ལྷུག་རྩོམ་གྱི་མཚམས་ཐིག་རབ་རིབ་ཏུ་གནས་རྐྱེན།

སྒྲོལ་མ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


རྩོམ་རིག་གི་རྣམ་པ་མི་འདྲ་བའི་ཁྲོད་དུ་ལྷུག་རྩོམ་ནི་ཆེས་ཉོག་འཛིང་ལྡན་པའི་རིགས་ཤིག་ཡིན་ལ། ཐོག་མར་ལྷུག་རྩོམ་ཞེས་པའི་ཐ་སྙད་འདིའི་གོ་དོན་ལ་བལྟས་ཡོང་ཚེ། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་དུ་གོ་བ་ཡང་མི་འདྲ་བ་བྱུང་། ནུབ་ཕྱོགས་དང་རྒྱ་ནག་ཏུ་ཆེས་ཐོག་མའི་སྐབས་ཀྱི་ལྷུག་རྩོམ་ནི་ཚིགས་བཅད་དང་ལྟོས་བཅས་སུ་ཡོད་པའི་རྩོམ་རིག་གི་རྣམ་པ་ཞིག་ལ་འཛིན་ཏེ། ཁྲུན་ཆིའུ་ཀྲན་གོའི་དུས་སུ་མཁས་པ་རྣམས་ཀྱིས་ལྷུག་རྩོམ་ནི《 སྙན་ངག་གི་གཞུང》དང་ལྟོས་བཅས་སུ་ཡོད་པའི་རྩོམ་ལུས་ཤིག་ཏུ་ངོས་འཛིན་ཞིང་། གནའ་བོའི་གྷི་རིག་ཀྱང་དེ་ལྟར་རོ། །
རྒྱ་ནག་ལྟ་བུར་མཚོན་ན་ལྷུག་རྩོམ་ལ་ལོ་རྒྱུས་རིང་པོ་ཡོད་པར་སྨྲ་ནའང‘ལྷུག་རྩོམ’ཞེས་པའི་ཐ་སྙད་འདི་མི་རྣམས་ཀྱིས་ཡོངས་གྲགས་སུ་ཁས་ལེན་བྱུང་བ་ནི་“ལྔ་བཞིའི་”སྐབས་ལ་འཇོག་གི་འདུག “ལིའུ་པན་ནུང་དང་ཧྥུ་སི་ཉན་གཉིས་ཀྱིས་སྔ་རྗེས་སུ1917ལོ་དང1919ལོར《ངའི་རྩོམ་རིག་ལེགས་བཅོས་ཀྱི་ལྟ་བ》དང《ཕལ་སྐད་ཀྱི་རྩོམ་ཇི་ལྟར་འབྲི》 ཞེས་པ་སྤེལ་བ་དང་མཉམ་དུ་ལྷུག་རྩོམ་ཞེས་པའི་མིང་གསར་དུ་བཏོན། ‘ལྷུག་རྩོམ’ནི་ཚིགས་བཅད་མ་ཡིན་པའི་གཞན་མཐའ་དག་ལ་གོ་བའི་སྒྲ་ཡངས་འཇུག་གི་གོ་དོན་ཞིག་དང་། དེར་མ་ཟད་རྩོམ་རིག་གི་ཁྱབ་ཁོངས་སུ་ཡོད་པའི་སྙན་ངག་དང་བརྩམས་སྒྲུང་། ཟློས་གར་སོགས་དང་གྲས་གཅིག་པའི་སྒྲ་དོག་འཇུག་གི་ལྷུག་རྩོམ་ཞེས་ཕྱོགས་གཉིས་ནས་བརྗོད་ཅིང་མི་རྣམས་ཀྱི་ཁས་ལེན་དང་དར་ཁྱབ་ཆེན་པོ་བྱུང་།” འཇུ་སྐལ་བཟང་གི《 སྙན་ངག་གི་རྣམ་བཤད》དང་། རྒྱ་ཡེ་བཀྲ་བྷོའི《 བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གཞག་ཚངས་པའི་ཚད་ཡིག》 