ཁྲིམས་སྐྱོང་ཚོན་གྱིས་བདེ་སྐྱིད་རྔ་བའི་ཕ་གཞིས་བྲིས།

ཉི་མ་དངོས་གྲུབ་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 04-06


རྔ་བ་ཁུལ་གྱིས་ཁྲིམས་ལུགས་སྲིད་ཇུས་ཀྱི་བགྲོད་པ་བདུན་གྱི་ལས་དོན་ནན་གྱིས་བསྒྲུབས་པའི་གནས་ཚུལ་ཆེད་བྲིས།


      ཁྲིམས་ལུགས་སྲིད་ཇུས་ཀྱི་བགྲོད་པ་བདུན་ནི། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ཐབས་ལམ་གཙོ་བོ་ཞིག་དང་། ཁུལ་སྐྱོང་ཁྲིམས་མཐུན་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་ལག་ལེན་གལ་ཆེན་ཞིག་སྟེ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་གནད་འགག་ཐག་གཅོད་བྱེད་པའི་རྨང་གཞིའི་ལས་དོན་ཞིག་ཡིན།
      ཉེ་བའི་ལོ་ཤས་རིང་། ཁུལ་ཨུའི་བརྟན་བརླིང་འགོ་ཁྲིད་ཀྱི་བྱ་བཞག་ཁྲོད། རང་ཁུལ་གྱིས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་འཐབ་ཇུས་མཛུབ་སྟོན་དུ་བཟུང་ཞིང་། ཞིང་ཨུ་དང་ཁུལ་ཨུའི་བོད་འབྲེལ་ལས་དོན་སྐོར་གྱི་ཆོད་དོན་གྲོས་གཞི་མཐའ་དག་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས། ཁྲིམས་མཐུན་བཅོས་སྐྱོང་གི་གཙོ་གནད་དང་། དཀའ་གནད། ལག་ལེན་གསར་བཏོད་བཅས་ལ་དམ་པོར་དམིགས་ནས། ཁྲིམས་ལུགས་སྲིད་ཇུས་ཀྱི་བགྲོད་པ་བདུན་གཏིང་ཟབ་ཀྱིས་སྤེལ་ཅིང་། བོད་འབྲེལ་ས་ཁུལ་གྱི་ཁྲིམས་མཐུན་བཅོས་སྐྱོང་གི་ལས་དོན་ནན་གྱིས་བསྒྲུབས། དེ་བས་ཁྲིམས་འཛིན་སྲིད་འཛིན་གྱི་ལས་དོན་སྔར་བཞིན་ཞིང་ཆེན་ཡོངས་ཀྱི་ཨང་དང་པོའི་གྲལ་དང་། ཁྲིམས་ལུགས་སྲིད་ཇུས་དགོན་སྡེ་རུ་བགྲོད་པའི་ལས་དོན་ལ་ཡང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་རྗེས་སུ་ཡི་རང་གི་བསྟོད་བསྔགས་གནང་། དེར་མ་ཟད་རང་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ལས་དོན་ཚོགས་འདུའི་མགྲིན་ཚབ་གྲོང་ཁྱེར་(ཁུལ)5ཡི་གྲས་སུ་བདམས། 

      བཅའ་ཁྲིམས་སེམས་ཀྱིས་ཤེས་ལ་སྤྱོད་པས་བསྲུངས་པས། རྔ་བའི་འཛིན་མའི་ཁྱོན་ཀུན་ཏུ་ཁྲིམས་མཐུན་བཅོས་སྐྱོང་གི་ཉི་འོད་རབ་ཏུ་འཕྲོས། 



 འབུར་ཐོན་གྱི་གཙོ་གནད།
ཁྲིམས་ལ་བརྩི་སྦྱོང་སྲུང་སྤྱོད་ཀྱི།། ལས་སུ་དམངས་ཡོངས་སྐུལ་འདེད་བཏང་།།

