<<རྔ་ཆེན་རོལ་དབྱངས>>ཞེས་པའི་སློབ་ཚན་ཕྱིར་རྟོག

དབང་གྲགས་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


<<རྔ་ཆེན་རོལ་དབྱངས》ནི་སྐུ་ཞབས་ཡི་དམ་ཚེ་རིང་ལགས་ཀྱིས1985ལོའི་ཟླ5པར་བརྩམས། འགྱུར་གཉིས་ཡོད་དེ། གཅིག་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་བན་ཁོ་དང་གཞན་ཞིག་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་བོད་ཡིག་ཏུ་བསྒྱུར་བ་རེད། འདིར་བཀོད་པ་ནི་རྒན་བན་ཁོའི་འགྱུར་དེ་ཡིན།

སྙན་ངག་འདི་བརྩམས་པའི་ལོ་རྒྱུས་རྒྱབ་ལྗོངས་ནི1985ལོའི་ཟླ5པར་པེ་ཅིན་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དཔྱད་གླེང་ཚོགས་འདུ་ཞིག་བསྡུས་པ་དང་། ཚོགས་འདུའི་སྟེང་མི་རིགས་སོ་སོའི་འཐུས་མི་ཡིས་རང་གི་མི་རིགས་ཀྱི་རྩོམ་རིག་གནས་བབ་དང་མ་འོངས་པའི་དམིགས་འབེན་སོགས་ངོ་སྤྲོད་བྱས། དུས་དེར་མཚོན་ན་སོག་རིགས་དང་ཁྲའོ་ཞན་རིགས་སོགས་མི་རིགས་གཞན་གྱི་རྩོམ་རིག་ནི་བོད་རིགས་ལས་འཕེལ་རྒྱས་ཅུང་ཆེ། སྐུ་ཞབས་ཡི་དམ་ཚེ་རིང་གིས་ཀྱང་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་གོམ་ཁ་ངེས་པར་དུ་ཇེ་མགྱོགས་སུ་གཏོང་དགོས་པའི་རེ་སྨོན་བཏོན་ཅིང་འབོད་སྐུལ་བསྒྲགས། དོན་དམ་དུ་སྐབས་དེའི་བོད་ཀྱི་རྩོམ་རིག་གསར་རྩོམ་དེ་མི་རིགས་གཞན་ལས་ཅུང་ཞན་པ་ལྟར་སྣང་ཡང་སྔོན་བྱོན་མཁས་དབང་དག་གི་རྩོམ་རིག་བརྩམས་ཆོས་ནི་གཞན་ལས་མི་དམན་པའི་ལྟ་ཚུལ་བཏོན། དེར་མ་ཟད་བོད་ཀྱི་རྩོམ་རིག་གསར་བ་དེ་གཉིད་ལས་སད་པའི་སེང་གེ་བཞིན་དུ་མ་འོངས་པར་འཕེལ་རྒྱས་སུ་འགྲོ་ངེས་པའི་མདུན་ལམ་མཐོང་ཞིང་གྲུབ་འབྲས་ལེགས་པོ་ཐོན་ངེས་པའི་སྡོམ་ཚིག་བཀོད།སྙན་ངག་འདིར“ཁྲང་པེ་རི་བོའི་རྒྱ་སྟག་ཁྲ་བོའི་ངར་སྐད”ཀྱིས་ཁྲའོ་ཞན་རིགས་ཀྱི་རྩོམ་རིག་གི་གནས་བབ་མཚོན་ལ། སྙན་ངག་པ་ཁོང་གིས་ཁྲའོ་ཞན་རིགས་ཀྱི་རྩོམ་རིག་གི་འཕེལ་རྒྱས་མཐོང་བས་རང་ཅག་བོད་ཀྱི་རྩོམ་རིག་ལའང་དེ་འདྲའི་འཕེལ་རྒྱས་ཡོད་ན་ཅི་མ་རུང་སྙམ་པའི“ལ་རྒྱའི་མཚོ་མོ་དགུང་དུ་འཕྱུར”བ་དང་།“ཞི་ཧྲོང་པན་ནའི་གླང་ཆེན”གྱིས་ཏའེ་རིགས་དང་མིའོ་རིགས་སོགས་ཡུན་ནན་གྱི་མི་རིགས་གྲངས་ཉུང་གི་རྩོམ་རིག་གི་འཕེལ་རྒྱས་དགེ་མཚན་མཚོན་ལ།“རྐང་འོག་ས་གཞི་སྔངས་ཤིང་འདར”ཞེས་པའི་ཚིག་གིས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལྕི་ཞིང་གཡུར་དུ་ཟ་བས་ས་གཞི་ཡང་འདར་ཞེས་རྟོག་བཏགས་ཀྱིས་བརྗོད་པའོ། ། འདིར་བདུད་རྩི་སྨན་ལྗོངས་ཞེས་པས་ཞི་ཧྲོང་པན་ནར་རྩི་ཤིང་དང་སྐྱེ་དངོས་ཀྱི་རིགས་མང་བ་མཚོན། དེ་བཞིན་དུ“ནང་སོག་རྩྭ་ཐང་སྟེང་གི་རྟ་མཆོག་གི་འཚེར་སྐད”ཀྱིས་སྐབས་དེའི་སོག་རིགས་ཀྱི་རྩོམ་རིག་མཚོན་ལ། སྙན་ངག་པས“གློ་བུར”རམ་ཐེངས་དེར་སོག་རིགས་ཀྱི་རྩོམ་རིག་གནས་བབ་དང་འཕེལ་རྒྱས་ཀྱི་རྣམ་པ་མཐོང་། དེ་མཐོང་བ་ལ་རྐྱེན་བྱས་ཏེ་བོད་རང་གིས་ཀྱང་བརྩོན་ཤུགས་བསྐྱེད་དགོས་པའི་སྤོབས་པ་རྙེད་པ་སྟེ་གཡུ་རལ་གསིག་པའི་སེང་གེ་བཞིན་དུ་སེམས་ཀྱི་གངས་རི་ན་འཕྱོ་ཞེས་པའོ། །