གོ་ཤུལ་གྲགས་པ་འབྱུང་གནས་ཀྱི《 བོད་ཀྱི་རྩོམ་ལུས་རྣམ་བཤད》 བློན་ཕྲུག་གནམ་ལྷ་རྒྱལ་གྱི《 རྩོམ་ལུས་རྣམ་བཤད་བློ་ཡི་ལྡེ་མིག》སོགས་ནི་སྲོལ་རྒྱུན་གྱི་འགྲོ་ལུགས་ལྟར་བོད་སྔ་མའི་རྩོམ་ལུས་སུ་ལྷུག་པ་ཞེས་པ་དང་དེར་ཡང་གཏམ་དང་བརྗོད་པར་ཕྱེ་བ་དག་ཀྱང་སྙན་ངག་གི་ཁྱབ་ཁོངས་སུ་བརྩིས་པ་ཙམ་ལས། ད་ལྟའི་གོ་བ་ལྟར་གྱི་ལྷུག་རྩོམ་རང་མཚན་པ་ཞིག་ཏུ་གཞུང་ལུགས་སྨྲ་བ་རྣམས་ཀྱིས་སྒེར་ཚུགས་དང་རང་རྐྱ་འཕེར་བའི་གོ་བབ་བྱིན་མི་འདུག ལྷུག་རྩོམ་ལ་ལྷུག་རྩོམ་བྱེ་བྲག་པའི་གོ་བབ་དངོས་སུ་ཐོབ་པ་དང་། ཁྱོན་ཡོངས་ནས་གདེང་འཇོག་བྱས་པ་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་རྗེས་སམ་ལོ་རབས་དགུ་བཅུ་པའི་དུས་མགོར་ཁེལ་པར་མངོན”ཞེས་ཨ་བུས་བྲིས་པའི་ལྷུག་རྩོམ་སྐོར་གྱི་དཔྱད་པ་ཞིག་ཏུ་བྱུང་། གཞན་ཡང“རང་རེ་བོད་ལ་ཀྲུང་གོ་གསར་བ་མ་ཚུགས་གོང་ནས་སྲོལ་རྒྱུན་གྱི་ལྷུག་རྩོམ་ཡོད་ཀྱང་ད་ལྟ་ནང་བཞིན་སྙན་ངག་གམ་སྒྲུང་གཏམ་དང་མཉམ་པའི་རྩོམ་ལུས་ཀྱི་རྣམ་པ་ཞིག་ཏུ་དབྱེ་ནས་འཆད་ཉན་དང་རྩོམ་སྲོལ་མེད་ལ། དོན་བརྗོད་ལྷུག་རྩོམ་དང་ཡིད་འགྱུར་མཚོན་པའི་ལྷུག་རྩོམ། སྙན་ཞུའི་རྩོམ་རིག ཐོ་འགོད་ལྷུག་རྩོམ། དཔྱད་བརྗོད་ལྷུག་རྩོམ་ཞེས་པའི་དབྱེ་བ་འབྱེད་སྲོལ་དེ་བས་ཀྱང་མེད་པ་ཀུན་གྱིས་མཁྱེན་གསལ་རེད” ཅེས་པ་ལྟ་བུ་བྱུང་ལ། རང་རེ་ཡང་གོང་དུ་བརྗོད་ཟིན་པ་ལྟར་ལྷུག་རྩོམ་གྱི་ངོས་འཛིན་ཐད་ལ་གཅིག་གྱུར་གྱི་ངོས་འཛིན་བྱུང་མེད་ཅིང་། ལྷུག་རྩོམ་ཞེས་དངོས་སུ་རྩོམ་ལུས་རང་མཚན་པ་ཞིག་ཏུ་ངོས་འཛིན་བྱུང་དུས་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་ནང་ཡིན་པ་ཤེས་ཐུབ་ཅིང་། དེར་མ་ཟད་ད་དུང་ཡང་ལྷུག་རྩོམ་གྱི་ངོས་འཛིན་ཐད་དུ་རྒྱ་ནག་དང་ནུབ་ཕྱོགས་པ་ལྟ་བུའི་རྣམ་པ་དང་ངོ་བོའི་ཐད་ནས་ངོས་འཛིན་མི་འདྲ་བ་བྱུང་འདུག་པ་དག་ཀྱང་གཞན་གྱི་རིགས་བགར་སྟངས་དང་གོ་དོན་འཇོག་ལུགས་ལ་ལད་ཟློས་བྱས་པར་སྙམ།
གོང་དུ་འཛམ་གླིང་ཤར་ནུབ་ཀྱི་ལྷུག་རྩོམ་ཞེས་པའི་ཐ་སྙད་ཀྱི་འགྱུར་ལུགས་དང་ངོས་འཛིན་གྱི་སྐོར་ནས་རགས་ཙམ་བྲིས་པའི་ཚུལ་ཡིན་ཞིང་། རྩོམ་སྟངས་གཞན་པ་དང་བསྡུར་ན་ལྷུག་རྩོམ་གྱི་ཁྱབ་ཁོངས་ཅུང་རྒྱ་ཆེ་བར་མངོན་ལ། ཡང་ཅིག་བཤད་ན་ལྷུག་རྩོམ་ཡིན་མིན་གྱི་མཚམས་ཐིག་འབྱེད་རྒྱུ་ནི་ཅུང་ཁག་ཤོས་སུ་ཡོད་ཅིང་རབ་རིབ་ཅིག་ཏུ་སྣང་། གཞན་ཡང་མི་སོ་སོའི་རྩོམ་སྟངས་ཀྱི་འདུ་ཤེས་ལ་བར་ཁྱད་བྱུང་བའམ་གཞི་འཛིན་ས་དང་ལངས་ཕྱོགས་སོགས་མི་གཅིག་པ་ལས་ལྟ་ཚུལ་ཡང་ཐ་དད་དུ་སོང་ཟིན་པར་འདིར་ལྷུག་རྩོམ་གྱི་མཚམས་ཐིག་འདི་འདྲའི་མོག་པོར་གྱུར་བའི་སྐོར་ལ་དབྱེ་ཞིབ་རགས་ཙམ་ཞུ་བ་ལ། རྒྱའི་རྩོམ་རིག་སྨྲ་བ་ཧྲེ་ཧྲུའུ་སེན་ན་རེ། “སྙན་ངག་དང་སྒྲུང་གཏམ། ཟློས་གར་གྱི་རྩོམ་སྟངས་ཐད་དུ་སོ་སོའི་ཐ་སྙད་ཀྱི་གོ་དོན་དང་རིགས་དབྱེ་ལ་རྩོད་པ་ཆེར་མེད་ཅིང་ཤོག་བུ་དང་སྣག་ཚ་བརླག་པའི་ངལ་བ་བསྟེན་མི་དགོས་ནའང་། ལྷུག་རྩོམ་ནི་དེ་འདྲ་མ་ཡིན་པར་མི་རྣམས་ཀྱིས་ལྷུག་རྩོམ་གྱི་ཐ་སྙད་དང་དེའི་རིགས་དབྱེ་ལ་ངོས་འཛིན་མི་འདྲ་བ་བྱུང་ཞིང་། ལ་ལས་ཅུང་གུ་ཡངས་པོར་བཤད་པ་དང་ཡང་ལ་ཤས་ཀྱིས་ཅུང་གུ་དོགས་པོར་འཛིན་པ་སོགས་བཞེད་པ་མི་མཐུན་པ་ཅི་རིགས་གཅིག་མཐུན་དུ་ཡོང་བཞིན་མི་འདུག །དེ་ལྟ་ན་ཁོ་བོས་འདིའི་རྒྱུ་རྐྱེན་དུ་ཕྱོགས་གཉིས་ནས་བརྗོད་དེ། གཅིག་ནི་ལྷུག་རྩོམ་རང་སྟེང་གི་གཡོ་བའི་རང་བཞིན་དང་ཅིག་ཤོས་ནི་ལྷུག་རྩོམ་ཞེས་པའི་ཐ་སྙད་ཀྱི་བང་རིམ་དུ་མ་བའི་རང་བཞིན་གཉིས་སུ་འདོད་དོ། །
