༄༅།། འབྲུ་སྒ་སྡེའི་རྗེས་ཤུལ་བཙལ་བ།

དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-01



དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས། 

         འདན་ཁོག་ཏུ་སྒ་འབྲུ་འདན་གསུམ་ལས་འདན་མ་གཡུ་རྒྱལ་ཐོག་རྒོད་དང་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག །སྒ་སྐྱ་ལོའི་སྟོན་པ་རྒྱལ་མཚན་སོགས་ཀྱི་རྗེས་ཤུལ་མང་། 2019 ལོར་གླིང་གེ་སར་རྟོག་ཞིབ་ཚོགས་པའི་ཚོ་ཆུང་གཉིས་པས་འདན་ཁོག་གི་འབྲི་ཆུ་སྲིབ་ཀྱི་འདན་ཆོས་འཁོར་དགོན་པའི་ཟུར་ནས་འདན་སྲས་གཡུ་འོད་འབུམ་མེའི་མཁར་ཤུལ་དང་། འདན་མ་དང་སྒ་སྡེ་གཉིས་འབྲུ་ཐང་ཟེར་བའི་གནས་དེར་མཇལ་འཕྲད་གནང་སའི་ཞབས་རྗེས་ལ་རྟོག་ཞིབ་བྱས་རྗེས་འབྲུ་མདའི་རྡོ་སྦལ་བ་འདྲ་བའི་གཡོན་ཕྱོགས་ཀྱི་འབྲུ་ཁོག་ཏུ་འབྲུ་ཡུལ་དང་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་རྗེས་ཤུལ་འཚོལ་འགོ་ཚུགས། ང་ཚོས་ས་གནས་དེའི་དམངས་ཁྲོད་རིག་གནས་པ་སྨོན་ལམ་བསྟན་འཛིན་དང་། ཀརྨ་ཐུབ་བསྟན། དཀར་ཆོས་སོགས་ལ་བཅར་འདྲི་ཞུས་ནས་འབྲུ་ཁོག་གི་ལོ་རྒྱུས་གཏམ་རྒྱུད་དང་རྗེས་ཤུལ་མང་པོ་ཞིག་རྟོགས་པས་དེ་དག་རེ་རེ་བཞིན་ངོ་སྤྲོད་བྱ་རྒྱུ་ཡིན། 

 འབྲུའི་མི་རྒྱུད་མཆེད་ཚུལ་དང་འབྲུ་ཁོག་གི་གཏམ་རྒྱུད། 


འབྲུ་ཐང་གི་འདན་མ་དང་སྒ་སྡེ་གཉིས་མཇལ་འཕྲད་གནང་སའི་ཞབས་རྗེས་ལ་རྟོག་ཞིབ་བྱེད་བཞིན་པ། 