ཚན་པ་བར་མའི་ཚིག་རྐང་གཅིག་པོ་དེ་ཡིས་ཐེངས་དེའི་རྩོམ་རིག་དཔྱད་གླེང་ཚོགས་འདུའི་སྟེང་མི་རིགས་སོ་སོའི་མཐུས་མི་ཡི“མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད”ཀྱི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ལ་དབྱེ་ཞིབ་བྱས་པའི་དགེ་མཚན་བརྗོད་པ་དང། མི་རིགས་སྲིད་ཇུས་ལག་བསྟར་བྱས་ཟིན་པའི་ལོ་རབས་བརྒྱད་ཅུ་བའི་སྟོད་དེ་ནི“དཔྱིད་ཀ་སླེབས་པ”ལྟ་བུའི་སྐལ་བ་བཟང་བོ་ཞིག་དང་རིགས་སོ་སོའི་རྩོམ་པ་པོའི་བརྩམས་ཆོས་ནི“དཔྱིད་ཀྱི་འཇོལ་མོ་སོགས་བྱ་དང་བྱེའུ་ཡི་སྐད”དང་འདྲ་བར་སྙན་ལ་ཡིད་དབང་འཕྲོག་པས། མི་རྣམས་ཀྱིས་བརྩམས་ཆོས་ལ་རོལ་བའམ“ཉན་པར་སྤྲོ”འོས་པ་ནི་འཇིག་རྟེན་ཆོས་ཉིད་དང་མཐུན་ཞེས་པ་སྟེ་གཙོ་བོ་དུས་ཀྱི་སྐལ་བཟང་དང་རྩོམ་རིག་གི་གྲུབ་འབྲས་ལ་བསྟོད་པའོ། །
ཚན་པ་རྗེས་མ་དེའི་མཚོན་དོན་ནི་ཚོགས་འདུའི་སྟེང་མི་རིགས་སོ་སོའི་རྩོམ་པ་པོས་རང་མི་རིགས་ཀྱི་ལོ་རྒྱུས་དང་གནས་བབ་མཚོན་པའི་སྙན་ངག་གྱེར་འདོན་བྱས་པ་ཡིན་ལ་སྐུ་ཞབས་ཁོང་གིས་ཀྱང“ཨ་མའི་སྙིང་ནས་གདམས་པའི་གླུ”སོགས་སྙན་ངག་གྱེར་འདོན་བྱས། སྙན་ངག་དེ་དག་གིས་བོད་དང་བཅས་པའི་མི་རིགས་སོ་སོའི་ཕྱི་རབས་པ་རྣམས་ལ་སྔར་སོང་ལོ་རྒྱུས་ཀྱི་མཛེས་པའི་སྣང་བརྙན་གསོན་པོ་ཞིག་བཞག་སོང་ཞེས་རྗེས་རབས་པ་རྣམས་ལ་ལོ་རྒྱུས་ཀྱི་དྲན་པ་གསོས་ཡོད་པ་མཚོན།

