༄༅། །ལོ་རེས་སྟག་གི་མཚོན་དོན་མདོར་བསྡུས།
སྔོ་དེའུ་སྒོམ་པ་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས།མི་གསལ། སྤེལ་དུས། 03-29
ཇི་སྐད་དུ། ལུས་དམར་སེར་ཐིག་ལེ་རི་མོའི་སྤུ་རིས་ཀྱིས་བརྗིད་པའི། །སྟོབས་རྩལ་དགུའི་ཁེངས་དྲེགས་འབར་བའི་རྔམ་ལྡན་གྱི་རྒྱ་སྟག །ཅེས་བསྔགས་པའི་གཅན་གཟན་སྟག་ནི་རང་བྱུང་ཁམས་ཀྱི་སྲོག་ཆགས་རྩ་ཆེན་ཞིག་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་ལ། ད་ལྟ་འཛམ་གླིང་ཡོངས་སུ་ཀྲུང་གོའི་ཧྭ་ནན་གྱི་སྟག་དང་། སེ་པེ་རི་ཡའི་སྟག །བྷཾ་ག་ལའི་སྟག།ཧིན་རྡུ་ཙི་ནའི་སྟག །ཧིན་རྡུ་ཉི་ཞི་ཡའི་གསེར་གླིང་གི་སྟག །མ་ལེ་ཞི་ཡའི་སྟག་བཅས་སྟག་གི་རིགས་དྲུག་ཙམ་ཡོད་པའི་སྤྱི་གྲངས་སྟོང་ཕྲག་དྲུག་བདུན་ཙམ་ལས་མི་བརྒལ་བར་བཤད་དོ། །
གནའ་སྔ་མོར་འཛམ་གླིང་འཛིན་མའི་གཙུག་རྒྱན་མདོ་དབུས་མཐོ་སྒང་དུའང་གཅན་གཟན་སྟག་གང་སར་འཚོ་གནས་བྱེད་མྱོང་བ་ང་ཚོས་ད་ལྟའི་ས་མིང་ལ་སྟག་རི་དང་སྟག་ལུང་སྟག་ཐང་སྟག་ལ་སྟག་ཚང་སྟག་རྩེ་སྟག་ཚལ་ཟེར་བ་སོགས་བགྲང་གིས་མི་ལོང་བ་ཞིག་ཡོད་པ་ལ་བརྟེན་ནས་རྗེས་སུ་དཔོག་ཐུབ་ལ། ཕ་སྤྲེའུ་དང་མ་བྲག་སྲིན་གྱི་རྒྱུད་ལས་མཆེད་པའི་གདོང་དམར་བ་རྣམས་དུས་ཡུན་རིང་བོའི་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་སྟག་ལ་འཇིགས་ཤིང་སྐྲག་པ་དང་། དགའ་ཞིང་སྨོན་པ། བསྟོད་ཅིང་བཀུར་བ་སོགས་ཀྱི་དུས་རིམ་དུ་མ་ཞིག་རིམ་པར་བརྒྱུད་མྱོང་བ་ཡིག་ཐོག་ཏུ་འཁོད་པའི་ལོ་རྒྱུས་གཏམ་རྒྱུད་དང་། ངག་ཐོག་ཏུ་གནས་པའི་ཁ་རྒྱུན་རྩོམ་རིགས། ཕ་ཚ་བུ་རབས་རིམ་བརྒྱུད་ཀྱིས་ཤུལ་དུ་བཞག་པའི་ཡུལ་ཆོས་རིག་གནས་གྱ་ནོམ་པའི་ཁྲོད་ནས་ཟུར་བསྟན་ལེབ་མཐོང་གི་ཚུལ་གྱིས་རྟོགས་ནུས་ཤིང་། དམར་ཡག་སྟག་ནི་སྤྱིར་བཏང་གི་གཅན་གཟན་ཞིག་ཏུ་མ་ཟད་པར། ཁ་བ་རི་བའི་རིག་གནས་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན་པ་དངོས་ཤུགས་བརྒྱུད་གསུམ་ནས་ཤེས་ནུས་སོ།།
འདས་པའི་དུས་སུ་འཛམ་གླིང་གི་ཡུལ་གྲུ་སོ་སོའི་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་རང་ལས་མཐུ་ཆེ་བའི་སེམས་ཅན་དང་སེམས་ཅན་མ་ཡིན་པ་དག་བླ་ཟོག་དང་ལྷར་བཀུར་མྱོང་ཞིང་། དེའི་སྲོལ་རྒྱུན་འདུ་ཤེས་ད་ལྟའི་བར་མ་ཉམས་པར་མི་རྣམས་ཀྱི་འཚོ་བའི་ཁྲོད་ན་སྔར་མུས་བཞིན་གནས་པ་ལྟར། རང་རེའི་ཡུལ་གྲུ་འདིར་ཡང་གཅན་གཟན་གཏུམ་པོ་སྟག་བླ་ཟོག་དང་ལྷར་བཀུར་བའི་གདོད་མའི་དད་མོས་ཀྱི་སྲོལ་ཀ་གནའ་སྔ་མོ་ཞིག་ནས་དར་ཡོད་པ་སུས་ཀྱང་བསྙོན་དུ་མེད་པར་སྣང་བས། འདིར་ཚད་ཐུབ་ཀྱི་ཡིག་ཚང་དང་ཁུངས་ཐུབ་ཀྱི་ངག་རྒྱུན་ཇི་སྙེད་ཅིག་ལ་གཞི་བཅོལ་ནས། ལོ་སྐོར་བཅུ་གཉིས་ལས་ལོ་རེས་སྟག་གི་མཚོན་དོན་འགའ་ཁ་ཤུན་ཙམ་ཞིག་མདོར་བསྡུས་སུ་ངོ་སྤྲོད་བགྱིད་པ་ལ།
དང་བོ། ལོ་སྐོར་བཅུ་གཉིས་དང་ལོ་རྒན་དྲུག་ཅུའི་ཁྲོད་ཀྱི་སྟག་གི་སྐོར།
སྟག་ནི་ལོ་སྐོར་བཅུ་གཉིས་མཚོན་བྱེད་ལོ་བརྙན་སྲོག་ཆགས་བཅུ་གཉིས་པོའི་གྲས་ཀྱི་སྲོག་ཆགས་ཤིག་ཡིན་པར་མ་ཟད། ལོ་སྐོར་བཅུ་གཉིས་རེས་ཀྱིས་འཁོར་བའི་ཁྲོད་ཀྱི་ལོ་གཅིག་ལ་དབང་བྱེད་པའི་ལྷ་ཞིག་ཏུའང་ངོས་འཛིན་བྱེད་པ་ནི། སློབ་དཔོན་པད་མས་མཛད་པར་གྲགས་པའི༼རྒྱགས་བརྔན་ལྷ་བསང༽ཞེས་བྱ་བར། ལོ་སྐོར་བཅུ་གཉིས་ལྷ་རྣམས་བསང་། །གབ་ཙེ་དགུ་ཡི་ལྷ་རྣམས་བསང་། །ཞེས་དང་། རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི༼བསངས་ཀྱི་ཡི་གེ་བཀྲ་ཤིས་འཁྱིལ་བ༽ཞེས་བྱ་བ་ལས། ལོ་སྐོར་བཅུ་གཉིས་སྤར་ཁ་རྣམ་པ་བརྒྱད། །སྨེ་བ་དགུ་དང་ས་བདག་རྒྱལ་བློན་འབངས། །སྤོར་ཐང་བརྒྱད་ཅུ་སྐོར་གྱི་གཙུག་ལག་ལྷ། །གབ་རྩེ་དགུ་ལ་གནས་པའི་ལྷ་རྣམས་བསང་། །ཞེས་པ་ལྟར་ཏེ། སྟག་སོགས་ལོ་སྐོར་བཅུ་གཉིས་ལ་དབང་བའི་ལྷ་དེ་དག་ལོ་གཅིག་གི་ཟླ་བ་སོ་སོ་དང་ཉིན་ཞག་དུས་ཚོད་བཅས་ལ་དབང་བྱེད་པའི་ལྷའང་ཡིན་པར་འདོད་དོ། །