         གནས་མཆོག་འབྲུ་ཁོག་ནི་བོད་མི་བུ་གདུང་དྲུག་གི་ནང་གསེས་བཙན་པོ་འབྲུ་ཡི་རིགས་རྒྱུད་ཡིན་ཞིང་། གནས་དེར་སྤྱི་མིང་འབྲུ་བསེ་རུ་ལུང་པའམ། འབྲུ་ཀློང་ནོར་གྱི་བང་མཛོད། འབྲུ་ཡུལ་གཡང་གི་ར་བ། མདོ་ཁམས་འབྲུ་ཡུལ། འབྲུ་ཁོག་སོགས་མིང་གི་རྣམ་གྲངས་མང་། ས་གནས་དེའི་དགེ་རྒན་སྨོན་ལམ་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པར་ལྟར་ན། སྔོན་ཆད་འབྲུ་ཡི་རུས་ལས་ཆད་པའི་འབྲུ་སྟག་རྒོད་ཟེར་བ་ཞིག་བྱུང་ཞིང་ཁོ་ལ་བུ་བདུན་ཡོད། བུ་དེ་དག་གིས་ཕ་ལ་སྲམ་སྤུ་ཡིས་བཟོས་པའི་ཕྱིང་པའི་གྱོན་པ་ཞིག་དྲུབས་ནས་བྲག་འགོ་རུ་སྐམ་དུ་བཅུག །སྐབས་དེར་སྟབས་མ་ལེགས་པར་སྲམ་གོས་ཆུ་ནང་དུ་ལྷུང་བས་བུ་བདུན་པོས་ཕན་ཚུན་ལག་སྦྲེལ་བྱས་ཏེ་བུ་རྟིང་མ་དེས་མཛོའི་སྣ་ལ་འཇུས་པས་མཐར་མཛོ་སྣ་ཆད་དེ་བུ་བདུན་པོ་ཆུ་ནང་དུ་ལྷུང་ནས་ཤི་ཤོར། ངག་རྒྱུན་དུ“འབྲུ་ཡི་མི་རྒྱུད་ཆད་ཁར། མཛོ་ཡི་སྣ་ལུང་ཆད”ཅེས་སུ་གྲགས། བུ་བདུན་པོ་ཤི་རྗེས་འབྲུ་སྟག་རྒོད་ཀྱིས་ཡང་རོང་བཟའ་ཞེས་པ་བཙུན་མོར་བཞེས་ནས་བུ་ཉི་མ་དཀར་ནག་ཁྲ་གསུམ་ཟེར་བ་བྱུང་། ཉི་མ་དཀར་པོ་ལ་བུ་སོ་གད་དང་བུ་ཡ་གད། བུ་མ་གད་གསུམ་བྱུང་། དེ་རྣམས་ཀྱི་རྒྱུད་པས་འབྲུ་ཡི་ལུང་པ་ཙམ་མ་ཟད་འདན་སྟོད་སྨད་ཀུན་ཏུ་དབང་བསྒྱུར་བྱས་པར་གྲགས། ད་ལྟའི་ས་མིང་ལའང་དཀར་པོ་ནང་། ནག་པོ་མདོ། ཁྲ་བོ་ལ་སོགས་མཁར་ཤུལ་མང་པོ་ཡོད། འབྲུ་སྟག་རྒོད་ཀྱི་མཁར་ལ་སྟག་མ་རྫོང་ཞེས་ཟེར་ཞིང་མཁར་ཤུལ་ད་ལྟའང་ཡོད། 


འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་སྐུ་མཁར་མཆོང་མཁར་སྨུག་པོའི་རྗེས་ཤུལ། 

        གནས་དེ་ནི་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་ལ་སྤྱན་སྔ་བཅུ་གཉིས་ཡོད་པའི་ནང་གི་སྤྱན་སྔ་གནམ་མཚོ་ཆོས་ཀྱི་གྲགས་པའི་བཞུགས་གནས་ཀྱང་ཡིན་པས་གནས་རི་པདྨ་ཆོས་རྫོང་དང་། གནས་བདག་ཀརྨ་བསྟན་གསལ། གསེར་ལྡན་འབྲི་ཆུ་འབབ་ས། རི་ལ་གཏེར་ཁ་མང་ས་ཡིན་པ་དང་། ཡོངས་གྲགས་སུ་སྒ་པ་ནམ་མཁའི་གདུགས་ཆེན་ལྟར་ཁེབས་ཆེ། འདན་ཀློང་ཐང་གཡུ་ཡི་མཎྜལ་ལྟར་བཀོད་ལེགས། འབྲུ་ཀློང་ཤེལ་གྱི་མཆོད་རྟེན་ལྟར་དཔངས་མཐོ་ཞེས་པའི་སྒ་འབྲུ་འདན་གསུམ་ཞེས་སྙན་པའི་གྲགས་པས་ཁྱབ།

 འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་སྐུ་མཁར་དམ་ནག་སྙིང་རྫོང་གི་རྗེས་ཤུལ། 