སྒྱུ་རྩལ་མཚོན་ཐབས་ཀྱི་ཆ་ནས་བཤད་ན། སྙན་ངག་འདི་ཁོང་གིས1980ལོ་ནས1981ལོའི་སྐབས་སུ་གསར་གཏོད་བྱས་པའི་རྩོམ་ལུས“བཞི་གཅིག་གཉིས”ཅན་གྱི་འབྲི་སྟངས་སྤྱད་ཡོད་ཅིང་ཁོང་གི་སྐུ་ཚེ་གང་བོར“བཞི་གཅིག་གཉིས”ཅན་གྱི་སྙན་ངག185ཡོད་ཅིང་།རྩོམ་སྟངས་དེ་ཚན་པ་གསུམ་གྱིས་གྲུབ་ལ་ཚན་པ་དང་པོར་ཚིག་རྐང་བཞི་དང་ཚན་པ་གཉིས་པར་ཚིག་རྐང་གཅིག ཚན་པ་གསུམ་པ་ཚིག་རྐང་གཉིས་སུ་བྱས་ཡོད།ཚན་པ་དང་པོའི་ཚིག་རྐང་བཞི་ཡིས་སྤྱིར་བཏང་བྱ་དངོས་སམ་དངོས་ཡོད་སྣང་ཚུལ་མཚོན་པ་ཡིན་ལ། དེ་ནི་སྙན་ངག་ཧྲིལ་བོའི་གླེང་སློང་ངམ་མ་གདན་ལྟ་བུར་བྱས་ཡོད། ཚན་པ་གཉིས་པའི་ཚིག་རྐང་གཅིག་པོ་དེ་ཡིས་ཚན་པ་དང་པོ་རུ་བྱུང་བའི་བྱ་དངོས་ཀྱི་ངོ་བོའམ་སྣང་ཚུལ་རྗེན་པར་མཚོན་པ་ཡིན། ཚན་པ་རྗེས་མའི་ཚིག་རྐང་གཉིས་ནི་སྙན་ངག་ཧྲིལ་བོར་བཀོད་པའི་ལེགས་བཤད་དམ་སྡོམ་ཚིག་གི་རྣམ་པ་ཡིན་ལ་དེས་སྙན་ངག་ལ་ངང་ངམ་ཤུགས་ཀྱིས་བདེན་དོན་གནས་ལུགས་ཀྱི་ཆ་ལྡན་པར་བྱས་ཡོད་དོ། །

དང་པོ། སློབ་ཁྲིད་ཕྱིར་རྟོག་འབྲི་དགོས་པའི་དམིགས་ཡུལ།

སློབ་ཚན་འདི་ཁྲིད་པའི་གོ་རིམ་ཁྲོད་འཕྲད་པའི་གནད་དོན་དང་དེ་དག་ཇི་ལྟར་སེལ་ལུགས། གཞན་རང་ཉིད་ཀྱི་སློབ་ཁྲིད་ཐབས་ལམ་ཐད་ཀྱི་མི་འདང་ས་དང་ཞན་ཆ། སློབ་མའི་གནས་ཚུལ་སོགས་སྒོ་ཀུན་ནས་བསམ་གཞིག་དང་ཕྱིར་རྟོག་ནན་ནན་ཏིག་ཏིག་བྱས་ན་དེ་ནི་སློབ་ཁྲིད་རྒྱུ་སྤུས་མཐོར་འདེགས་དང་། སློབ་ཁྲིད་བྱེད་ཐབས་ཇེ་བཟང་། སློབ་ཁྲིད་ཆུ་ཚད་ཇེ་ལེགས་སུ་གཏོང་བྱེད་ཀྱི་མན་ངག་དམ་པ་རེད་འདོད།