ལོ་སྐོར་བཅུ་གཉིས་པོ་རེ་རེ་ལ་འབྱུང་བ་ལྔ་སྦྱར་བའི་ལོ་རྒན་དྲུག་ཅུའི་ཁྲོད་ཀྱི་སྟག་སྡེ་ལྔ་ནི། ༼འཕགས་པ་གནམ་ས་སྣང་བརྒྱད༽ཅེས་བྱ་བར། གསེར་གྱི་རུས་སྦལ་ཆེན་པོ་མཚོ་ནང་ན་གནས་པའི་མགོ་ཡན་ལག་མཇུག་མ་ལ་གནས་པའི་ལོ་སྐོར་བཅུ་གཉིས་ཀྱི་ལྷ་ཆེན་པོ་དག་ཀྱང་སོ་སོའི་ཕྱོགས་སུ་བདེ་ལེགས་སུ་བཅོས་ཏེ། ཤར་སྟོད་ན་གནས་པའི་ཤིང་གི་སྟག་དང་། མེའི་སྟག་དང་། སའི་སྟག་དང་། ལྕགས་ཀྱི་སྟག་དང་། ཆུའི་སྟག་དང་། སྟག་སྡེ་ལྔ་ཡང་མ་འཁྲུག་ཅིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ཞེས་པ་ལྟར་རོ། །
སྲིད་པ་མཚོན་བྱེད་མ་ཧཱ་གསེར་གྱི་རུས་སྦལ་གྱི་ལུས་ན་ལོ་སྐོར་བཅུ་གཉིས་པོའི་ས་མལ་སོ་སོར་ཕྱེ་ཡོད་པ་ལས་ཤར་སྟོད་ན་ཤིང་མེ་ས་ལྕགས་ཆུ་དང་བཅས་པའི་འབྱུང་བ་ལྔའི་རང་བཞིན་ཅན་གྱི་ལོ་བརྙན་མི་ལུས་སྟག་གི་མགོ་བོ་ཅན་གྱི་ཤིང་ཕོ་སྟག་སོགས་སྟག་སྡེ་ལྔས་མཚོན་པའི་ལྷ་ལྔ་གནས་ཤིང་། དེ་བཞིན་དུ་ས་མལ་གཞན་དུའང་ཤིང་མོ་ཡོས་སོགས་ལྔ་ཚན་གཞན་རྣམས་ཁྲིགས་ཆགས་སུ་གནས་པའི་ཕྱི་ནང་གི་འབྱུང་བ་དགྲ་གཤེད་དང་གཅོད་འདྲལ་དུ་མ་གྱུར་པ་དང་། ཕན་ཚུན་མ་འཁྲུག་མཐུན་པར་གནས་པ་ལས་འཇིག་རྟེན་སྤྱི་དང་བྱེ་བྲག་གང་ཟག་སྒེར་བ་སུ་དང་གང་ལའང་ཞི་བ་དང་བདེ་ལེགས་འབྱུང་བར་འདོད་དོ། །
གཉིས་པ། ཀླུང་ལྷ་སྡེ་བཞི་དང་ཀླུང་རྟ་སྡེ་བཞིའི་གྲས་ཀྱི་སྟག་གི་སྐོར།
ཚིག་མཛོད་རྣམས་སུ་ཀླུང་རྟ་དང་རླུང་རྟ་གཉིས་དོན་གཅིག་ཏུ་བཀྲལ་འདུག །འབྱུང་རྩིས་ཀྱི་དཔེ་རྙིང་རྣམས་སུ་ཀླུང་རྟ་ཞེས་བྲིས་པ་ཤས་ཆེ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི༼གཏོ་སྒྲོམ་འབུམ་ཏིག་གི་དགོངས་དོན་ལག་ལེན་ཁྱེར་བདེར་བཀོད་པའི་གཏོ་ཡི་ཆོ་ག་བཀྲ་ཤིས་འདོད་འཇོ༽ཞེས་བྱ་བར། ཀླུང་རྟ་ཞེས་པ་རྒྱ་ནག་གི་སྐད་ལས་བོད་སྐད་དུ་དོན་འགྱུར་ཡིན་པས་ཀླུང་རྟ་ཟེར་བ་ལས་རླུང་རྟ་ཞེས་བརྗོད་པ་ལེགས། མ་ཀླུང་སྤང་ཀླུང་སོགས་ཀ་ཀླུང་ཡིན་ནོ། །ཞེས་ཀྱང་གསུངས་འདུག་པས། སྲོག་ལུས་དབང་ཀླུང་བླ་བཅས་ཀྱི་ནང་ཚན་ཀླུང་རྟའི་ཀླུང་དེ་ཀ་ཀླུང་དང་། ཀླུང་རྟའི་དར་ལྕོག་དང་ཀླུང་རྟའི་ཙ་ཀ་ལི་ལ་ར་རླུང་བྲིས་ན་འོས་པར་སེམས་སོ། །
ཀླུང་རྟ་སྡེ་བཞི་ནི། རྔ་རྒོད་ནམ་མཁའ་སེང་གེའི༼ནག་རྩིས་ཀྱི་སྔོན་འགྲོ་བཻ་དཀར་ལས་ཟུར་དུ་བཀོལ་བ༽ཞེས་བྱ་བར། སྟག་རྟ་ཁྱི་གསུམ་ཀླུང་སྤྲེལ་ལྕགས། །ཕག་ལུག་ཡོས་གསུམ་ཀླུང་སྦྲུལ་མེ། །བྱི་འབྲུག་སྤྲེལ་གསུམ་ཀླུང་སྟག་ཤིང་། །བྱ་གླང་སྦྲུལ་གསུམ་ཀླུང་ཕག་ཆུ། །ཞེས་གསུངས་པ་ལྟར། མཐུན་གསུམ་ལོ་བ་སྡེ་ཚན་བཞིར་དབྱེ་བའི་ཀླུང་ལྷ་ལྕགས་ཕོ་སྤྲེལ་དང་། མེ་མོ་སྦྲུལ། ཤིང་ཕོ་སྟག། ཆུ་མོ་ཕག་བཅས་ཏེ། དེ་དག་ལས་ལོ་རྒན་དྲུག་ཅུའི་ནང་གི་སྟག་སྡེ་ལྔའི་ཡ་གྱལ་ཤིང་ཕོ་སྟག་ནི་བྱི་འབྲུག་སྤྲེལ་གསུམ་ལོ་བའི་ཀླུང་རྟའི་ལྷ་ཡིན་པ་ནི། ཞང་སྟོན་བསྟན་པ་རྒྱ་མཚོའི༼ཀླུང་རྟའི་ཀྭ་འཛུགས་བཀྲ་ཤིས་རྒྱལ་མཚན་གྱི་ལྷན་ཐབས༽ཞེས་བྱ་བར། ཤར་ཕྱོགས་ཤིང་གི་གཞལ་ཡས་ན། །ས་བདག་རྒྱལ་བོ་ཤིང་ཕོ་སྟག །སྐྱེད་བྱེད་ཤིང་གི་སྲོག་དང་ལྡན། །རླན་བྱེད་ཆུ་ཡི་ལུས་དང་ལྡན། །དབང་ཐང་ཤིང་གི་ལྭ་བ་གྱོན། །གཅོད་བྱེད་ལྕགས་ཀྱི་རླུང་རྟ་ཞོན། །བྱི་འབྲུག་སྤྲེལ་གསུམ་ལོ་བ་ཡི། །ཀླུང་རྟའི་ལྷ་ནི་ཁྱོད་ཡིན་པས། །ཞེས་པ་ལྟར་རོ། །