ལྷུག་རྩོམ་ནི་རྩོམ་རིག་དང་རྩོམ་རིག་མ་ཡིན་པའི་བར་དུ‘གཡོ་བའི’རྩོམ་ལུས་ཤིག་ཡིན་པ་དང་། རང་རྒྱལ་གནའ་རབས་སུ་རྩོམ་རིག་ལྷུག་རྩོམ་དང་རྩོམ་རིག་མ་ཡིན་པའི་ལྷུག་རྩོམ་མཉམ་དུ་བསྲེས་ཤིང་གཉིས་ཀའི་སྤྱི་མིང་དུ་རྩོམ་ཞེས་འདོགས་སོ། །དེང་རབས་སུ་ལྷུག་རྩོམ་ནི‘རྩོམ་རིག་གསར་བའི་རང་རྐྱ་འཕེར་བའི་སྡེ་ཚན’ཞིག་ཏུ་གྲུབ་ཡོད་ནའང་། སྔར་བཞིན་གཡོ་བའི་རང་བཞིན་གནས་པ་རེད། ལྷུག་རྩོམ་ནི་རྩོམ་རིག་ཏུ་གཏོགས་མོད་ཡིན་ནའང་སྒྱུ་རྩལ་གཙང་མ་ཞིག་མ་ཡིན་ནོ། །འདིས་ནི་ཕྱོགས་གཅིག་ནས་ལྷུག་རྩོམ་ལ་རྩོམ་རིག་གི་མཛེས་པའི་རང་བཞིན་ཡོད་ལ། དཔེར་ན་སྣང་བརྙན་ཅན་དུ་བྱས་པ་དང་དུངས་བརྗོད་ཀྱི་རང་བཞིན། ཞིབ་འབྲིའི་མཚོན་ཐབས་དང་། སྐད་ཆའི་མཛེས་པ་སོགས་ཡོད་དེ། ཡང་ཕྱོགས་གཞན་ཞིག་ནས་ལྷུག་རྩོམ་གྱི་བརྗོད་བྱ་འདེམ་སྒྲུག་དང་འབྲི་ཐབས་ཀྱི་ངོས་ནས་རང་དབང་ལྡན་ཞིང་ཅི་འདོད་དུ་བྲི་ཆོག་པ་སོགས་ཀྱིས་རྒྱུན་ལྡན་གྱི་ཕལ་སྐད་དང་ཡང་འདྲ་བའི་ཆ་ཞིག་འདུག དེ་བས་ལྷུག་རྩོམ་ལ་ཤས་རྩོམ་རིག་གི་ཚོས་ཁ་སྟུག་ཅིང་ལ་ཤས་དེ་ལྟར་མ་ཡིན་པས། འདི་འདྲའི་བར་ཁྱད་ཅིག་གི་བར་དུ་མི་རྣམས་ཀྱིས་རང་ཉིད་ཀྱི་ངོས་འཛིན་དང་ཡིན་མིན་དབྱེ་འབྱེད་ཀྱི་ཤེས་པ་ཞིག་གིས་ལྷུག་རྩོམ་གྱི་གོ་དོན་དང་ཁྱབ་བྱེད་ལ་མཚམས་ཐིག་བཟོ་གིན་ཡོད་པ་དང་དུས་མཚུངས་སུ་ལྷུག་རྩོམ་ཞེས་པའི་ཐ་སྙད་དང་རིགས་དབྱེའི་ཐད་དུ་ངོས་འཛིན་དང་གོ་བ་མི་འདྲ་བ་མང་དུ་བྱུང་།
ཡང་ལྷུག་རྩོམ་ནི‘བང་རིམ་དུ་མ་ཡོད་པའི་ཐ་སྙད་ཅིག་ཡིན་ཏེ། དུས་སྐབས་མི་འདྲ་བའི་ནང་དུ་རྒྱལ་ཁབ་མི་འདྲ་བ་དང་མཐའ་ན་གང་ཟག་སྒེར་པ་སོ་སོར་ལྷུག་རྩོམ་གྱི་ཐད་དུ་ངོས་འཛིན་དང་དཔྱད་གླེང་མི་འདྲ་བ་བྱུང་ཞིང་དེས་ནི་ལྷུག་རྩོམ་ཞེས་པའི་ཐ་སྙད་ཀྱི‘བང་རིམ་དུ་མའི་རང་བཞིན’གྲུབ་ཅིང་། དེ་དང་མཉམ་དུ་ལྷུག་རྩོམ་གྱི་རིགས་དབྱེ་ཡང་ཉོག་འཛིང་ཅན་ཞིག་ཏུ་གྱུར།”ཞེས་བྱུང་ལ་སྤྱིར་གོང་དུ་རགས