ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 04-02


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ཏེ།
“3·21”ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་MU5735རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུའི་འཕུར་སྐྱོད་ལས་འཛོལ་གྱི་འཕྲལ་སྡོམ་ཐག་གཅོད་བྱས་ཚུལ་གྱི་སྙན་སེང་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་གནང་བ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་31ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས“3·21”ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་MU5735རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུའི་འཕུར་སྐྱོད་ལས་འཛོལ་གྱི་འཕྲལ་སྡོམ་ཐག་གཅོད་བྱས་ཚུལ་གྱི་སྙན་སེང་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད།
        ཚོགས་འདུའི་ཐོག་བསྟན་དོན། “3·21”ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་MU5735རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུའི་འཕུར་སྐྱོད་ལས་འཛོལ་ཐོན་རྗེས་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་སྟེ། འཕྲལ་སྡོམ་ལམ་སྲོལ་འཕྲལ་མར་ལག་བསྟར་བྱས་ནས་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་དང་རྗེས་འཇུག་ལས་དོན་ཡག་པོ་བསྒྲུབས་ཏེ་རྒྱུ་རྐྱེན་གང་མགྱོགས་རྩད་གཅོད་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་སེམས་གསོ་དང་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད། འབྲེལ་ཡོད་ཕྱོགས་ཁག་གིས་བཀའ་འབྱོར་འཕྲལ་སྒྲུབ་དང་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་དམངས་སྤྱོད་མཁའ་འགྲུལ་དང་། འཕྲལ་སྒྲུབ། སྤྱི་བདེ། དམག་དཔུང་། འཕྲོད་བསྟེན་བདེ་ཐང་དང་ཀོང་ཤིས་སོགས་ཕྱོགས་ཁག་གི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ“གཅིག་གྱུར་བཀོད་འདོམས་དང་། ཁག་བགོས་འགན་འཁུར། གཏིང་ཟབ་ལ་ཞིབ་ཚགས་པ། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པ”བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ནས་འབྲེལ་ཡོད་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཡོད། མིག་སྔར་རྗེས་འཇུག་ལས་དོན་དང་ལས་འཛོལ་ཐོན་རྐྱེན་བརྟག་དཔྱད་སོགས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
        ཚོགས་འདུའི་ཐོག་ནན་བཤད་གནང་དོན། ད་རེས་ཀྱི་གནམ་གྲུའི་ལས་འཛོལ་ནང་མི་132སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་བས་ང་ཚོར་སེམས་སྡུག་ཆེན་པོ་བྱུང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ་རྗེས་འཇུག་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ནས་ཡང་འབད་བསྐྱར་འབད་དང་མགོ་ཡོད་མཇུག་ཡོད་བྱེད་དགོས། རྐྱེན་ལམ་དུ་ཤོར་མཁན་གྱི་ཕུང་པོ་དང་ཤུལ་དངོས་རྩིས་སྤྲོད་ལེགས་སྒྲིག་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་འདས་པོར་ལ་རྒྱ་ཡོད་པ་དང་ནང་མིར་སེམས་གསོ་གཏོང་དགོས། རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་རོགས་སྐྱོར་དང་རྒུད་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་བློ་བདེ་པོ་ཡོང་བ་བྱེད་དགོས། འབྲེལ་ཡོད་ཕྱོགས་ཁག་གིས་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་ལས་འཛོལ་ཐོན་རྐྱེན་བརྟག་དཔྱད་བྱས་ནས་ཕྱོགས་ཁག་གི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་ཀྱིས་གནམ་གྲུའི་གྲངས་གཞི་དང་དངོས་རྫས་རིགས་ཀྱི་དཔང་རྟགས་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཏེ་ལས་འཛོལ་ཐོན་རྐྱེན་དང་ངོ་བོ་གང་མགྱོགས་རྩད་གཅོད་གསལ་པོ་བྱེད་དགོས། རྗེས་མཐུད་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ལས་དོན་བརྟན་ལ་གོ་རིམ་ལྡན་པའི་ངང་ཡག་པོ་བསྒྲུབས་ནས་དུས་ཐོག་དང་། ཡང་དག ཡོངས་བསྒྲགས། ཁ་གསལ་བཅས་ཀྱི་རྩ་དོན་ལྟར་ཆ་འཕྲིན་རྒྱུན་མཐུད་སྤེལ་ཏེ་སྤྱི་ཚོགས་ཀྱི་དོ་ཁུར་ལ་བརྡ་ལན་ཧུར་ཐག་སློག་དགོས།
        ཚོགས་འདུའི་ཐོག་བསྟན་དོན། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། འཕེལ་རྒྱས་གཏོང་བར་བདེ་འཇགས་བློས་གཏོང་གཏན་ནས་བྱེད་མི་རུང་། ཕྱོགས་ཁག་གིས་ངེས་པར་དུ་བསླབ་བྱ་བསྡུ་ལེན་གཏིང་ཟབ་དང་ཟུར་བལྟས་ལེབ་མཐོང་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་རྒྱལ་ཡོངས་སུ་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་ཞིབ་བཤེར་ཆེ་མོ་ཕྱོགས་ཡོངས་ནས་སྤེལ་བ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ། ལས་འཛོལ་སྣ་ཚོགས་གང་ཐུབ་ཅི་ཐུབ་ཀྱིས་མི་ཐོན་པ་བཅས་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས། འགན་འཁྲི་དོན་འཁྱོལ་མི་བྱེད་པ་དང་། བྱེད་ཐབས་དོན་ཐོག་ཏུ་མི་འཁྱོལ་བ། གྲལ་བཤེར་དང་བཅོས་སྒྲིག་ཕྱི་ཚུལ་ཙམ་དུ་ལུས་པ་སོགས་ཀྱིས་རྐྱེན་པས་ལས་འཛོལ་ཐོན་རིགས་ལ་ཐད་ཀའི་འགན་འཁུར་མི་སྣའི་འགན་འཁྲི་བདའ་འདེད་གཏོང་དགོས་པ་མ་ཟད། འབྲེལ་ཡོད་འགོ་ཁྲིད་ལའང་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
        ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་ལ་ཞིབ་འཇུག་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1