གོམས་གཤིས་ངན་པས་རྣ་བའི་ཉན་ནུས་ཉམས་སུ་འཇུག་པ།

མདོ་འདུས་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


“ད་ལྟ་གློ་བུར་རང་བཞིན་གྱི་རྣ་བ་འོན་པའི་ན་གཞོན་ནད་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་དང་། དེའི་ཁྲོད་དུ་ལོ་བཅུ་ལྷག་ཙམ་ཅན་གྱི་སློབ་མའི་ཁ་གྲངས་མི་ཉུང་བ་ཞིག་ཡོད།” ད་ལོའི་སྤྱི་ཟླ་3པའི་ཚེས་3ཉིན་ནི་རྒྱལ་ཡོངས་ཀྱི་ཐེངས་23པའི་རྣ་གཅེས་ཉིན་མོ་དེ་ཡིན་ཞིང་། ཝུའུ་ཧན་གྲོང་ཁྱེར་གྱི་ལྟེ་བའི་སྨན་ཁང་གི་རྣ་གྲེ་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཀུའོ་པེ་ཡིས་གསལ་འདེབས་བྱ་རྒྱུར། མཚན་མོར་ངལ་དུབ་ཀྱིས་མནར་བ་དང་སེམས་ཁམས་ཀྱི་གནོན་ཤུགས་ཆེ་བ། རྣ་བར་མི་སྙན་པའི་སྒྲ་ཐོས་སུ་འཇུག་པ་སོགས་ནི་རྣ་བ་འོན་པར་གྱུར་པའི་ཉེས་ཅན་གཏེ་བོ་ཡིན་པར་བཤད།
མཚན་གང་རོལ་རྩེད་རྩེས་པས་གཉིད་ལས་སད་དུས་རྣ་བ་གཡོན་པ་འོན་པར་གྱུར་པ།
ཧོང་ཕིའི་ཁྱིམ་དུ་སྡོད་པའི་ཞའོ་ཞིན་ནི་ད་ལོ་ལོ་18ཡིན་པ་དང་། གཟའ་འཁོར་གོང་མའི་གཟའ་མཇུག་ཏུ་དགོང་ཟས་བཟས་རྗེས་ཁོ་མོས་རྣ་ཉན་བརྒྱབ་ནས་རོལ་རྩེད་རྩེ་འགོ་ཚུགས་ལ་ཕྱི་ཉིན་གྱི་སྔ་དྲོའི་ཆུ་ཚོད་ལྔ་བར་དུ་རོལ་རྩེད་རྩེས་པ་དང་རྣམ་རིག་གསལ་མི་གསལ་གྱི་ངང་ནས་གཉིད། ཉིན་གཉིས་པའི་ཕྱི་དྲོར་ཐོན་དུས་མལ་ལས་ལངས་རྗེས་ཞའོ་ཞིན་གློ་བུར་དུ་མགོ་ཡུ་འཁོར་བ་དང་གཡོན་ཕྱོགས་ཀྱི་རྣ་བ་ཝང་ཝང་ཝང་ཞེས་གྲགས་བཞིན་འདུག་ལ། དེའི་རྗེས་ཁོ་མོས་ཡ་མཚན་པའི་ངང་ནས་རྣ་བ་གཡོན་པས་སྒྲ་ཐོས་མི་ཐུབ་པར་གྱུར་བ་ད་གཟོད་ཉན་ནུས་ལ་གནད་དོན་བྱུང་བ་ཤེས་སོང་། དེ་ནས་མྱུར་དུ་ཝུའུ་ཧན་གྲོང་ཁྱེར་གྱི་ལྟེ་བའི་སྨན་ཁང་གི་རྣ་གྲེ་ཚན་ཁག་གི་སྨན་པར་བསྟེན་པ་རེད།
སྨན་པས་དབྱེ་ཞིབ་བྱས་པ་ལྟར་ན། རྣ་བ་འོན་པར་གྱུར་པ་ནི་ཁོ་མོས་མཚན་གང་བོར་རོལ་རྩེད་རྩེས་པ་དང་། དེའི་ཁར་རྒྱུན་དུ་རྣ་ཆས་རྒྱབ་པར་འབྲེལ་བ་ཆེན་པོ་ཡོད་པ་དང་། སྟབས་ལེགས་པ་ཞིག་ལ་དུས་ལྟར་སྨན་པར་བསྟེན་པ་དང་། འཁོར་རྒྱུག་དང་འཚོ་བཅུད་དབང་རྩ་སོགས་ཀྱི་མ་ལག་ལེགས་བསྒྱུར་དང་སྨན་བཅོས་བྱས་རྗེས་ཁོ་མོའི་ཉན་ཤུགས་གནས་ཚུལ་ཇེ་ལེགས་སུ་ཕྱིན་ཡོད།