ཀླུང་ལྷ་ཤིང་ཕོ་སྟག་གནས་ཕྱོགས་ཤར་ཡིན་ཞིང་། ཤར་ཕྱོགས་ཀྱི་འབྱུང་བ་ཤིང་ཡིན་པའི་ཁར་ཀླུང་ལྷ་ཤིང་ཕོ་སྟག་གིས་ཤིང་ལོ་ལྗང་ཁུའི་ན་བཟའ་གསོལ་བས། ལོ་རེས་བྱི་འབྲུག་སྤྲེལ་གསུམ་གང་རུང་ཡིན་པའི་སྐྱེ་བོ་དག་གིས་རང་ཉིད་གནས་ཡུལ་དབུས་སུ་བྱས་ཏེ་ཤར་ཕྱོགས་སུ་ཀླུང་སྐྱེད་དར་ལྕོག་ཁ་དོག་ལྗང་ཁུ་ཅན་བསྒྲེངས་ན་ཁ་ལས་ཀླུང་རྟ་དར་བ་དང་ཁ་རྗེ་དབང་ཐང་རྒྱས་པའི་གསོས་སུ་འགྱུར་བར་འདོད་དོ། །
ཀླུང་ལྷ་སྡེ་བཞི་ནི། མཛད་པ་བོ་སུ་ཡིན་མི་གསལ་བའི་དཔེ་རྙིང་བྲིས་མ༼ཀླུང་རྟའི་ཀྭ་འཛུགས་བསོད་ནམས་དཔུང་བསྐྱེད༽ཅེས་བྱ་བར། སྟག་སེང་ཁྱུང་འབྲུག་འདིར་ཡང་སྐྱེད། ཀུན་འདུས་སརྦ་འདུ་འདུ་ཧོཿ ཞེས་དང་། ཀུན་མཁྱེན་འཇིགས་མེད་དབང་བོས་མཛད་པའི་ཀླུང་སྐྱེད་བསྡུས་པ༼རྨད་བྱུང་བྱིན་རླབས་མ༽ལས། སྟག་སེང་ཁྱུང་འབྲུག་བཞི་དང་འགྲོགས་པ་ཡི། །ཀླུང་རྟའི་དགེ་མཚན་ཕུལ་དུ་བྱུང་བ་ཡིས། །ཞེས་གསུངས་པ་ལྟར། ས་ལ་རྒྱུ་བའི་སྟག་སེང་གཉིས་དང་མཁའ་ལ་རྒྱུ་བའི་ཁྱུང་འབྲུག་གཉིས་བཅས་ལ་ཀླུང་ལྷ་སྡེ་བཞི་ཟེར་ཞིང་། དེའི་ཁར་ནམ་མཁའི་ཁམས་སམ་འབྱུང་བ་ལྕགས་མཚོན་བྱེད་དུ་རྟ་མཆོག་བསྣན་པ་ལ་ཀླུང་ལྷ་སྡེ་ལྔ་ཞེས་ཀྱང་བྱ་ལ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི༼རླུང་རྟ་གསོ་བ་དཔལ་གྱི་འཕན་རྨང་བརྗེ་བའི་གཏོ༽ཞེས་བྱ་བར། ལུགས་འདིའི་ལྕགས་དང་ནམ་མཁའི་ཁམས་གཅིག་པ་དང་། ཤིང་དང་རླུང་དོན་འདྲ་བར་གསུངས་འདུག་པས། ཞེས་གསུངས་པས། འབྱུང་བ་ཆུང་ངུ་ཤིང་གིས་འབྱུང་བ་ཆེན་པོ་རླུང་མཚོན་པ་དང་། འབྱུང་ཆུང་ལྕགས་ཀྱིས་འབྱུང་ཆེན་ནམ་མཁའ་མཚོན་པ་གོང་དུ་བཤད་ཟིན་པ་ལྟར་ཏེ། ཀླུང་ལྷ་སྟག་ནི་མཚོན་བྱ་འབྱུང་བ་རླུང་གི་ཁམས་མཚོན་བྱེད་དང་། སེང་གེ་ནི་མཚོན་བྱ་འབྱུང་བ་སའི་ཁམས་མཚོན་བྱེད་དང་། ཁྱུང་ནི་མཚོན་བྱ་འབྱུང་བ་མེའི་ཁམས་མཚོན་བྱེད་དང་། འབྲུག་ནི་མཚོན་བྱ་འབྱུང་བ་ཆུའི་ཁམས་མཚོན་བྱེད་དང་། རྟ་མཆོག་ནི་མཚོན་བྱ་འབྱུང་བ་ནམ་མཁའི་ཁམས་མཚོན་བྱེད་ཡིན་ཞིང་། རི་རྩེའམ་ཁང་ཐོག་ཏུ་སྲོག་ཆགས་དེ་དག་གི་རི་མོ་དཔར་བའི་ཀླུང་སྐྱེད་དར་ལྕོག་འཛུགས་པ་དང་ཀླུང་རྟའི་ཙ་ཀ་ལི་དགུང་དུ་སྤུར་བའི་རྟེན་འབྲེལ་གྱི་བཅོས་ཀ་ལ་བརྟེན་ནས་ཕྱི་ནང་གི་འབྱུང་ཁམས་རྒུད་པ་དང་ཀླུང་རྟ་ཉམས་པ་གསོ་སྐྱེད་བགྱི་ཐུབ་པར་འདོད་དོ། །
གསུམ་པ། འཕྲག་ལྷའི་ལྷ་འཁོར་སུམ་བརྒྱ་དྲུག་ཅུའི་གྲས་ཀྱི་སྟག་གི་སྐོར།
འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི༼ཕན་བྱེད་ཀྱི་གཏོ་ཐབས་སྣ་ཚོགས་པ་བཀྲ་ཤིས་སྒོ་མང༽ཞེས་བྱ་བར། སྐྱེས་བུའི་འཕྲག་ལྷ་བྱ་བ་དེ། །མི་དཀར་དུང་གི་གོ་མཚོན་ཅན། །ཕྱག་ན་རྒྱལ་མཚན་མདུང་དར་བསྣམས། །བྱ་རྒྱལ་ཁྱུང་གི་རྟ་ལ་ཆིབས། །གཟི་བརྗིད་ཉི་མ་འབུམ་ལྟ་བུས། །ཕ་རོལ་རྒོལ་བ་ཟིལ་གྱིས་གནོན། །དགྲ་བླ་ཝེར་མ་འབུམ་གྱིས་བསྐོར། །གཞན་ཡང་རྩ་གསུམ་དམ་ཅན་དང་། །འགོ་བའི་ལྷ་ཚོགས་སྤྲིན་ལྟར་གཏིབས། །ཞེས་གསུངས་པ་ལྟར། ཕྲག་ལྷའམ་འཕྲག་ལྷ་ནི། སྐྱེས་པའི་ཕྲག་པ་གཡས་དང་བུད་མེད་ཀྱི་ཕྲག་པ་གཡོན་པའི་སྟེང་ན་གནས་ཤིང་། མཐུན་རྐྱེན་ལེགས་ཚོགས་མཐའ་དག་དབང་དུ་འདུ་བར་བྱེད་ཅིང་། གནོད་བྱེད་གདོན་བགེགས་ཀྱི་རིགས་མ་ལུས་པ་ཕྱིར་བཟློག་པ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན་པའི་མཐུ་སྟོབས་དང་ནུས་པ་ཅན་གྱི་ལྷ་ཞིག་སྟེ། མཚལ་གྱི་ཐིག་ལེ་བཀྲ་བའི་དམར་ཡག་སྟག་དེ་འཕྲག་ལྷའི་ལྷ་འཁོར་སུམ་བརྒྱ་དྲུག་ཅུའི་གྲས་ཤིག་ཏུ་ངོས་འཛིན་སྲོལ་ཡོད་པ་ནི། ཡིག་ཚང་གི་མཚན་བྱང་ལ།༼བཀའདི་ནི་ཆབ་ནག།སྲིད་པ་རྒྱུད་ཀྱི་སྒྲ་བླ། མཐེུན་ཝེརཾའི་ལྷོགས་རྣཾས་དང་། སྒྲ་བླའི་བསྐོར་ཆེན་བཅྭོ་བརྒྱད་ཀྱི་ལྷོགས་རྣཾས་དང་། ཡུལ་ས་གཉན་གྱི་སྡེ་ཚོགས་རྣཾས་ལ། གསོལ་མཆོད་བྱེད་པའི་སྔོན་འགྲོའི་ཆང་ཕུད་བདུད་རྩིའི་ཆུ་རྒྱུན་འཕྲིན་ལས་ཀུན་བསྒྲུབས་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགསོ།།༽ཞེས་བྱ་བ་ལས། འཕྲག་ལྷ་སྟག་ལྷ་གཡག་ལྷ། ལྷ་རྟ་རྔམས་པའི་ཁ་ལ་མེ་འབར་བ། ལྷ་གཡག་ཤམ་པའི་རྭ་ལ་དུད་པ་འཐུལ་བ། འཕྲག་ལྷའི་ལྷ་འཁོར་སུམ་བརྒྱ་དྲུག་ཅུ། ཞེས་འཁོད་པས་ཤེས་ནུས་ཤིང་། འཕྲག་ལྷ་སྟག་ལྷ་གཡག་ལྷ་ཞེས་པའི་སྟག་ལྷ་ནི་གནའ་བོའི་དུས་སུ་རོང་བ་རྣམས་ཀྱིས་གཙོ་བོར་བཀུར་བའི་འཕྲག་ལྷའི་འཁོར་གྱི་ལྷ་ཞིག་དང་། གཡག་ལྷ་ནི་སྤྱང་བའམ་འབྲོག་པ་རྣམས་ཀྱིས་གཙོ་བོར་བཀུར་བའི་འཕྲག་ལྷའི་འཁོར་དུ་གཏོགས་པའི་བླ་ཟོག་གམ་ལྷ་སྲུང་གི་རིགས་གལ་ཆེན་ཞིག་གོ། །
བཞི་བ། ལོ་འགོ་སྟག་གི་ཟླ་བ་ནས་འཛིན་པའི་སྐོར།
རྩིས་རམས་པ་བསམ་འགྲུབ་རྒྱ་མཚོའི༼སྐར་རྩིས་ཀུན་འདུས་ནོར་བུ༽ལས། ལོ་རེའི་ཟླ་བ་བཅུ་གཉིས་ལས། །གང་དང་གང་ལས་ལོ་ཡི་འགོ། །འཛིན་ཚུལ་མི་འདྲ་མང་ན་ཡང་། །སོ་སོར་ལུང་རིགས་ཁུངས་དང་བཅས། །ཞེས་གསུངས་པ་ལྟར། སྐར་རྩིས་རིག་པ་འཕེལ་རྒྱས་སུ་ཕྱིན་པའི་ལོ་རྒྱུས་བརྒྱུད་རིམ་ཁྲོད་དུ་ལོ་གཅིག་གི་ལོ་འགོ་ཟླ་བ་གང་ནས་འཛིན་པའི་ཐད་ལ་རྩིས་ལུགས་མི་འདྲ་བ་མང་བོ་བྱུང་སྣང་ཡང་། མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི༼ཕུག་ལུགས་རྩིས་ཀྱི་ལེགས་བཤད་མཁས་པའི་མགུལ་རྒྱན་བཻ་ཌཱུར་དཀར་བོའི་དོ་ཤལ་དཔྱོད་ལྡན་སྙིང་ནོར༽ཞེས་བྱ་བ་ལས། དཔྱིད་ཟླ་ར་བ་སྟག་གིས་ཐོབ། །གྲ་འདོན་གཅན་གཟན་ཐམས་ཅད་འཇུག །ལྕགས་ཀྱིས་གཅོད་ཀྱི་ལས་རྣམས་བྱེད། །དེ་ཕྱིར་ལྕགས་དབུགས་དཔྱིད་ནས་ལེན། །ཞེས་གསུངས། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི༼ཕུག་ལུགས་རྩིས་ཀྱི་བསྟན་བཅོས་ལེགས་པར་བཤད་པ་རིགས་ལྡན་མཆོད་པའི་འོད་སྣང༽ཞེས་བྱ་བར། གཞན་ཡང་བོད་ཀྱི་ནག་རྩིས་ལ། །ཧོར་གྱི་ཟླ་བ་བཅུ་གཅིག་པ། །དཔྱིད་ར་སྟག་གི་ཚེས་གཅིག་སྟག །ནམ་ལངས་ཡོས་ནས་ལོ་མགོ་འཛིན། །ཞེས་དང་། དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ་གྱི༼རྩིས་ཀྱི་མན་ངག་རྨད་བྱུང་ཨུཏྤལ་སྔོན་པོའི་དོ་ཤལ་དཔྱོད་ལྡན་བློ་གསལ་དགྱེས་པའི་དགའ་སྟོན༽དུ། དེ་ལ་དཔྱིད་ར་བགྲངས་པའི་སྐབས། །མི་འདྲའི་ལོ་འགོ་གསུམ་བྱུང་ཡང་། །ཁུངས་ལྡན་རྒྱུད་དང་མཁས་པའི་གཞུང་། །ཀུན་ལས་དཔྱིད་ར་རྒྱལ་ཟླས་མཛད། །ཅེས་གསུངས་ཤིང་། གཞུང་དེ་ཉིད་དུ་གཞུང་གཞན་ལུང་དྲངས་པར། དཔྱིད་ཟླ་ར་བ་གང་ཡིན་པ། །ང་ལ་མ་དྲི་རྒྱལ་ལ་དྲིས། །ཞེས་དང་། ༼རྩ་རྒྱུད་ཉི་མ་ཟེར་འཕྲེང༽ཞེས་བྱ་བ་ལུང་དྲངས་པར། དཔྱིད་ཟླ་ར་བ་སྟག་གིས་ཐོབ། །དེ་ནི་སྐར་མ་རྒྱལ་གྱི་དུས། །ཞེས་རྒྱལ་ཟླ་སྟེ་ཧོར་ཟླ་བཅུ་གཉིས་པ་དཔྱིད་ཟླ་ར་བ་སྟག་གི་ཟླ་བར་བརྩི་ཞིང་ཟླ་བ་དེ་ཉིད་ལོ་གཅིག་གི་ལོ་འགོར་འཛིན་པར་གསུངས་པ་ལྟར། མདོ་སྨད་ཕྱོགས་སུ་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