      ཉེ་སྔོན། མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་ཀྱིས་གདོང་སྣེ་བོད་ཡིག་སློབ་འབྲིང་དུ་ལང་ཚོའི་ལམ་གྱི་དཔུང་ཡ། ཁྲིམས་སྐྱོང་འབྲལ་མེད་ཡོད་ཅེས་པ་བརྗོད་གཞིར་བཟུང་སྟེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་གཏིང་ཟབ་པ་སྤེལ་ཅིང་། སློབ་མ་རྣམས་ལ་ཆུང་དུས་ནས་ཁྲིམས་སྐྱོང་གི་འདུ་ཤེས་ཡོད་དགོས་པའི་སྐུལ་སློང་བྱས།
      བྱེད་སྒོའི་ཡུལ་དངོས་སུ། ཁྲིམས་སྐྱོང་དྲིལ་སྒྲོག་པས་བུམ་པ་གང་བྱོའི་ཚུལ་གྱིས་གཞོན་ནུ་ལོ་ཆུང་རྣམས་ཀྱིས་ངེས་དགོས་པའི་ཁྲིམས་ལུགས་ཤེས་བྱ་དག་རིམ་པར་བཤད་ཅིང་། འཚོ་བའི་ཁྲོད་ཀྱི་དཔེ་དང་སྦྱར་ནས་གསལ་བཤད་དང་། ཕན་ཚུན་དྲི་བ་དྲིས་ལན་གྱི་ལམ་ནས་སློབ་མ་རྣམས་ཀྱི་ཁྲིམས་ལུགས་ཤེས་བྱའི་སྐོར་གྱི་ཤེས་འདོད་མོས་པ་སྐུལ་སློང་དང་། ཤེས་བྱ་བརྒྱུད་སྤྲོད་བྱས།  
      གདོང་སྣེ་བོད་ཡིག་སློབ་འབྲིང་གི་དམའ་གཉིས་སློབ་མ་སྒྲོལ་མས་གསར་འགོད་པར་སྨྲས་པ། ཁྲིམས་ལུགས་ཤེས་བྱའི་སྒྲོག་འགྲེལ་ལ་མཉན་རྗེས། ང་ལ་སློབ་རའི་འཚོ་བའི་མི་མངོན་གནོད་འཚེ་དང་རྐྱེན་བར་ཆད་ཇི་ཟླར་བཟློག་པ་དང་། གཉོམ་ཆུང་ལ་ཐུབ་ཚོད་དང་ཚུལ་མིན་སྤྱོད་བཙོག་སོགས་དང་རྒྱང་དུ་གྱེས་དགོས་པ། རང་སྲུང་གི་འདུ་ཤེས་མཐོར་འདེགས་བཅས་ལ་སྔར་ལས་ལྷག་པའི་ངོས་འཛིན་གསར་བ་དང་བློ་བསྐྱེད་རྒྱ་ཆེན་པོ་ཐོབ་བྱུང་ཟེར།
      སློབ་གྲྭ་ནས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་སྤེལ་བ་ནི་རང་ཁུལ་གྱིས་ཁྲིམས་སྐྱོང་དྲིལ་སྒྲོག་གི་ལས་དོན་ལ་ཤུགས་བསྣན་པའི་བསྡུས་གཟུགས་ཤིག་སྟེ། ཉེ་བའི་ལོ་འདི་དག་གི་རིང་ལ། རང་ཁུལ་གྱིས་རྒྱུན་སྲོལ་རྣམ་པས་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ། ལས་ཁུངས་དང་སྡེ་ཁུལ། གྲོང་དང་དགོན་སྡེ་བཅས་སུ་ཟབ་ཞུགས་ཀྱིས་ཀུན་ལ་ཁྱབ་ཅིང་གནད་དུ་འཁེལ་བའི་ཁྲིམས་སྐྱོང་དྲིལ་སྒྲོག་གི་སློབ་གསོའི་ལས་དོན་བསྒྲུབས་པས། ཁྲིམས་སྐྱོང་གནས་བབ་ཉམས་དགའ་བ་ཞིག་ཆགས་ཡོད།
      ཁྲིམས་ལུགས་ཀྱི་སྲོག་གི་རྒྱུན་ཐག་ནི་ལག་བསྟར་བྱེད་པ་ཡིན་ལ། ཁྲིམས་ལུགས་ཀྱི་དབང་གྲགས་ཀྱང་དེ་ཡིན། དེ་བས་གླེགས་བམ་དུ་བཀོད་པའི་ཁྲིམས་ལུགས་དེ་འཚོ་བ་དངོས་ཀྱི་ཁྲིམས་ལུགས་ཤིག་ཏུ་ཇི་ལྟར་བསྒྱུར་བ་ནི། རང་ཁུལ་གྱིས་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་སྒྲོག་སློབ་གསོའི་ཁྲོད་ཀྱི་བསམ་གཞིགས་དང་འཚོལ་སྙེགས་ཀྱི་གནད་དོན་ཞིག་ཡིན།