གཉིས་པ། སློབ་ཁྲིད་ཇུས་འགོད་ཁྲོད་ཀྱི་འཆར་གཞི།

སྐད་ཡིག་བསླབ་ཚན་ཚད་གཞིའི་དགོངས་པ་ལྟར། ཕུལ་དུ་བྱུང་བའི་སྙན་ངག་འདི་ལྟ་བུ་སྒྲ་གསལ་ཞིང་དག་པ་དང་ཚིག་གི་གཅོད་མཚམས་འགྲིག་པ། བརྩེ་དུང་ལྡན་པའི་སྒོ་ནས་གྱེར་འདོན་དང་ནང་དོན་རྟོགས་པར་དོ་སྣང་བྱེད་པ་དང། གྱེར་འདོན་གྱི་གོ་རིམ་ལས་ཡིད་འགྱུར་ཉམས་སུ་མྱོང་བ་དང་ནང་དོན་རྟོགས་པར་དོ་སྣང་བྱེད་པ།ཕུལ་དུ་བྱུང་བའི་སྙན་ངག་འདི་ལྟ་བུ་སྒྲིག་པ་པོས་རེ་འདུན་དང་སློབ་མའི་དགོས་མཁོར་དམིགས་ནས་བློ་ཡང་འཛིན་དུ་འཇུག་དགོས། དེར་མ་ཟད་སྐད་ཡིག་བསླབ་ཚན་ཚད་གཞིའི་དགོངས་པ་ལྟར་གཏིང་ཟབ་ཀྱི་སྒོ་ནས་སློབ་ཚན་དང་སློབ་མར་རྒྱུས་ལོན་གསལ་བོ་བྱས་ཏེ་གཤམ་གྱི་སློབ་ཁྲིད་ཀྱི་དམིགས་ཚད་གཏན་ཁེལ་བྱེད་དགོས།

གཅིག ཐོག་མར་སློབ་ཚན་ངོ་སྤྲོད་དང་འབྲེལ་ནས་རྩོམ་པ་པོའི་ལོ་རྒྱུས་དང་། སྙན་ངག་འདི་རྩོམ་པའི་ལོ་རྒྱུས་དང་དུས་ཚོད། ལོ་རྒྱུས་ཀྱི་རྒྱབ་ལྗོངས་བཅས་ངོ་སྤྲོད་གསལ་བོར་གནང་སྟེ། རྩོམ་པ་པོའི་བསམ་བློ་དང་། སྙན་ངག་འདི་རྩོམ་པའི་ཀུན་སློང་། དགོས་པ་སོགས་ལ་ངེས་ཤེས་འདྲོང་དུ་འཇུག་རྒྱུ།

གཉིས། སློབ་ཚན་དངོས་གཞི་འཆད་འགྲེལ་གྱི་སྐབས་སུ་གཙོ་བོར་སྙན་རྩོམ་གྱི་བརྗོད་བྱའི་སྙིང་བོར་དམིགས་ཏེ་བྱེ་བྲག་གི་མཚོན་བྱའི་ནང་དོན་དག་གང་རྒྱས་ཀྱིས་བཤད་ཅི་ཐུབ་ལ་བརྩོན་པ་དང་། དེ་ལས་འཆར་ཡན་གྱིས་ཕྱུག་པའི་ཡིད་ཡུལ་དང་ཤུགས་དྲག་པོའི་བསམ་བློའི་བརྩེ་དུང་ཉམས་སུ་ལེན་ཐུབ་པ་བྱས་ཏེ། སྙན་རྩོམ་འདིའི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་ལ་ཤེས་རྟོགས་བྱ་རྒྱུ།

གསུམ། སློབ་མ་རང་ཉིད་ལ་སྙན་རྩོམ་ཐེངས་ཁ་ཤས་གྱེར་འདོན་བྱེད་དུ་བཅུག་ནས་སློབ་མ་རང་སྟེང་ནས་ཚིག་སྦྱོར་གྱི་ཉམས་དང་གཅོད་མཚམས། དབྱངས་ཀྱི་འདེགས་འཇོག་སོགས་ཉམས་སུ་མྱོང་ཐུབ་པ་བྱ་རྒྱུ།

བཞི། སྙན་རྩོམ་འདི་མ་གཞིར་རྒྱ་ཡིག་གི་ལམ་ནས་བརྩམས་པ་ཞིག་ཡིན་པས། རྩོམ་སྟངས་དང་སྒྲིག་གཞིའི་ཐད་ནས་རང་རེའི་སྲོལ་རྒྱུན་སྙན་ངག་དང་མི་འདྲ་བའི་ཁྱད་ཆོས་མངོན་གསལ་ཆེ་བས། སློབ་མར་རྩོམ་སྟངས་གསར་བ་འདི་རིགས་ཀྱི་ཁྱད་ཆོས་རགས་ཙམ་ངེས་སུ་འཇུག་རྒྱུ།