་བོད་ལོའི་ལོ་སར་གྱི་དུས་ཆེན་དུ་བརྩི་སྲོལ་ད་ལྟའི་བར་མ་ཉམས་པར་མཆིས་ཤིང་། ཟླ་བ་དེར་དགུན་བོད་ལོའི་ཟླ་བའམ་ལོ་རྙིང་གི་ཟླ་བ་ཟེར། གཙང་ཕྱོགས་ཀྱི་སོ་ནམ་ལོ་སར་ཟེར་བའང་དོན་གྱིས་དེ་དང་གཅིག་མཚུངས་ཡིན་པར་ངེས། ཧོར་ཟླ་བཅུ་གཅིག་པ་དང་བཅུ་གཉིས་པ་སོ་སོར་ལོ་འགོར་འཛིན་པའི་ལུགས་གཉིས་ནི་འབྱུང་རྩིས་སམ་ནག་རྩིས་ལ་ལུགས་གསར་རྙིང་གཉིས་བྱུང་བ་ལས་འབྱུང་རྩིས་རྙིང་མའི་ལུགས་ཡིན་ཞིང་། འབྱུང་རྩིས་གསར་མའི་ལུགས་ནི། ༼ཕུག་ལུགས་རྩིས་ཀྱི་བསྟན་བཅོས་ལེགས་པར་བཤད་པ་རིགས་ལྡན་མཆོད་པའི་འོད་སྣང༽ལས། དེང་དུས་རྒྱ་ནག་ཧྭང་ལི་དང་། །མཐུན་པའི་ལག་ལེན་རྩིས་རྒྱུན་ལ། །ཧོར་ཟླ་ཐ་མ་རྒྱལ་ཟླ་ནས། །འདས་ཟླ་བསྲེ་བ་མ་གཏོགས་པ། །ལོ་སར་ཧོར་ལུགས་གཞིར་བཞག་ཅིང་། །སྟག་ཟླའང་འདི་ཉིད་ཁོ་ནར་གྲགས། །ཞེས་གསུངས་པ་ལྟར་ཏེ། ཧོར་ཟླ་དང་བོ་མཆུ་ཟླ་བ་དཔྱིད་ར་སྟག་གི་ཟླ་བར་ངོས་འཛིན་པ་ནི། ༼གསོ་རིག་རྒྱུད་བཞིའི་ཕྱི་མ་རྒྱུད༽ལས་ཀྱང་། དཔྱིད་དང་དབྱར་སྟོན་དགུན་བཞི་དུས་མཚམས་ལྔ། །དཔྱིད་ཟླ་གསུམ་ནི་ཤིང་རྩི་ཁ་འབུས་དུས། །རྟ་བ་དབོ་དང་ནག་པས་ནམ་ཚོད་འཛིན། །བྱི་འུ་ཅོ་ག་རང་སྐད་འབྱིན་པའི་དུས། །ཞེས་གསུངས་པ་ལྟར་ཏེ། འདིར་རྟ་བ་ཞེས་པ་གནའ་སྔ་མོ་དུས་འཁོར་ལུགས་ཀྱི་སྐར་རྩིས་བོད་ལ་མ་དར་གོང་དུ་རྒྱུ་སྐར་ཉེར་བརྒྱད་ལས་མཆུ་དང་གྲེ་གཉིས་ལ་རྟ་ཆེན་དང་རྟ་ཆུང་ཟེར་བ་ལས་ཉ་སྐར་རྟ་ཆེན་ཏེ་མཆུ་ལ་གོ་དགོས་སོ། །
དུས་ཀྱི་ཡ་མཐའ་དཔོག་པར་དཀའ་བའི་གནའ་སྔ་མོ་ཞིག་ནས་མདོ་དབུས་མཐོ་སྒང་དུ་གཉུག་མར་གནས་པའི་རོང་བ་དང་སྤྱང་བ་རྣམས་ཀྱིས་ཧོར་ཟླ་དང་བོ་བྱ་ཟླ་དང་གཉིས་པ་ཁྱི་ཟླ་གསུམ་པ་ཕག་ཟླ་ཞེས་རིམ་པ་བཞིན་དུ་ཟླ་བ་བཅུ་གཉིས་པོ་བརྩི་བའི་སྲོལ་ད་ལྟའི་བར་མ་ཉམས་པ་ལྟར་ན་ཧོར་ཟླ་དྲུག་པ་སྟག་གི་ཟླ་བ་ཡིན་ཞིང་། ལོ་འགོ་ཧོར་ཟླ་དང་བོ་བྱ་ཟླ་ནས་འཛིན་པ་ཡིན་ནོ། །
ལྔ་བ། སའི་སྲུང་བཞིའི་ནང་གི་སྟག་གི་སྐོར།
ས་དཔྱད་ཀྱི་གཞུང་རྣམས་སུ་བཤད་པའི་སའི་ཕྱི་ཡི་སྲུང་བཞི་ནི། རྩོམ་པ་བོ་སུ་ཡིན་མི་གསལ་བ༼ས་དཔྱད་ཀུན་ཚངས་བྱེ་མ་བརྡལ་སྤུངས་དང་མཆོད་རྟེན་ས་དཔྱད་བཞུགས་སོ།།༽ཞེས་བྱ་བར། ཤར་གྱི་སྟག་སྐྱ་བོ་ལམ་ཡིན། ལྷོ་གཡུ་འབྲུག་སྔོན་པོ་ནི་ཆུ་ལྷོ་ནས་བྱང་དུ་འབབ་པ་ཡིན། ནུབ་བྱ་དམར་བོ་ནི་རི་དང་བྲག་དམར་བོ་ཡིན། བྱང་རུས་སྦལ་རྒྱ་བོ་བྲག་ལ་ཟེར་བ་ཡིན། ཞེས་པ་ལྟར་ལ། ནང་གི་སྲུང་བཞི་ནི། རཱ་ག་ཨ་སྱེས་མཛད་པའི༼ས་དཔྱད་རིན་ཆེན་ཀུན་འདུས༽ལས། དེ་ནས་ནང་གི་ས་དཔྱད་ནི། །སྒོ་ནི་ཤར་དུ་བརྩིགས་པ་ཡིས། །སྒོ་ཐེམ་ཤར་གྱི་སྟག་སྐྱ་བོ། །ཆུ་ར་ལྷོ་རུ་བཞག་པ་ཡིས། །ལྷོ་ཡི་གཡུ་འབྲུག་སྔོན་མོ་ཡིན། །ཐབ་ཀ་ནུབ་བཅས་བྱ་དམར་བོ། །རང་འཐག་བྱང་བཙུགས་རུས་སྦལ་ཡིན། །ཞེས་པ་ལྟར་ཏེ། ས་དཔྱད་ཀྱི་གཞུང་གི་བརྗོད་བྱ་སའི་ཕྱི་ནང་གི་སྲུང་བཞིའི་ནང་ན་དམར་ཡག་སྟག་ཡོད་དོ། །
དེ་དང་མཚུངས་པར། གནམ་ས་སྣང་བརྒྱད་ཀྱི་གླེང་གཞི༼ས་བདག་བཤགས་འབུམ༽ཞེས་བྱ་བར། ཤར་གྱི་ས་བདག་སྟག་སྐྱ་བོ་དང༌། ལྷོའི་ས་བདག་གཡུ་འབྲུག་སྔོན་པོ་དང༌། ནུབ་ཀྱི་ས་བདག་བྱ་དམར་བོ་དང༌། བྱང་གི་ས་བདག་རུས་སྦལ་རྒྱ་བོ་དང༌། དབུས་ཀྱི་ས་བདག་གསེར་སྤྲེལ་སེར་བོ་དང༌། སྟེང་གི་ས་བདག་གྱི་ལིང་འཕར་མ་དང༌། འོག་གི་ས་བདག་ཙང་ཀུན་འཕྱེ་བོ་དང༌། ས་བདག་ཐེ་སེ་ཆེན་པོ་དང༌། ས་འཛིན་ལག་པ་ཆེན་པོ་དང༌། ས་ཕྲུ་གང་དང༌། ཤིང་ལྕགས་ཡུ་ཙམ་ལ་གནས་པའི་ལྷ་ཀླུ་གཉན་དང༌། ས་བདག་རྣམས་སྤྱན་འདྲེན་ནོ། །ཞེས་དང་། ༼འཕགས་པ་གནམ་ས་སྣང་བརྒྱད༽ཅེས་བྱ་བར། གཞན་ཡང་ས་བདག་གི་རྒྱལ་བོ་ཤྲཱི་ཧྲི་དྷ་བ་ཅན་དང༌། ཕག་མགོ་ཅན་དང༌། ས་འཛིན་ལག་པ་ཆེན་པོ་དང་། སའི་ལྷ་མོ་བརྟན་མ་དང༌། ཤར་ཕྱོགས་ན་ས་བདག་ཐེ་སེ་དང༌། ལྷོ་ཕྱོགས་ན་ས་བདག་གཙང་ཀུན་དང༌། ནུབ་ཕྱོགས་ན་ས་བདག་ཧང་ཕན་དང༌། བྱང་ཕྱོགས་ན་ས་བདག་བེའུ་བྱིན་དང༌། ཤར་གྱི་སྟག་སྐྱ་བོ་དང༌། ལྷོའི་འབྲུག་སྔོན་པོ་དང༌། ནུབ་ཀྱི་བྱ་དམར་བོ་དང༌། བྱང་ཕྱོགས་ཀྱི་རུས་སྦལ་སེར་བོ་དང༌། ཤར་ལྷོ་མཚམས་ཀྱི་པི་ལིང་འཕར་མ་དང༌། བྱང་ཤར་མཚམས་ཀྱི་ས་བདག་གསེར་ཉེ་བོ་དང༌། ནུབ་བྱང་མཚམས་ཀྱི་ས་བདག་ཏྲད་པ་མི་བོ་ཆེ་དང༌། ལྷོ་ནུབ་མཚམས་ཀྱི་ས་བདག་གྲུབ་སྙན་ལག་པ་ཅན་དང༌། ཤར་གྱི་ས་བདག་འཁོར་ནག་པོ་ཅན་དང༌། ལྷོའི་ས་བདག་བ་དན་སེར་བོ་ཅན་དང༌། ནུབ་ཀྱི་ས་བདག་གཟིག་གི་མཇུག་མ་ཅན་དང༌། བྱང་གི་ས་བདག་ཟེ་བ་ཅན་ལ་སོགས་ཏེ། ས་བདག་གི་རྒྱལ་བོ་དེ་རྣམས་ཀྱང་ཡོན་བདག་དང་མཐུན་པར་གྱུར་ཅིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ཞེས་ས་དཔྱད་ཀྱི་གཞུང་དུ་བཤད་པའི་སའི་ཕྱི་ནང་གི་སྲུང་བཞི་དེ་འབྱུང་བ་ཆེན་པོ་བཞི་ལ་དབང་བྱེད་པའི་ས་བདག་དང༌། ཆུ་བདག་དང༌། མེ་བདག་དང༌། རླུང་བདག་ཏུ་གྱུར་པའི་ལྷ་ཀླུ་གཉན་གསུམ་མཐུ་བོ་ཆེ་རྣམས་ལས་ས་བདག་གི་གྲས་སུ་བགྲང་འདུག་པས། དམར་ཡག་སྟག་ནི་ས་བདག་གི་རྒྱལ་བོའི་རིགས་སུ་གྱུར་པའི་ལྷ་ཞིག་ཀྱང་ཡིན་པ་ཤེས་པར་བྱ་བ་ནི་སྐབས་བབ་ཀྱི་དོན་ནོ། །
དྲུག་པ། སྒྲ་བླའམ་དགྲ་ལྷ་སྟག་གི་སྐོར།
དགྲ་བླའམ་དགྲ་ལྷ་ནི་དགྲ་བོའི་བླ་ལ་དབང་བྱེད་པའམ་དགྲ་འཐབ་ཀྱི་ལས་ལ་མགོན་སྐྱོབ་བྱེད་པའི་ལྷ་ཞིག་སྟེ། ཡིག་ཚང་རྙིང་བ་རྣམས་སུ་དེ་ལ་སྒྲ་བླ་ཞེས་ཀྱང་འབྱུང་བར་མཁས་པ་རྣམས་ཀྱིས་འགྲེལ་བརྗོད་བྱེད་སྟངས་མི་འདྲ་བ་མཐོང་མོད་ཀྱང་། དཔེ་རྙིང་བྲིས་མ་རྣམས་སུ་ཡི་གེའི་སྔོན་འཇུག་མགོ་ཅན་དུ་བསྒྱུར་བ་དང་མགོ་ཅན་སྔོན་འཇུག་ཅན་དུ་བསྒྱུར་ནས་འབྲི་སྲོལ་དར་ཆེ་བ་དང་། མགོ་ཅན་ར་ལ་ས་གསུམ་ཅི་བདེར་བྲིས་པའང་གང་མང་མཐོང་དུ་ཡོད་པ་ནི་ཡིག་མཁན་གྱིས་འབྲི་དཀའ་སླར་དམིགས་པ་ཙམ་ལས་རྒྱུ་མཚན་གཞན་བཤད་དུ་མེད་པར་སྙམ་ལ། སྒྲ་བླའམ་དགྲ་ལྷ་ཞེས་པ་ཕྱིས་ཀྱི་ཡིག་ཚང་རྣམས་སུ་དགྲ་བླའམ་དགྲ་ལྷ་ཞེས་སུ་རིམ་འགྱུར་བྱུང་བ་ནི། དགྲ་བོའི་བླ་ཚེ་སྲོག་གསུམ་ལ་དབང་བསྒྱུར་བའི་ལྷ་དང་དགྲ་འཐབ་ཀྱི་ལས་ལ་མགོན་སྐྱབས་དང་དཔུང་གཉེན་བྱེད་པའི་ལྷ་གཉིས་གཅིག་ཏུ་ངོས་བཟུང་བའམ། ཡང་ན་དགྲ་བོའི་བླ་ལ་དབང་བྱེད་པའི་ལྷ་ཞེས་པ་ཚིག་སྡུད་བྱེད་སྟངས་མ་འདྲ་བའི་དབང་གིས་ཡི་གེར་འགོད་སྟངས་མི་འདྲ་བ་བྱུང་བ་གང་ཡིན་བརྟག་གོ།།
གནའ་སྔ་མོ་ནས་སྟག་ནི་སྒྲ་བླའམ་དགྲ་བླ་ཞིག་ཏུ་ངོས་འཛིན་བྱེད་སྲོལ་ཡོད་པ་ནི། ༼བཀའདི་ནི་ཆབ་ནག། སྲིད་པ་རྒྱུད་ཀྱི་སྒྲ་བླ། མཐེུན་ཝེརཾའི་ལྷོགས་རྣཾས་དང་། སྒྲ་བླའི་བསྐོར་ཆེན་བཅྭོ་བརྒྱད་ཀྱི་ལྷོགས་རྣཾས་དང་། ཡུལ་ས་གཉན་གྱི་སྡེ་ཚོགས་རྣཾས་ལ། གསོལ་མཆོད་བྱེད་པའི་སྔོན་འགྲོའི་ཆང་ཕུད་བདུད་རྩིའི་ཆུ་རྒྱུན་འཕྲིན་ལས་ཀུན་བསྒྲུབས་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགསོ།།༽ཞེས་བྱ་བ་ལས། རྡོང༼ལྡོང༽གི་སྒྲ་བླ་ཐོག་འབྲུག་གློག་གསུམ། སྒོའི་སྒྲ་བླ་སྒོ་ལྷ་སྟག་གཡག། སྦྲའི་སྒྲ་བླ་སྦྲ་མོ་སྦྲ་ཁྲའ། འབྲུའི་སྒྲ་བླ་ལྷ་གཡག་ཤམ་པོ། རྒའི༼སྒའི༽སྒྲ་བླ་སྐརཾ་ལི་ཕྲོམ། ཞེས་འབྱུང་བས་ཤེས་ཐུབ་པོ། །