      དམིགས་འབེན་ཕྱོགས་སྟོན་དུ་བཟུང་སྟེ། ཐོག་མཐའ་བར་གསུམ་དུ་བོད་འབྲེལ་ས་ཁུལ་གྱི་རྒྱུན་རིང་བརྟན་བརླིང་དང་། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་རྒྱས་བཅས་ལ་དམིགས་ཏེ། དྲིལ་སྒྲོག་བྱེད་ཤུགས་རྒྱ་བསྐྱེད་དང་རྒྱུན་སྲོལ་རྣམ་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ་བ།
      དགོས་མཁོ་ཕྱོགས་སྟོན་དུ་བཟུང་སྟེ། གྱོད་དཔེ་དང་སྦྲགས་ནས་ཁྲིམས་ལུགས་འགྲེལ་བཤད། མང་ཚོགས་ལ་རྐང་བཙུགས་ཏེ་སློབ་གསོ་གཏོང་བ། མང་ཚོགས་ཀྱི་མཐའ་འཁོར་དུ་བྱུང་བའི་དཔེ་མཚོན་ལྡན་པའི་གྱོད་དོན་བསྡུ་བསྒྲིག་བྱས་ཏེ་གྱོད་དཔེ་འགྲེལ་བཤད་ཀྱི་ཀློག་དེབ་རྩོམ་སྒྲིག་དང་། ཁྲིམས་ལུགས་སྲིད་ཇུས་སྒྲོག་འགྲེལ་ཚོགས་པ་ཀུན་ལ་ལྟ་སྐུལ་དང་མཛུབ་སྟོན་གྱིས་དགོན་སྡེ་དང་། གྲོང་གསེབ། འབྲོག་ཁུལ་བཅས་ལ་མུ་མཐུད་དུ་བསྐོར་བསྐྱོད་སྒྲོག་འགྲེལ་བྱེད་པའི་བླངས་བྱ་བཏོན། 2021ལོར། ཁྲིམས་ལུགས་སྒྲོག་འགྲེལ་ཐེངས་5290ལྷག་དང་། མང་ཚོགས་ཁྲི་89.9ལྷག་ལ་སློབ་གསོ་ཐོབ་པར་བྱས།
      གནད་དོན་ཕྱོགས་སྟོན་དུ་བཟུང་སྟེ། དགོན་པ་རེ་དང་སྲིད་ཇུས་རེ་ཡི་ཁྲིམས་མཐུན་དོ་དམ་ལེགས་སྒྲིག་དང་དགོན་པའི་བཅོས་སྐྱོང་ལ་དམ་པོར་དམིགས་ཏེ། ལས་བྱེད་པ་དང་དགེ་འདུན་པ་ཟུང་འབྲེལ་གྱི་ཁྲིམས་ལུགས་སྲིད་ཇུས་ཀྱི་ཤེས་བྱའི་འགྲན་སྡུར་སྤེལ་བའི་བྱེད་སྒོ་གསར་དུ་སྤེལ། 2021ལོར། ཁྲིམས་ལུགས་ཤེས་བྱ་སྒྲོག་འགྲེལ་ཐེངས་2400ལྷག་བྱས་ཤིང་། གྲྭ་བཙུན་ཁྲི་6ལྷག་ལ་སློབ་གསོ་ཐོབ་པར་བྱས། རང་མི་རིགས་ཀྱི་ཁྱད་ཆོས་དང་ཆོས་ལུགས་ཀྱི་ཁྱད་ཆོས་མངོན་པར་དོད་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་ཀློག་དེབ་རྩོམ་སྒྲིག་པར་བསྐྲུན་བྱས་ཤིང་ཀློག་དེབ་དང་དྲིལ་བསྒྲགས་ཡོ་ཆས་རིགས་100ལྷག་དང་ཁ་གྲངས་ཁྲི་167ལྷག་གསར་དུ་བཟོས།    
      གྲངས་ཀ་འདི་དག་གི་གསེང་ན། རང་ཁུལ་གྱིས་ཚད་མཐོན་པོས་ཁྲིམས་ལུགས་ཁྱབ་གདལ་གྱི་ལས་དོན་ལ་སྐུལ་འདེད་དང་། ཁྲིམས་མཐུན་བཅོས་སྐྱོང་ལ་ཤུགས་བསྣན་པའི་དོན་དངོས་ཀྱི་གནས་ཚུལ་མངོན་ཡོད།
      ད་སྐབས། རོང་འབྲོག་ས་ཁུལ་གང་ཡིན་དང་། གྲོང་གསེབ་དང་མཁར་གྲོང་གང་དུ་ཡང་། ཁྲིམས་ལུགས་ཁྱབ་གདལ་གྱི་ལས་ཀ་པ་དང་དང་བླངས་པ་གང་སར་མཐོང་ཐུབ་ལ། ཁྲིམས་སྐྱོང་གི་སྐད་སྙན་ཀུན་ལ་སྒྲོག་བཞིན། དམངས་ཡོངས་ཀྱིས་ཁྲིམས་ལུགས་ལ་བརྩི་བཀུར་དང་། ཁྲིམས་ལུགས་ལ་སློབ་སྦྱོང་། ཁྲིམས་བསྲུང་བ། ཁྲིམས་ལུགས་སྤྱོད་པ་སོགས་ཀྱི་གནས་བབ་ལེགས་པོ་ཞིག་ཆགས་པར་བྱས་དང་བྱེད་བཞིན་ཡོད། 