་ཙམ་བཀོད་ཟིན་པ་ལྟར། རང་ཅག་བོད་ལ་ཡང་སྔོན་ཆད་ནས་རྣམ་ཐར་རྟོགས་བརྗོད་དང་ལོ་རྒྱུས་ཆོས་འབྱུང་སོགས་མང་དུ་བྱུང་ཡོད་པ་དག་ནི་ལ་ཤས་ཀྱིས་ལྷུག་མར་གཏོགས་པའི་བརྩམས་ཆོས་ཀྱི་ཁོངས་སུ་བསྡུ་བ་དང་སྒྲུབ་བྱེད་དུ་ལྷུག་མའི་ལམ་ནས་བྲིས་ཡོད་པས་སོ་ལྟ་བུ་ལས་སླ་བོའམ་རིག་པ་རྩིང་བོ་འབའ་ཞིག་བཀོད་འདུག་ཅིང་། དེ་ནི་རྣམ་པའི་ཆ་ཁོ་ནས་བལྟས་པ་ཡིན་གྱི། ཡང་ཅིག་བཤད་ན་གོང་གི་སྒྲུབ་བྱེད་དེ་ལྟ་བུ་ནི་རྣམ་པའི་ཆ་ཧྲིལ་བོ་ཕྱོགས་ཡོངས་ནས་ཟིན་འདུག་པའི་སྒྲུབ་བྱེད་ཅིག་ཀྱང་ཡིན་པར་མི་འདོད་དེ། དེ་ཡང་ཅི་ལ་ཞེ་ན་ལུས་ལྷུག་པར་ཡོད་པ་གཅིག་པུས་ནི་ལྷུག་རྩོམ་གྱི་རྣམ་པའི་ཁྱད་ཆོས་ཡོངས་སུ་བརྗོད་གཏུབ་པ་ཞིག་ཡེ་མ་ཡིན་ནོ། །དེ་བཞིན་དུ་ལྷུག་རྩོམ་གྱི་ཁྱད་ཆོས་བརྗོད་པར“རྣམ་པ་འཁྱར་ཡང་སྲོག་མི་འཁྱམ” ཞེས་པ་ལྟ་བུ་འགོད་མོད་ཀྱང་། དོན་དུ་འདི་ནི་རྒྱ་ནག་གི་ལྔ་བཞིའི་སྔ་གཞུག་གི་བཤད་སྟངས་ཤིག་ཡིན་གྱི་ད་ལྟའི་ཆར་རྩོམ་རིག་སྡེ་རུ་ཁས་ལེན་མིན་སྣ་ཚོགས་སུ་ཡོད་ཅིང་། རང་རེས་ནི་ཁྱད་ཆོས་འདི་ག་གཏན་དུ་འགྱུར་བ་མེད་ཅིང་ཤིང་ལ་འཛེར་མ་བཞིན་གདབ་པའི་གོ་བ་ཞིག་ཏུ་བཟུང་ཞིང་ད་ལྟ་ད་དུང་ལྷུག་རྩོམ་གྱི་དཔྱད་པ་དང་རྩོམ་རིག་སློབ་ཁྲིད་སོགས་སུ་མཐོང་དུ་བྱུང་ལ་དེ་ཡང་སྐྱོན་ཆེར་མེད་ནའང་། དེར་འགྲེལ་བ་ཡག་པོ་རྒྱག་མཁན་ཉུང་ཞིང་རང་སོའི་འདོད་ལུགས་ཙམ་གྱིས་དབང་བཙན་པར་བྱེད་མཁན་ཡང་ཡོད་པ་རེད། འདི་འདྲའི་ཟུར་བྱེ་བྲག་པའམ་ཕལ་བ་ཞིག་ནས་ཀྱང་རང་རེའི་རྩོམ་རིག་གི་གནས་སྟངས་རགས་ཙམ་མཐོང་ཐུབ་ཅིང་། མང་ཤས་ཀྱིས་ལྷུག་རྩོམ་ལྷུག་རྩོམ་ཞེས་དྲ་ལམ་ཁག་ཏུ་སྟོབས་ཀྱིས་སྤུར་བར་བྱེད་མོད། སེམས་རྣལ་དུ་ཕབ་ནས་བློ་ཞིབ་མོས་གཞིགས་མཁན་ཉུང་བའི་ཚོད་དུ་གདའ་བ་སོགས་ནི་དཔྱད་བྱ་དང་ཐད་ཀར་བའི་འབྲེལ་མཆིས་པ་ཞིག་མ་ཡིན་པས་གནས་སྐབས་སུ་སྐྱུང་བར་བྱའོ། །