དེ་སྔོན་ད་དུང་སློབ་མ་ཞིག་ལ་བརྟག་དཔྱད་བྱས་མྱོང་སྟེ། དུས་རྒྱུན་རྣ་ཆས་བརྒྱབ་ནས་གླུ་ལ་ཉན་ཞོར་དུ་གཉིད་པའི་རྐྱེན་གྱིས་རྣ་བ་གཉིས་ཀྱི་ཉན་ནུས་ཚད་མར་ལྷུང་འདུག་པས། གལ་ཏེ་ཡུན་རིང་རྣ་ཆས་རྒྱག་པའི་གོམས་གཤིས་མ་བསྒྱུར་ན་འཛེར་སྒྲ་རང་བཞིན་གྱི་རྣ་བ་འོན་པར་འགྱུར་འགྲོ་བ་ཡིན།
རྣ་བ་འུར་བ་ནི་གློ་བུར་རྣ་བ་འོན་པའི་སྔ་ལྟས་ཡིན་སྲིད།
ད་ལྟ་གློ་བུར་རང་བཞིན་གྱི་རྣ་བ་འོན་པའི་ནད་པ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད་ལོ་ན་ཡང་ཇེ་གཞོན་ནས་ཇེ་གཞོན་རེད། ལྷག་པར་དུ་འཚོ་བའི་སློབ་སྦྱོང་གི་གནོན་ཤུགས་ལྕི་བ་དང་ངལ་དུབ་ཆེ་དྲགས་པའི་གནས་ཚུལ་འོག་གློ་བུར་རྣ་བ་འོན་པའི་གནས་ཚུལ་འབྱུང་སླ་བ་ཡིན། གཙོ་བོ་རྣ་ནང་གི་ཁྲག་རྩ་རེངས་འཁུམ་དང་བཀག་འགོག་བྱས་ནས་ཁྲག་དཀོན་པར་གྱུར་པ་ལས་སྒྲ་ཐོས་པའི་ཚོར་བའི་དབང་པོ་ལ་དབྱང་མཁོ་སྤྲོད་བྱེད་ཚད་མི་འདང་བའི་རྐྱེན་གྱིས་རྣ་བའི་ཉན་ཤུགས་ལ་ཤུགས་རྐྱེན་ཐེབས་པ་རེད། ང་ཚོས་ནམ་རྒྱུན་རྣ་བ་གཉིས་ཀྱིས་སྒྲ་ལ་ཉན་བཞིན་པ་དང་གློ་བུར་རང་བཞིན་གྱི་རྣ་བ་འོན་པ་མང་ཤས་ནི་རྣ་བ་ཕྱོགས་གཅིག་གི་ཉན་ནུས་ཇེ་ཞན་དུ་སོང་བ་ཡིན་པས་ང་ཚོས་སྣང་མེད་དུ་བཞག་པས་སྨན་བཅོས་རྫོགས་ལྡན་དུས་ཚོད་ལས་བདའ་བ་རེད།
གློ་བུར་རང་བཞིན་གྱི་རྣ་བ་འོན་པའི་ནད་པར་མཚོན་ན་ནད་བྱུང་བའི་ཆུ་ཚོད་72ནི་སྨན་བཅོས་བྱེད་པའི་རྫོགས་ལྡན་དུས་ཚོད་ཡིན་པས། སྨན་བཅོས་བྱེད་པའི་དུས་ཚོད་ཇི་ལྟར་སྔ་ན་རྣ་བའི་ཉན་ནུས་སླར་གསོ་ཡོང་བའི་སྲོད་ཕྱོད་དེ་ལྟར་ཆེ་བས་མགྱོགས་པོར་བཅོས་དགོས། གལ་ཏེ་རྣ་བའི་ཉན་ནུས་ལ་གནོད་འཚེ་ཕོག་རྗེས་སྨན་བཅོས་མ་བྱས་པར་གཟའ་འཁོར་གཅིག་གི་ཡན་འགོར་ན་དུས་གཏན་དུ་རྣ་བས་སྒྲ་ཐོས་མི་ཐུབ་པའི་ཉེན་ཁ་ཡོད་དོ།