 གསར་བཏོད་ཀྱི་རྒྱུན་བསྲིང་།
ཁྲིམས་སྐྱོང་འདུ་ཤེས་རིམ་བཞིན་དུ།། དམངས་ཡོངས་སེམས་སུ་འཇགས་པར་བྱས།།

      རྔ་བ་རྫོང་གི་ལྡེ་གུ་དགོན་པའི་རབ་བྱུང་བ་ཞིག་གིས་བཤད་ན། ཨང་དང་པོ་ཐོབ་པས་ཤིན་ཏུ་དགའ། རྗེས་ཕྱོགས་ཀྱི་ཉམས་ལེན་ཁྲོད་དུ། ངས་ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། དར་ཆ་གསལ་ཞིང་ལངས་ཕྱོགས་བརྟན་པ། སྒྲིག་བརྩི་ཁྲིམས་སྲུང་། སྤྱོད་ལམ་འཕགས་པའི་རབ་བྱུང་བ་ཞིག་བྱེད་ངེས་ཡིན་ཞེས་བཤད།
      2021ལོའི་ཟླ་9ཚེས་24ཉིན། རྔ་བ་རྫོང་གིས། ཁྲིམས་སྐྱོང་དགོངས་དོན་ཁྱབ་གདལ་གྱིས། །དགོན་སྡེར་ཁྲིམས་མཐུན་དོ་དམ་བྱེད། །ཅེས་པ་བརྗོད་དོན་དུ་བྱས་ཏེ། ལས་བྱེད་པ་དང་དགེ་འདུན་པ་ཟུང་དུ་འབྲེལ་བའི་ཁྲིམས་ལུགས་སྲིད་ཇུས་ཀྱི་ཤེས་བྱའི་འགྲན་སྡུར་སྐབས་དང་པོ་སྤེལ། འགྲན་སྡུར་ལ་རྩ་ཁྲིམས་དང་། དམངས་ཁྲིམས། ཆོས་ལུགས་ལས་དོན་གྱི་ཁྲིམས་སྲོལ། འགྲིམ་འགྲུལ་བདེ་འཇགས་ཁྲིམས་སྲོལ་སོགས་ཁྲིམས་ལུགས་སྒྲིག་སྲོལ་གྱི་ཤེས་བྱ་གཙོ་གནད་དུ་བཟུང་ཞིང་། འགྲན་བསྡུར་དང་སློབ་ཁྲིད་ཕན་ཚུན་ཟུང་འབྲེལ་དང་། ཕན་ཚུན་སྐུལ་འདེད་བཅས་ཀྱི་ཐབས་ལམ་ལག་ལེན་བྱས།
      ལས་བྱེད་པ་དང་དགེ་འདུན་པ་ཟུང་དུ་འབྲེལ་བའི་ཁྲིམས་ལུགས་ཁྱབ་གདལ་བྱེད་ཐབས་འདི་ནི། རང་ཁུལ་གྱིས་ཁྲིམས་ལུགས་སྲིད་ཇུས་ཀྱི་བགྲོད་པ་བདུན་གྱི་ལས་དོན་བསྒྲུབ་པའི་གསར་བཏོད་ཀྱི་ཐབས་ལམ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ཁྲིམ་ལུགས་ཁྱབ་གདལ་གྱི་དངོས་ཡོད་ཕན་ནུས་གཙིགས་སུ་བཟུང་ཞིང་། ཐབས་ལམ་གསར་གཏོད་ཀྱི་གོམ་སྟབས་མཚམས་མ་བཞག་པར། ཁྲིམས་ལུགས་ཁྱབ་གདལ་གྱི་ཆུ་ཚད་མཐོར་འདེགས་དང་། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་དངོས་ཡོན་ཕན་ནུས་རྒྱ་བསྐྱེད་གནང་།