བདུན་པ། ལོ་རེས་སྟག་གིས་སྣོད་བཅུད་ཀྱི་བདེ་སྡུག་ལེགས་ཉེས་ཅི་ཞིག་མཚོན་པའི་སྐོར།
ལོ་རེས་སྟག་གིས་ཕྱི་རོལ་སྣོད་ཀྱི་འཇིག་རྟེན་གྱི་དར་གུད་དང་ལེགས་ཉེས་མཚོན་ཚུལ་མདོ་ཙམ་ནི། ༼ཕུག་ལུགས་རྩིས་ཀྱི་ལེགས་བཤད་མཁས་པའི་མགུལ་རྒྱན་བཻ་ཌཱུར་དཀར་བོའི་དོ་ཤལ་དཔྱོད་ལྡན་སྙིང་ནོར༽ལས། སྟག་ལོ་ས་བདག་བློན་ལ་གནས། །གནག་ལེགས་བྱང་ནས་མཐའ་མི་འཇུག །མུ་གེ་འབྱུང་ལ་ལུག་རྣམས་ཉེས། །དབྱར་ཐ་སྟོན་ར་ཆུ་ནི་དཀོན། །སོ་ཟར་བཙོན་ལ་བྲ་སྲན་རློན། །འབངས་ངན་རྒྱལ་བོས་རྒྱལ་ས་ཟིན། །ལྷོར་བཀྲེས་པ་དང་ཆར་བ་ཆེ། །ཇུ་ཙེ་རྒྱལ་བ་འོང་ཞེས་བཤད། །ཅེས་སོ། །ཞིབ་པར་འབྱུང་བ་ལྔ་བོ་སོ་སོར་སྦྱར་ནས་ཅུང་ཞིབ་པར་བསྟན་འདུག་པ་གཞུང་དེ་དང་རྩིས་གཞུང་གཞན་རྣམས་སུ་གསལ་བ་ལས་ཤེས་པར་བྱའོ། །
ལོ་རེས་དེས་ནང་བཅུད་འགྲོ་བ་མི་རྣམས་ཀྱི་གཤིས་སྤྱོད་དང་བདེ་སྡུག་སོགས་མཚོན་ཚུལ་ལྷ་མོ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི༼ཀེག་རྩིས་སོགས་ཀྱི་རྡེལ་འགྲེམ་དཔག་བསམ་ལྗོན་ཤིང་གི་འབྲས་བཤད་ནག་འགྲོས་སུ་བཀོད་པ་འདོད་དགུའི་གཏེར་གྱི་བང་མཛོད༽ཅེས་བྱ་བར། སྟག་གི་ལོ་ལ་སྐྱེས་པ་རྣམས་དཔའ་རྩལ་ཆེ་ཞིང་ཤེས་པ་བཀྲ། སྙིང་སྟོབས་ཆེ་ལ་སྤྱོད་ལམ་རྩིང་། བློ་མང་ཞིང་ཚོང་ལ་དགའ། ཞེས་ལོ་རེས་སྟག་ཅན་རྣམས་ཀྱི་ཐུན་མོང་བའི་སྤྱི་ཆོས་མདོར་བསྡུས་སུ་བསྟན་ཅིང་། བྱེ་བྲག་འབྱུང་ཁམས་མི་འདྲ་བ་ཤིང་མེ་ས་ལྕགས་ཆུ་བཅས་ཀྱི་སྟག་སྡེ་ལྔ་ལ་གོང་སྨོས་ཐུན་མོང་བའི་སྤྱི་ཆོས་ལྡན་པའི་ཁར་སོ་སོར་ཐུན་མིན་གྱི་སྒེར་ཆོས་ཀྱང་ལྡན་ཚུལ་ཅུང་ཞིབ་ཙམ་བསྟན་འདུག་པ་འདིར་ཡིག་ཚོགས་ལ་འཇིགས་ཏེ་མ་དྲངས་ལ། གལ་སྲིད་ཞིབ་པར་ཤེས་འདོད་པའི་བློ་གསར་བུ་རེ་ཟུང་མཆིས་ན་གཞུང་དེའམ་ཡང་ན་འབྱུང་རྩིས་ཀྱི་གཞུང་གཞན་དག་ལས་ཤེས་པར་བྱའོ། །
མདོ་སྨད་ལྷོ་རྒྱུད་ཀྱི་ཕྱོགས་འདིར་ནམ་རྒྱུན་འཚོ་བའི་ཁྲོད་དུ་ཡུལ་ལྷ་གཞི་བདག་གི་ལ་བཙས་གསར་དུ་བསྟོད་པ་དང་། དཔའ་མཁར་བརྩིགས་པ། བུམ་གཏེར་རྒྱག་པ། གཏོར་ཟོར་འཕེན་པ། གྲི་འདུལ་དང་དགྲ་བྲུབ། བླ་དཔོན་ལ་བཅིབ་བསུ་བྱེད་པ། སྔོན་ཚེ་དམག་དང་ཇག་གི་རུ་སྣ་འདྲེན་པ་སོགས་ཀྱི་སྐབས་སུ་ལོ་རེས་སྟག་ཅན་གྱི་བུ་ཕོ་ལ་དམིགས་བསལ་ཆེ་མཐོང་སྤྲད་དེ་འོས་འགན་གཙང་སྒྲུབ་བྱེད་དུ་འཇུག་པའི་སྲོལ་མཆིས་པའང་། སྟག་དགྲ་བླའམ་དགྲ་ལྷར་བཀུར་སྲོལ་ཡོད་པ་དང་། རྩིས་གཞུང་དུ་ལོ་རེས་དེ་ལྡན་གྱི་གང་ཟག་དཔའ་ཞིང་རྟུལ་ཕོད་པ་དང་། སྙིང་སྟོབས་ཆེ་བ།རྩལ་དྲུག་འཛོམས་པ། བློ་རིག་བཀྲ་བ། འཇིགས་པ་མེད་པར་བཤད་སྲོལ་ཡོད་པའི་རྐྱེན་གྱིས་ཡིན་ནོ། །
བརྒྱད་པ། ཡིག་རྩོམ་དང་ངག་རྩོམ་གཉིས་ལས་སྟག་གི་མཚོན་དོན་གཙོ་བོ།
ལོ་རེས་སམ་ལོ་བརྙན་བཅུ་གཉིས་ནང་གི་སྟག་ནི་རང་བྱུང་ཁམས་ཀྱི་གཅན་གཟན་དམར་ཡག་སྟག་གིས་མ་གདན་བྱས་པའི་སྒྱུ་རྩལ་གྱི་སྣང་བརྙན་ཞིག་དང་། ལྷ་གཉན་དུ་སྒྲོ་བཏགས་པའི་རང་བྱུང་ཁམས་ཀྱི་གསང་བ་ལྐོག་གྱུར་གྱི་སྟོབས་ཤུགས་མཚོན་བྱེད་ཅིག་ཡིན་པས། བོད་པའི་གནའ་དཔེ་སྙན་ངག་གམ་གནའ་དཔེ་རྩོམ་རིག་བརྩམས་ཆོས་སྤྱི་དང་། སྒོས་སུ་དཔའ་བོའི་བྱུང་བ་བརྗོད་པའི་ལོ་རྒྱུས་སྙན་རྩོམ་རིང་མོ༼གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང༽གིས་མཚོན་པའི་དམངས་ཁྲོད་རྩོམ་རིག་ཏུ་གྲགས་པའི་ངག་རྩོམ་རྣམས་སུ་སྟག་བརྗོད་བྱ་བྱས་པ་ཤིན་ཏུ་མང་ཞིང་། སྒྲུང་དང་གཏམ་རྒྱུད་གླུ་གཏམ་དཔེ་བཤད་པ་སོགས་རྩོམ་གྱི་རིགས་མི་འདྲ་བའི་རྩོམ་རིག་བརྩམས་ཆོས་རྣམས་སུ་དམར་ཡག་སྟག་ནི་འགྲན་ཟླ་བྲལ་བའི་དཔའ་རྩལ་དང་སྟོབས་ཤུགས་མཚོན་བྱེད་ཀྱི་དཔེ་འཇོག་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་ཞིབ་ཏུ་སྤྲོས་ན་ཉོག་འགྲོ་བས་འདིར་ཁ་བྱང་ཙམ་གྱིས་འཐུས་པར་བྱས་སོ། །