གསུམ་པ། སློབ་ཁྲིད་དངོས་ཕྱིར་རྟོག

གཅིག རང་ཉིད་ཀྱིས་སློབ་ཚན་གྱི་ངོ་སྤྲོད་དང་འབྲེལ་ནས་རྩོམ་པ་པོའི་ལོ་རྒྱུས་དང་། སྙན་ངག་འདི་རྩོམ་པའི་ལོ་རྒྱུས་དང་དུས་ཚོད། ལོ་རྒྱུས་ཀྱི་རྒྱབ་ལྗོངས། རྩོམ་པ་པོའི་བསམ་བློ་དང་སྙན་ངག་འདི་རྩོམ་པའི་ཀུན་སློང་།
དགོས་པ་སོགས་འཆད་འགྲེལ་གྱི་གོ་རིམ་ཁྲོད་ནས་སློབ་མའི་རྨང་གཞི་ཅུང་ཞན་པར་བསྐྱར་བཤད་དང་འགྲེལ་བཤད་མང་པོ་བྱ་རྒྱུ་དང་། གཞན་ཡང་སློབ་མ་ལྟེ་བར་འཛིན་པ་དང་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་། རང་རྟོགས་ཀྱིས་སློབ་སྦྱོང་བྱེད་པའི་འདུ་ཤེས་དང་གོམས་གཤིས་སྐྱེད་སྲིང་བྱེད་རྒྱུ། སློབ་མ་ལ་སློབ་སྦྱོང་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་བཅས་ཀྱི་ཆ་ལ་དམིགས་ནས་དྲི་བ་དྲིས་ནས་སློབ་མར་བསམ་གཞིག་གི་ནུས་པ་དང་ཤེས་འདོད་ཀྱི་འདུན་པ་སྐྱེ་རུ་འཇུག་རྒྱུ། གཉིས་ནས་འཁྲིད་བྱའི་ནང་དོན་སྨྱན་མང་གཟུགས་ལས་ཤར་དུ་བཅུག་སྟེ་དགེ་སློབ་ཟུང་འབྲེལ་གྱིས་ཀློག་པ་དང་སློབ་མར་ནང་དོན་སྤྱི་སྡོམ་དང་དགེ་རྒན་གྱིས་ཁ་གསབ་དང་དག་བཅོས་བྱ་རྒྱུ།

གཉིས། ༡.སློབ་ཚན་དངོས་ལས་ཐོག་མར་ཀློག་འདོན་ཐེངས་གསུམ་བྱས་ཏེ་མིང་དང་ཚིག་གི་གོ་བ་མི་ལོན་པ་ལ་རྟགས་རྒྱག་ཏུ་འཇུག་པ་དང། ཆུ་ཚད་བཟང་བའི་སློབ་མར་ཚིག་ངོས་ཀྱི་ནང་དོན་བཤད་དུ་འཇུག་པ། ཆུ་ཚད་ཞན་པའི་སློབ་མར་ཉན་དུ་བཅུག་སྟེ་ཉན་ཟིན་པ་རྣམས་ཡང་བསྐྱར་བཤད་པ། དགེ་རྒན་གྱིས་སྤྱི་སྡོམ་འགོད་པ། ༢.དགེ་རྒན་གྱིས་ཚིག་རྐང་རེ་བཀྲལ་ནས་བསྟན་དོན་སོགས་བཤད་པ། ཞོར་ནས་སློབ་མས་ཟིན་བྲིས་སུ་འགོད་པ་དང་ལད་མོའི་ཚུལ་དུ་ཡང་བསྐྱར་བཤད་པ་དང་སྡོམ་ཆུང་འགོད་པ།ལེགས་ཆ། འདིའི་ཁྲོད་ཀྱི་ཆེས་ལེགས་པའི་ཆའམ་ཤུགས་རྐྱེན་ཆེས་ཟབ་ས་ནི་སློབ་མའི་བཤད་པའི་གོ་རིམ་ལ་བལྟས་ན་སློབ་མ་མང་ཆེ་བའི་དོགས་གནད་སེལ་བ་བཟང་ཞིང་། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་། རང་རྟོགས་ཀྱིས་སློབ་སྦྱོང་བྱེད་པའི་འདུ་ཤེས་དང་གོམས་གཤིས་ཆགས་པ་ཡང་བཟང་བས་སྤྱིའི་ཆ་ནས་ཅུང་ལེགས་འགྲུབ་བྱུང་ཡོད།