      རྣམ་པའི་སྐོར་ནས་གསར་བཏོད་བྱས་པ་སྟེ། ཁྲིམས་ལུགས་དང་སྲིད་ཇུས་ཟུང་དུ་འབྲེལ་བའི་ཁྲིམས་ལུགས་ཁྱབ་གདལ་རྣམ་པ་ཕྱོགས་ཡོངས་གཏིང་ཟབ་ཏུ་བཏང་སྟེ། རྩ་ཁྲིམས་དང་བཅའ་ཁྲིམས། ཏང་གི་དམངས་ཕྱུག་དམངས་ཕན་སྲིད་ཇུས་སོགས་ཤུགས་ཆེན་པོས་ཁྱབ་བསྒྲགས་བྱས་ཏེ། འབྲེལ་ཡོད་ཁྲིམས་ལུགས་ཤེས་བྱ་དམངས་ཀྱི་སེམས་སུ་གསལ་བོར་བཀོད།
      ཐབས་ལམ་གསར་བཏོད་བྱས་པ་སྟེ། ཚོགས་པ་བསྒྲིགས་པ་དང་སྐོར་བསྐྱོད་ཀྱི་སྒྲོག་འགྲེལ་དང་། ལས་བྱེད་པ་དང་དགེ་འདུན་པ་ཟུང་དུ་འབྲེལ་བའི་ཁྲིམས་ལུགས་ཁྱབ་གདལ། དྲ་ལམ་དང་ཡུལ་དངོས་ཟུང་དུ་འབྲེལ་བའི་དྲིལ་སྒྲོག་བྱེད་ཐབས་སོགས་སྤྱད་དེ། རྣམ་པ་མང་པོ་དང་ཁྱབ་ཚད་མཐོ་བའི་ཁྲིམས་ལུགས་སྲིད་ཇུས་དྲིལ་སྒྲོག་གི་མ་ལག་མགྱོགས་མྱུར་གྱིས་འཛུགས་པར་སྐུལ་འདེད་བྱས།
      སྤུས་རྟགས་ཀྱི་ཕྱོགས་ནས་གསར་བཏོད་བྱས་པ་སྟེ། ཁྲིམས་སྐྱོང་ཉི་འོད་ཀྱི་ལེ་ཚན་སྔར་ལས་ལེགས་བསྒྱུར་གྱིས། ལེ་ཚན་ཐེངས་102བསྒྲུབས་ཤིང་། སི་ཁྲོན་དང་མཚོ་སྔོན། ཀན་སུའུ་ཡི་ས་ཁུལ་དུ་ཁྱབ་ཚད་རྒྱུན་མི་ཆད་པར་རྒྱ་བསྐྱེད་དང་། ཤན་ཞུགས་ཐེབས་ཚད་ཀྱང་གོང་ནས་གོང་དུ་འཕེལ། གཞི་རིམ་བཅོས་སྐྱོང་གི་དཀའ་གནད་ཐག་གཅོད་པར་རྐང་བཙུག་ནས། སྒྲོལ་མའི་དབང་སྲུང་གི་ལམ་བུ་ལ་སོགས་པའི་ཁྲིམ་སྐྱོང་བརྗོད་གཞིར་བྱས་པའི་བརྙན་ཐུང་བཟོས།

      ཇི་སྐད་དུ། ཁྲིམས་ལུགས་ནི་ཆབ་སྲིད་ཀྱི་མགོ་རྩོམ་ས་ཡིན་ཞེས་པ་ལྟར།  བཅའ་ཁྲིམས་སྲིད་ཇུས་ཀྱི་བགྲོད་པ་བདུན་གྱི་ལས་དོན་ཡག་པོ་བསྒྲུབ་ཆེད།  རང་ཁུལ་གྱིས་བྱེད་སྒོའི་ལྟེ་གནས་འཛུགས་སྐྲུན་དང་། ཆེད་དོན་བྱེད་སྒོ། དཔུང་ཁག་འཛུགས་སྐྱོང་། ལས་དོན་སྤྱི་སྟེགས་གསར་འཛུགས་བཅས་ལ་དམ་པོར་དམིགས་ནས། ཁྲིམས་ལུགས་འཛུགས་སྐྱོང་གི་རྣམ་པ་གསར་བ་ཞིག་ཆགས་པར་ནུས་ཤུགས་ཡོད་རྒུ་བཏོན།  མིག་སྔའི་བར་དུ། ཁུལ་ཡོངས་སུ་ཁྱད་ཆོས་ཕྱུག་ལ་བརྗོད་དོན་གསལ་བའི་ཁྲིམས་སྐྱོང་རིག་གནས་ཐང་ཆེན(ཁྱམས་ར)71བསྐྲུན་ཅིང་། ཁུལ་ཡོངས་སུ་དགོན་སྡེའི་བཅའ་ཁྲིམས་སྲིད་ཇུས་དྲིལ་སྒྲོག་ལྟེ་བ་282དང་། ཁྲིམས་ལུགས་ཞབས་ཞུའི་ས་ཚིགས་220བཅས་བཙུགས་ཤིང་། དགོན་སྡོད་མི་དམངས་འདུམ་འགྲིག་ལས་སྒྲུབ་ཁང་22གསར་དུ་བཙུགས། ཁུལ་ཡོངས་སུ་སྒྲོག་འགྲེལ་ཚོགས་པ་14དང་ཡན་ལག་ཚོ་ཆུང་220བཙུགས། གྲོང་གསེབ་དུ་ཁྲིམས་ལུགས་ལ་བློ་ཁ་བྱང་བའི་མི་5334དང་། དགོན་པ་རུ་ཁྲིམས་ཀྱི་བློ་མིག་ལྡན་པའི་མི523དང་། ཁྲིམས་ལུགས་ཁྱབ་གདལ་གྱི་དང་བླངས་པ་860བཅས་གསོ་སྐྱོང་བྱས།

      ཁྲིམས་སྐྱོང་སྟོབས་ཤུགས་བསྡུས་ནས། འཕེལ་རྒྱས་རྨང་གཞི་བརྟན་པོར་གདིང་བ་སྟེ། ཕན་ནུས་དང་ལས་ཕྱོད་མཐོ་བའི་བྱེད་སྒོ་མང་དུ་སྤེལ་བའི་མཐའ་འབྲས་སུ། ཁྲིམས་སྐྱོང་འདུ་ཤེས་དམངས་ཡོངས་སེམས་སུ་བརྟན་པོར་འཇགས་ཤིང་། ཁྲིམས་སྐྱོང་གནས་བབ་ཉིན་བཞིན་ཇེ་ལེགས་དང་། ཁྲིམས་སྐྱོང་སྤྱི་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་བརླིང་བཅས་སུ་བཏང་སྟེ། ཆུ་ཚད་སྔར་ལས་མཐོ་བའི་ཁྲིམས་སྐྱོང་གི་རྔ་བ་དང་བདེ་འཇགས་ཀྱི་རྔ་བའི་དུས་ཡག་བསྐལ་བཟང་ལ་སླེབས་འདུག་གོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1