དགུ་བ། སྟག་དེ་བུ་དཔའ་བོ་མཚོན་བྱེད་ནས་རིམ་གྱིས་ལྷ་གཉན་དུ་གྱུར་པའི་སྐོར།
༼ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་རབས་ལོ་རྒྱུས་ཡིག་ཆp.t.1287XII༽ལས། བདེན་པ་ནྀ་བསྙེན། འཛངས་པ་ནྀ་བསྟོད། དཔའ་བོ་ནྀ་བཀུར། སྨོན་པར་ནྀ་བཀོལ། ཞེས་པ་ལྟར། སྒང་བ་བོད་པ་རྣམས་ལ་གནའ་སྔ་མོ་ནས་དཔའ་བོ་གོང་དུ་བཀུར་བའི་སྲོལ་རྒྱུན་མཆིས་ཤིང་། དཔའ་བོ་གཙུག་ལག་ཕྲེང་བའི༼དམ་པའི་ཆོས་ཀྱི་འཁོར་ལོ་བསྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན༽ཞེས་བྱ་བར། དཔའ་ལ་སྟག་གིས་མ་བསྟོད་ན། །དཔའ་ངར་བྱས་པའི་རུ་མ་མེད། །མཛངས་ལ་ཡིག་ཚངས་མ་བསྟོད་ན། །ཕྱིན་ཆད་མཛངས་ངན་ཤན་མི་ཕྱེད། །ལེགས་ལ་བྱ་དགས་མ་བསྟོད་ན། །སླན་ཆད་ལེགས་པ་སུ་ཡིས་བྱེད། །སྡར་མ་ཝ་ཞུས་མ་དམད་ན། །དཔའ་དང་སྡར་མ་ཤན་མི་ཕྱེད། །ཅེས་པ་ལྟར། སྲོང་བཙན་སྒམ་པོའི་སྐུ་དུས་སུ། དཔའ་བོ་ལ་སྟག་གིས་བསྟོད་པ་དང་། སྡར་མ་ཝ་ཞུ་སྟེ་ཝ་ཞྭས་སྨད་པའི་ཁྲིམས་སྲོལ་གཏན་ལ་ཕབ། སྐབས་དེའི་བོད་ཀྱི་ཁོས་སུམ་ཅུ་རྩ་དྲུག་ཅེས་པའི་ཁྲིམས་སྲོལ་དྲུག་ཚན་དྲུག་གི་ནང་གསེས་ཕྱག་རྒྱ་དྲུག་ཏུ་དཔའ་རྟགས་ཀྱི་ཕྱག་རྒྱ་སྟག་སློག་དང་། རྐྱེན་དྲུག་ཏུ་དཔའ་བོའི་རྐྱེན་དུ་གུང་དང་སྟག་སྡར་མའི་རྐྱེན་དུ་ཝ་ཞུ། དཔའ་མཚན་དྲུག་སྟེ་སྟག་སྟོད་སྟག་སྨད་གཉིས༼སྟག་སྟོད་ནི་སྟག་ལྤགས་ཀྱི་རྒྱབ་བསྙེས་དང་སྟག་སྨད་ནི་སྟག་པགས་ཀྱི་གདན་ལ་ཟེར་ཞེས་དུང་དཀར་བོད་རིག་པའི་ཚིག་མཛོད་ཆེན་མོ་ལས་གསུངས༽ཟེར་ཆེན་ཟེར་ཆུང་གཉིས་གམ་རས་སྟག་སློག་དང་དྲུག་བཅས་དྲག་པོ་གཡུལ་གྱི་ཁྲོད་ནས་བྱས་རྗེས་གཟེངས་སུ་ཐོན་པའི་དཔའ་བོ་དང་། གཡུལ་ས་ནས་བྲོས་བྱོལ་བྱས་པའི་སྡར་མ་རྣམས་ལ་བབ་འོས་ལྟར་སོ་སོའི་མཚོན་རྟགས་སུ་སྤྲོད་གནང་བྱ་རྒྱུ་གཏན་འབེབས་མཛད་འདུག་པ་ལས། ང་ཚོས་བོད་རྒྱལ་སྲོང་བཙན་སྒམ་པོའི་ཡར་སྔོན་ནས་དམར་ཡག་སྟག་དེ་བུ་དཔའ་བོ་མཚོན་བྱེད་ཀྱི་དཔེ་རུ་འཛིན་གྱི་ཡོད་པ་རྟོགས་ཐུབ་ལ། གངས་ཀྱི་ས་འཛིན་ཕྲེང་བས་ཡོངས་སུ་བསྐོར་བའི་ལྗོངས་འདིར་གནའ་སྔ་མོ་ཞིག་ནས་དཔའ་བོར་གོང་བཀུར་བླ་ན་མེད་པ་བྱེད་པའི་སྲོལ་དར་བར་མ་ཟད། དཔའ་བོ་གཡུལ་ངོར་འདས་གྲོངས་སུ་ཕྱིན་པ་ལྷ་གཉན་དུ་མཆོད་ཅིང་བཀུར་བའི་སྲོལ་བྱུང་བ་ལ་བརྟེན་ནས། དཔའ་བོ་མཚོན་བྱེད་ཀྱི་སྲོག་ཆགས་གཅན་གཟན་སྟག་དེའང་རིམ་གྱིས་ལོ་ཟླ་ཞག་དུས་མཚོན་བྱེད་དང་མི་རྣམས་ཀྱི་ལོ་རེས་མཚོན་བྱེད་ཙམ་དུ་མ་ཟད་པར། ཁོ་ཚོར་མགོན་སྐྱབས་དང་སྡོངས་གྲོགས་དཔུང་གཉེན་བྱེད་པའི་དགྲ་ལྷ་ཝེར་མ་དང་། ཀླུང་ལྷ། ས་བདག་རྒྱལ་བོ་སོགས་མི་རྣམས་ཀྱི་མོས་ངོར་གང་འདུལ་ཅིར་སྣང་གི་མཚོན་དོན་ཕུན་སུམ་ཚོགས་པ་ལྡན་པའི་མི་རིགས་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར་ཏོ་སྙམ་མོ། །
སྨྲས་པ།
འུར་གྱིས་སྐྱོམ་པའི་གར་གྱི་དོ་ར་རུ།།
སྨྱུ་གུའི་འཁྲབ་སྟོན་ཡང་དག་སྒྱུ་རྩལ་དུ།།
མཐོང་བའི་མིག་ལྡན་མང་ཉུང་ཇི་ལྟར་ཡང་།།
ངལ་བ་དོན་མེད་མིན་པའི་ཡིད་ཆེས་བརྟན།།
ཞེས་པ་ནི་སྐབས་དོན་རེ་ཞིག་མཇུག་གྲུབ་པར་བགྱིས་པའི་ཚིགས་སུ་བཅད་པའོ།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1