རྣ་བའི་ཉན་ནུས་ཕྱེད་ཀ་ཡན་ལ་གནོད་པ་མི་ཡོང་བའི་སྔོན་འགོག་བྱེད་པ།
ཆེད་མཁས་པས་བསམ་འཆར་བཏོན་པར། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་གྲོང་ཁྱེར་མང་ཚོགས་གྱིས་ཚན་རིག་དང་མཐུན་ཞིང་བདེ་འཇགས་ཅན་གྱི་རྣ་བ་སྤྱོད་པའི་འདུ་ཤེས་འཛུགས་དགོས་པ་དང་། ན་གཞོན་རྣམས་ཀྱི་ཉན་ནུས་ལ་སྐྱོན་བྱུང་བ་ནི་གཙོ་བོ་འཚོ་བའི་གོམས་གཤིས་ངན་པ་དང་འབྲེལ་བ་ཆེན་པོ་ཡོད་པས་ཕལ་ཆེར་ཉན་ནུས་ཕྱེད་ཀ་ཡན་ལ་གནོད་པ་མི་ཡོང་བར་སྔོན་འགོག་བྱ་དགོས།
དུས་རྒྱུན་རྣ་ཆས་དུས་ཡུན་རིང་པོར་མི་རྒྱག་ཅིང་། ཉན་ཐེངས་རེར་སྐར་མ་30ལས་མི་བརྒལ་བ། སྒྲ་གདངས་མཐོ་དམའ་ནི་ཆེས་མཐོ་བའི་སྒྲ་གདངས་ཀྱི་60%ལས་མི་བརྒལ་བ། རབ་ཡིན་ན་མགོར་གྱོན་པའི་ཚུལ་ཅན་གྱི་རྣ་ཉན་རྒྱག་དགོས་ཏེ་རྣ་ཉན་གཞན་པ་དང་བསྡུར་ན་རྣ་བར་གནོད་འཚེ་ཕོག་པའི་ཚད་ཆུང་བ་རེད། ན་གཞོན་རྣམས་ཀྱིས་ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་ཤེས་དགོས་པ་མ་ཟད་མཚན་མོའི་ངལ་དུབ་ལ་འཛེམ་དགོས། ཆམ་ནད་དང་སྣའི་གཉན་ཚད་སོགས་ཀྱི་ནད་ཕོག་པའི་ནད་པ་རབ་ཡིན་ན་ཆུ་འཛུལ་བ་དང་གནམ་གྲུར་འདུག་མི་རུང་སྟེ་བར་རྣའི་གཉན་ཚད་མི་འབྱུང་བར་སྔོན་འགོག་བྱེད་དགོས། ང་ཚོས་བར་རྣའི་གཉན་ཚད་ནི་ནད་ངོས་ཆུང་ངུ་ཞིག་ཡིན་པར་སྙམ་ནས་སྨན་བཅོས་མ་བྱས་པར་ཡུན་རིང་འགོར་ན་རྣ་བ་འོན་པར་འགྱུར་སྲིད། དེ་མིན་རྣ་བར་ཡང་ཡང་སློག་ན་རྣ་བའི་སྐྱི་མོར་ཁུང་བུ་བརྟོལ་ཡོང་གི་རེད། རྒྱུན་དུ་ཚྭ་ཉུང་བའི་བཟའ་བཏུང་གིས་གཉིད་ལོག་པར་ཁག་ཐེག་དང་རྣ་བས་བདེ་འཇགས་ངང་ཉན་པར་དོ་སྣང་བྱས་ཏེ་ཉན་ནུས་ལ་སྲུང་སྐྱོབ་བྱེད་དགོས། གལ་ཏེ་གློ་བུར་དུ་མགོ་ཡུ་འཁོར་བ་དང་རྣ་བ་འུར་བ། རྣ་འཚང་བ་སོགས་ཀྱི་ནད་རྟགས་བྱུང་ཚེ་མཐོང་ཆེན་བྱས་ཏེ་དུས་ལྟར་སྨན་ཁང་དུ་སོང་ནས་ཉན་ནུས་ལ་བརྟག་དཔྱད་བྱས་རྗེས། རྣ་བའི་ཉན་ནུས་ལ་ལྡོག་ཐབས་མེད་པའི་གནོད་སྐྱོན་མི་འབྱུང་བར་སྔོན་འགོག་བྱེད་དགོས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1