༄༅།། མཚོ་སྐྱེས་སྙི་འབུ་ནི་སྲོག་ཆགས་ཡིན་ནམ་རྩི་ཤིང་ཡིན།

ཚེ་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-30


        མི་མི་ཉུང་བ་ཞིག་གིས་མཚོ་སྐྱེས་སྙི་འབུ(海绵)ནི་རྩི་ཤིང་ཡིན་པར་འདོད་མོད། དོན་དངོས་སུ་དེ་ནི་གདོད་མའི་སྲོག་ཆགས་ཤིག་རེད། དེ་ནི་སྒལ་ཚིགས་མེད་པའི་སྲོག་ཆགས་ཁྲོད་ཀྱི་ཁུང་མང་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པ་ཞིག་ཡིན་ལ། ལུས་པོ་འཇམ་ཞིང་འགྱིག་སོབ་དང་འདྲ་བའི་ཁར། མཚོ་ནང་དུ་འཚོ་བ་རོལ་བཞིན་ཡོད་པས་དེ་ལྟར་མིང་ཐོགས་པ་རེད།
        མཚོ་སྐྱེས་སྙི་འབུ་ཡིས་རྒྱ་མཚོའི་ནང་དུ་ལོ་ངོ་དུང་ཕྱུར་གཉིས་ཀྱི་རིང་ལ་འཚོ་བ་རོལ་ཞིང་། དེ་ལ་རིགས་ཆིག་ཁྲི་ལྷག་ཙམ་ཡོད་དེ། རླུང་གཡབ་ཀྱི་དབྱིབས་དང་ཟླུམ་དབྱིབས། ལྒང་བཞིའི་དབྱིབས། སྦུ་གུའི་དབྱིབས་དང་། དམ་བེའི་དབྱིབས། ཕོར་དབྱིབས་སོགས་ཀྱི་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་པར་མ་ཟད། ཁ་མདོག་ལའང་དཀར་པོ་དང་དམར་པོ། སེར་པོ། རྒྱ་མདངས། དངུལ་ཐལ་སོགས་ཡོད། གཟུགས་དབྱིབས་ནི་ཧའོ་སྨི་འགའ་ནས་ཧའོ་སྨི་བཅུ་ལྷག་བར་གྱི་ཆེ་ཆུང་མི་འདྲ་བ་ཡོད་པ་དང་། ལུས་པོ་ཚང་མ་ཕྱི་ནང་རིམ་པ་གཉིས་ཀྱི་ཕྲ་ཕུང་གིས་གྲུབ་ཡོད། ལུས་ངོས་སུ་ཁུང་བུ་དུང་ཕྱུར་བཞི་ལྷག་ཡོད་པ་དེ་ལུས་ཁོག་དང་འབྲེལ་ཡོད། ལུས་པོ་ཡོངས་ལ་ཁྱབ་པའི་ཁུང་བུའི་ནང་དུ་སྐྱེས་པའི་སྤུ་ཉག་གཡོ་བ་ལ་བརྟེན་ནས་མཚོ་ཆུ་འཐུང་བ་དང་། མཚོ་ཆུའི་ནང་གི་དབྱང་རླུང་དང་སྐྱེ་ལྡན་དངོས་རྫས། ཆུ་རྩྭའི་རིགས་སོགས་མཚོ་སྐྱེས་སྙི་འབུའི་ཁོག་པ་རུ་བཙགས་རྗེས་འཚོ་བཅུད་སྡུད་ལེན་བྱེད་ཀྱིན་ཡོད།
        མཚོ་སྐྱེས་སྙི་འབུ་ནི་ཚ་ཁུལ་རྒྱ་མཚོ(热带海洋)ནས་གླིང་སྣེའི་བྱང་འཁྱགས་རྒྱ་མཚོའི(极地北冰洋)བར་གྱི་མཚོ་ཁོངས་ཆེན་པོར་ཁྱབ་ཡོད་པར་མ་ཟད། ཆུ་བོ་དང་མཚེའུ་ཡི་ནང་དུའང་གང་སར་མཐོང་ཐུབ། མཚོ་སྐྱེས་སྙི་འབུས་དངོས་རྫས་ཤིག་ཟགས་ཐོན་བྱས་པ་ལ་བརྟེན་ནས། མཐའ་འཁོར་གྱི་ཆུའི་ནང་གི་གནོད་ལྡན་སྐྱེ་དངོས་མང་པོ་བསད་དེ། ཆུ་རྒྱུ་ཇེ་ལེགས་སུ་གཏོང་བཞིན་ཡོད། ཁོ་ཚོའི་ལུས་ཕུང་དུ་འདུས་པའི་རང་བྱུང་སྐྱེ་འགོག་རྒྱུ་ཡིས་ད་དུང་གློ་གཅོང་སྲིན་བུ་རྩ་མེད་དུ་བཏང་ནས། གྲུམ་བུ་དང་དབང་རྩའི་མ་ལག་གི་ནད་གསོ་སྐྱོང་བྱེད་ཐུབ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1