མི་འདང་སའམ་ཞན་ཆ། སློབ་ཚན་ལས་རྩོམ་པ་པོས་མེས་རྒྱལ་བྱང་ཤར་མཐའ་མཚམས་ནས་ནང་སོག་རྩྭ་ཐང་དང་། ལྷོ་མཐའི་ཞི་ཧྲོང་པན་ན་ནས་ནུབ་མཐའི་གངས་དཀར་ཏི་སེ་བར་ལ་བལྟས་ནས་མཐོང་བའི་རྣམ་པ་འཕྱོར་འབྲི་བྱས་ཡོད་པ་དང་། དེ་ལས་རྩོམ་པ་པོ་འགྱིང་བ་རབ་ཏུ་མཐོ་ཞིང་། མིག་རྒྱང་ཤིན་ཏུ་རིང་བ་མཚོན་ཡོད་པ། རྩོམ་པ་པོའི་བློ་ཡི་དཀྱེལ་རྒྱ་ཆེ་ཞིང་ཡངས་པ། འཆར་ཡན་ཕུན་སུམ་ཚོགས་པ། མེས་རྒྱལ་གྱི་རྣམ་པ་གསར་བ་མཐོང་ནས་ཡིད་འགུལ་ཐེབས་པ་དང་དགའ་སྤྲོ་སྐྱེས་པའི་ཡིད་ཀྱི་འགྱུར་བ་ལས་རྩོམ་པ་པོ་མེས་རྒྱལ་དང་མི་རིགས་ལ་དུང་བའི་བསམ་པ་རླབས་ཆེན་གྱི་རང་སྒྲ་མངོན་པར་མཚོན་པ། སློབ་བུ་ཚོ་སློབ་ཚན་ཡང་ཡང་དུ་ཀློག་ཏུ་བཅུག་ནས་གོ་བ་གཏིང་ཟབ་ཞིག་ལེན་དུ་འཇུག་རྒྱུ་དང་ཁོ་ཚོའི་རྒྱུད་ལ་བག་ཆགས་ཟབ་མོ་ཞིག་བསྒོ་བ་དེ་བས་ཀྱང་གལ་ཆེའོ། །

