཉིད་ཀྱི་བསམ་ཚུལ་ལྟར་གྲོགས་པོ་དང་གྲོས་བྱས་ཏེ་ད་ལྟའི་རྣམ་པར་བསྒྱུར་བ་ཡིན་ཟེར།


        ཁོང་གིས་བཤད་རྒྱུར། ད་ཆ་ཆང་ཁང་དང་ནང་མ་གཉེར་མཁན་ཧ་ཅང་མང་པོ་ཡོད་མོད། འོན་ཀྱང་རོལ་དབྱངས་ལྡན་པའི་བོད་ཟས་ཁང་གཉེར་མཁན་ཧ་ཅང་ཉུང་ཉུང་རེད། རོལ་དབྱངས་ལྡན་པའི་བོད་ཟས་ཁང་དང་ནང་མའི་བར་མི་འདྲ་བ་ནི་ཞིམ་ཟས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་མིན་དེ་ཡིན། སྤྱིར་བཏང་གི་ནང་མ་དང་ཆང་ཁང་ནང་ཨ་རག་མ་གཏོགས་ཟས་རིགས་ཉུང་ཉུང་ཞིག་ལས་མེད། དེར་བརྟེན་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་དང་དམིགས་བསལ་གྱི་གླུ་གར་རིག་གནས་ཀྱིས་རོགས་འདེགས་བྱས་ཏེ་བོད་ཟས་ལས་རིགས་དར་རྒྱས་གོང་འཕེལ་གཏོང་བའི་བསམ་ཚུལ་དེ་བྱུང་བ་ཡིན། 

        དེ་ལྟར་ཁོང་གིས་གྲོགས་པོ་དང་མཉམ་དུ་གནས་མཆོག་ལྷ་ས་ཞེས་པའི་བོད་ཟས་ཁང་འདིའི་རྣམ་པ་བསྒྱུར་འགོ་བརྩམས་ཏེ། བཟོ་རྩལ་ལ་བྱང་ཆུབ་ཅིང་རི་མོའི་ཆུ་ཚད་མཐོ་བའི་ཤིང་བཟོ་དང་རི་མོ་མཁས་ཅན་འགའ་གདན་དྲངས་ནས་ཟས་ཁང་ལ་མཛེས་བཟོ་བྱས་པ་དང་། བོད་ཀྱི་ཨར་སྐྲུན་སྒྱུ་རྩལ་དང་རྐོ་རྩལ། སྲོལ་རྒྱུན་གྱི་རི་མོའི་སྒྱུ་རྩལ། ཚོན་མདངས་རིག་གནས་སོགས་རིག་གནས་ཀྱི་གཞི་རྒྱུ་མང་པོ་མཉམ་གཅིག་ཏུ་བསྲེས་ཡོད་པར་མ་ཟད། རྨང་གཞི་དེའི་ཐོག་རིགས་སོ་སོའི་མགྲོན་པོའི་སྣ་མང་རང་བཞིན་ལ་བསམ་གཞིག་བྱས་ནས་དེང་རབས་ཀྱི་གཉེར་སྐྱོང་འདུ་ཤེས་དང་དེ་བཞིན་བོད་ཟས་ཀྱི་རྨང་གཞིའི་ཐོག་བཟའ་བཏུང་གྲུབ་ཆ་སྣེ་མང་ཅན་ལ་ཤུགས་སྣོན་བརྒྱབ་པས་བོད་ཀྱི་ཁྱད་ཆོས་ལྡན་ལ་བཟའ་བཏུང་གི་ཁྱད་ཆོས་ཀྱང་ལྡན་པའི་བཟའ་བཏུང་ལས་རིགས་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།

        དེ་ཡང་གྲོང་ཁྱེར་གྱི་མི་རྣམས་ཀྱིས་བོད་ཀྱི་གླུ་གར་སྒྱུ་རྩལ་ལ་མྱོང་རོལ་བྱ་ཆེད། ཚེ་མགོན་དང་གྲོགས་པོ་ཚོས་དམངས་ཁྲོད་ཀྱི་རིག་རྩལ་འཇོན་མི་མང་པོ་ཞིག་བོད་ཟས་ཁང་དུ་གདན་དྲངས་པ་དང་། བོད་ཀྱི་དམངས་གཞས་དང་དེ་བཞིན་གཞས་མ་གཏམ་སོགས་བསྡུ་རུབ་བྱས་ནས་བོད་ཀྱི་གདོད་མའི་འཁྲབ་སྟོན་སྒྱུ་རྩལ་ཕྱོགས་བཞིའི་སྐུ་མགྲོན་ལ་མིག་གི་དགའ་སྟོན་དང་རྣ་བའི་གསོས་སུ་བཤམས།

        ད་ལྟ་འཛད་སྤྱོད་པས་གནས་མཆོག་ལྷ་ས་བོད་ཟས་ཁང་ལ་གདེང་འཇོག་ཆེན་པོ་གནང་བཞིན་འདུག །རྒྱུ་མཚན་ཅི་ཡིན་ད་ཐེངས་ཀྱི་བཅར་འདྲི་ནས་ཕལ་ཆེར་ཤེས་པ་འདྲ། ཚེ་མགོན་གྱིས་བཤད་པ་ལྟར་ན། ཁོང་ཚོའི་ཟས་ཁང་དོ་དམ་ཐད་ནས་ཟས་རིགས་རྒྱུ་ཆའི་སྤུས་ཀ་དང་འཁྲབ་སྟོན་གྱི་སྤུས་ཀ་གཉིས་གཙོ་བོར་འཛིན་བཞིན་ཡོད་དེ། ཟས་རིགས་རྒྱུ་ཆའི་སྤུས་ཀ་དག་དགོས་པར་མ་ཟད་ཚོད་ཐོའི་རིན་གོང་ཚོད་འཛིན་བྱེད་པ་དང་། གཉིས་ནས་གླུ་གར་འཁྲབ་སྟོན་པ་ཚད་ལྡན་བསྡུ་དགོས་པར་མ་ཟད་གསོ་སྦྱོང་གི་རྒྱུན་མི་ཆད་པར་འཁྱོངས་བཞིན་ཡོད།


        ཁོང་གིས་མི་ནི་ཁོར་ཡུག་གིས་རྐྱེན་ཐེབས་སླ་བ་ཞིག་རེད་ཅེས་པ་ནང་བཞིན། ཁོང་གིས་རང་མི་རིགས་ཀྱི་དད་པ་དང་གོམས་གཤིས། ཚོན་མདངས། རོལ་དབྱངས། བཟའ་བཏུང་གི་བྲོ་བ་སོགས་གྲོང་ཁྱེར་གྱི་བོད་ཟས་ཁང་དེར་སྤོས་ཡོད་པར་མ་ཟད། ཁོང་ཉིད་ཆེས་དགའ་ཤོས་ཀྱི་བོད་ཀྱི་གླུ་གར་རིག་གནས་ཀྱང་འདི་ནས་བཀྲག་མདངས་རྣམ་པར་བཀྲ་བའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1