ལྷུག་རྩོམ་སྤྱིའི་མཚམས་ཐིག་གི་ཐད་དུ་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་ལྷུག་རྩོམ་རང་སྟེང་གི་འཕེལ་རྒྱས་དང་མི་སོ་སོའི་རྩོམ་སྟངས་ཐད་ཀྱི་བསམ་ཚུལ་ཐ་དད་པ་སོགས་ཀྱིས་བཤད་ཚུལ་འདྲ་མིན་སྣ་ཚོགས་པ་ཅི་རིགས་བྱུང་ཞིང་། སྒྲ་ཡངས་འཇུག་གི་ལྷུག་རྩོམ་དང་སྒྲ་དོག་འཇུག་གི་ལྷུག་རྩོམ་ཞེས་ལྷུག་རྩོམ་ལ་གོ་དོན་འཇོག་པར་བྱེད། སྔ་མ་ནི་རྣམ་པའི་ཆ་སྟེ་བཅད་མ་དང་ལྟོས་བཅས་སུ་ཡོད་པའི་ལུས་ལྷུག་མའི་རྣམ་པ་ཅན་དག་ལ་གོ་ཞིང་། དེའི་ཁོངས་སུ་རྩོམ་རིག་དང་རྩོམ་རིག་མ་ཡིན་པ་ཡང་ཡོད་དོ། །ཕྱི་མས་ནི་རྩོམ་རིག་གི་ངོ་བོའི་ངོས་ཀྱི་ལྷུག་རྩོམ་གཅིག་པུར་ངོས་འཛིན་གྱིན་ཡོད། ལྷུག་རྩོམ་གྱི་གོ་བ་སྒྲ་དོག་འཇུག་ནས་སྒྲ་ཡངས་འཇུག་ཏུ་འཕེལ་བ་དང་སྒྲ་ཡངས་འཇུག་ནས་སྒྲ་དོག་འཇུག་ཏུ་འཕེལ་བ་གཉིས་ཀའི་ངོ་བོའི་ཐད་དུ་ཁྱད་པར་ཡོད་ཅིང་། རྗེས་མ་ནི་སྒྲ་དོག་འཇུག་གི་ལྷུག་རྩོམ་སྟེ་རྩོམ་རིག་གི་ངོ་བོའི་སྟེང་གི་ལྷུག་རྩོམ་དེ་ཉ་ཉོག་མཉམ་དུ་བསྲེས་བའི་རྩོམ་གྱི་མ་ལག་སྟེ་སྒྲ་ཡངས་འཇུག་གི་ལྷུག་རྩོམ་གྱི་ཁོངས་ནས་ལོགས་སུ་བཀར་བ་དང་སྔ་མ་ནི་རྗེས་མར་ཡོ་བསྲང་དང་ལེགས་བཅོས་བྱས་རྗེས་སུ་དེང་རབས་ལྷུག་རྩོམ་གྱི་ཁྱབ་ཁོངས་སུ་སྒྲ་ཡངས་འཇུག་གི་ལྷུག་རྩོམ་དང་སྒྲ་དོག་འཇུག་གི་ལྷུག་རྩོམ་མཉམ་གནས་སུ་ཡོད་པའི་གནས་སྟངས་ཁས་བླངས་པ་ཞིག་རེད། ལེགས་བཅོས་དང་སྙོམས་སྒྲིག་འདི་འདྲ་བར་ལྷུག་རྩོམ་འཕེལ་རྒྱས་ཀྱི་དངོས་ཡོད་སོགས་ཚུར་སྣང་གི་དགེ་མཚན་ཡོད་པས་ངེས་གཏན་གྱི་ལུགས་མཐུན་རང་བཞིན་ལྡན་པར་སྙམ། 
◆ རྩོམ་པ་པོ། སྒྲོལ་མ་རྒྱལ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་2019ལོའི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1