བཞི་པ། གནད་དོན་སེལ་ལུགས་དང་ཐེངས་རྗེས་མའི་ཁྲིད་ཐབས།

ཐོག་མར་སྐབས་བབ་བརྗོད་བྱ་ལ་ཤར་གྱིས་འཇུག་ཅིང། བརྗོད་བྱ་དང་འབྲེལ་མེད་ཉོག་བཤད་མེད་པར་སྐད་གསལ་ཞིང་གདངས་མཐོ་ལ། འགྲོས་དལ་བའི་སྒོ་ནས་རྩོམ་པ་པོའི་ལོ་རྒྱུས་དང་། སྙན་ངག་འདི་རྩོམ་པའི་ལོ་རྒྱུས་དང་དུས་ཚོད། ལོ་རྒྱུས་ཀྱི་རྒྱབ་ལྗོངས། སློབ་ཚན་གྱི་དོན་འགྲེལ་དང་བསྟན་དོན་སོགས་ངོ་སྤྲོད་གསལ་བོར་སྨྱན་མང་ལས་འཆར་བའི་འབྲེལ་ཡོད་ཤེས་བྱ་བལྟ་རུ་བཅུག་ནས་སློབ་མས་སློབ་མར་འཁྲིད་པ་དང་དེའི་རྗེས་སུ་དགེ་རྒན་གྱིས་འཁྲིད་དགོས། སྤྱིར་བཏང་སློབ་མས་དག་བཅོས་བྱས་ཏེ་སློབ་མ་མང་ཤོས་ལ་ཡང་དང་བསྐྱར་དུ་དག་བཅོས་བྱེད་པར་སྣེ་ཁྲིད་ཅི་ནུས་བྱེད་པ་དང་། དེ་ནས་ཚང་མར་བགྲོ་གླེང་བྱེད་དུ་བཅུག་སྟེ། དེའི་རྒྱུ་མཚན་ཅི་ཡིན་ཧ་གོ་བར་འཇུག་དགོས། སློབ་གྲོགས་ཕན་ཚུན་བར་ལ་དོགས་སློང་དང་བགྲོ་གླེང་བྱེད་ཆོག་ལ། མཇུག་མཐར་དགེ་རྒན་གྱིས་དེ་ལ་དཔྱད་བརྗོད་བྱས་ཏེ་དག་བཅོས་དང་ཁ་གསབ་བྱ་བ་དང། མཐར་ཐུག་སྦྱངས་པའི་ཤེས་བྱ་ལ་བརྟེན་ནས་གནད་དོན་ལ་དབྱེ་ཞིབ་ཀྱི་ནུས་པ་དང་གནད་དོན་ཐག་གཅོད་པའི་ནུས་པ་ཆགས་པར་བྱ་བ། དགེ་རྒན་གྱིས“བསམ་གཞིག་འདྲི་གཞི”བཏོན་ནས་རང་སྦྱོང་ལ་མཛུབ་སྟོན་བྱ་དགོས།“བསམ་གཞིག་འདྲི་གཞི”ནི་ཚོགས་ཐུན་གཅིག་གི་དགེ་སློབ་བར་གྱི་འཁྲིད་པ་དང་སྦྱོང་བའི“ལམ་རྟགས”ལྟ་བུ་ཡིན།“ལམ་རྟགས”དེ་ལ་བརྟེན་ནས་སློབ་མར་སློབ་སྦྱོང་དང་བགྲོ་གླེང་། དོགས་གནད་འགྲོལ་བར་མཛུབ་སྟོན་སྒོས་སློབ་ཁྲིད་འགན་འཁུར་འགྲུབ་པར་བྱས་ན། སྦྱངས་པ་གོ་རིམ་གསལ་ཞིང་སྙིང་བོ་འབུར་དུ་ཐོན་པས་སློབ་ཁྲིད་གྲུབ་འབྲས་ཡག་པོ་ཡོང་ཐུབ་པར་འདོད། སྦྱོང་བརྡར་བྱས་རྗེས་སུ། ནོར་འཁྲུལ་བྱུང་བའི་སློབ་མར་ལག་པ་འགྱོགས་སུ་འཇུག་པ། དེ་ལྟར་བྱས་ན་སློབ་མ་ཡོངས་ཀྱིས་ནོར་འཁྲུལ་ནན་ཏན་གྱིས་འཚོལ་བར་ཕན་པ་མ་ཟད། ཞོར་ལ་སློབ་མའི་གནས་ཚུལ་ཡང་རྒྱུས་ལོན་བྱེད་ཐུབ། དག་བཅོས་བྱེད་དུས། སློབ་མར་ཐོག་མར་བྲིས་པ་མི་བསུབ་པར་མདོག་མི་འདྲ་བའི་སྙུ་གུས་བཅོས་པ་དང་ལན་མི་འདྲ་བ་འབྲི་དགོས། སློབ་མ་མང་ཤོས་ལ་དག་བཅོས་བྱེད་པའི་གོ་སྐབས་སྦྱིན་ཅི་ནུས་བྱ་རྒྱུ་གལ་ཆེ། དེ་ལྟར་བྱས་ན་སློབ་མ་ཡོངས་ཀྱིས་རིག་པ་བསྒྲིམས་ནས་བསམ་གཞིག་བྱེད་པར་ཕན་པ་ཆེ། སློབ་མས་དག་བཅོས་བྱས་པ་ནོར་སོང་ན། དགེ་རྒན་གྱིས་ཐད་ཀར་རྒྱུ་མཚན་མི་བཤད་པར། སློབ་མ་གཞན་པ་ཞིག་བོས་ནས་ལན་འདེབས་སུ་འཇུག་དགོས། གལ་ཏེ་ལན་བཏབ་པ་འགྲིག་ན།
དགེ་རྒན་གྱིས་སློབ་མ་སུས་ལན་བཏབ་པ་ཆེས་བསྡུས་པོ་དང་ཚད་ལྡན་ཡིན་པ་བགྲོ་གླེང་བྱེད་དུ་བཅུག་སྟེ། སློབ་མའི་གནད་དོན་དབྱེ་ཞིབ་བྱེད་པའི་ནུས་པ་སྐྱེད་སྲིང་བྱ་རྒྱུ། །

《རྔ་ཆེན་རོལ་དབྱངས》ཞེས་པའི་སློབ་ཚན་ཕྱིར་རྟོག

དབང་གྲགས་རྡོ་རྗེ། *


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1