སྒ་སྡེ་དང་འདན་མས་མཉམ་དུ་ལས་པའི་མཁར་རྫོང་གི་རྗེས་ཤུལ། 

འབྲུ་ཁོག་གི་འབྲུ་ཡི་ཕ་མེས་ཀྱི་གནའ་ཤུལ།

        འབྲུ་ཁོག་ནི་ལོ་རྒྱུས་རྒྱུན་རིང་ལྡན་ཞིང་ད་ལྟའང་ཞང་ཞུང་མཁར་དང་། ཞང་ཞུང་སྐྱག །ཞང་ཞུང་ཉག །ཨ་མྱེ་ཚེ་ཡག་ཞང་ཞུང་ལྷ་དང་ཟེར་བ་སོགས་ཞང་ཞུང་དུས་ཀྱི་གནའ་ཤུལ་དང་གཏམ་རྒྱུད་མང་པོ་ཡོད་པ་དང། ད་ལྟའང་བོན་པོའི་རྡོ་རྐོས་སོགས་མཐོང་རྒྱུ་འདུག །ལུང་པ་དེའི་གཡས་སུ་འབྲི་ཟླ་ཟལ་མོའི་སྒང་གི་དུམ་མཚམས་ཡོད་པ་དང་ད་དུང་གནའ་བོའི་ཇ་རྟའི་བརྡལ་ལམ་གྱི་རྗེས་ཤུལ་སོགས་ལ་བལྟས་ན་གནའ་བོའི་ལོ་རྒྱུས་ཡུན་རིང་ཞིང་ས་གནས་གལ་ཆེན་ཞིག་ཡིན་པ་ཤེས་སླ།འབྲུ་མདའ་རུ་འབྲུ་སྟག་རྒོད་ཀྱི་མཁར་ཤུལ་གྱི་གྱང་ར་དང་རྡོ་རྩིག་ཞིག་རལ་ཡོད་པ་དང་། དེ་ནས་ཡར་ལེ་བར་གསུམ་ཙམ་གྱི་ལམ་ཟུར་གྱི་ཁམས་མདའི་ཕ་བོང་ག་བུར་ཟེར་བའི་ལམ་འགྲམ་ཞིག་ཏུ་སྒ་སྐྱ་ལོ་སེང་ལྕམ་འབྲུག་མོའི་སྐྲ་གཞོང་ཟེར་བའི་སྐྲ་འཁྲུ་སའི་རྡོ་གོར་གོར་ཡ་མཚན་པ་ཞིག་འདུག །དེ་ནས་ཡར་འགྲོ་དུས་ཇ་འཕྲང་འགག་ཟེར་བའི་ཇ་རྟའི་བརྡལ་ལམ་གྱི་ཤུལ་དང་གཡོན་དུ་ཧོར་གླིང་གཡུལ་འཁྲུག་སྐབས་ཕུ་ནུ་རྣམས་ཀྱི་དར་འཕྲུ་བྲག་ལ་རེག་ཤུལ་གྱི་བྲག་ཆད་ཤུལ་དང་། གཡས་ཀྱི་ཆུ་ཁར་གླིང་ཕུ་ནུའི་རྟའི་རྨིག་རྗེས་ཀྱི་རྡོ་གོར་གོར་དག་འདུག །ས་ཆ་དེ་འགག་དོག་པོ་ཡིན་པས་འབྲུ་སྒ་སྡེའི་བ་གླང་རོང་འགག་དང་། རྣམ་སྣག་རོང་འགག །རྒོད་ཚང་རོང་འགག་བཅས་འགག་རོང་གསུམ་ཡོད་པའི་བཤད་སྲོལ་འདུག །


འབྲུ་སྒ་སྡེའི་མཁར་ཤུལ་ལ་རྟོག་ཞིབ་གནང་བཞིན་པ།  

        འབྲུ་མདའ་ནས་ལེ་བར་བཅུ་ཙམ་གྱི་གཡོན་ཕྱོགས་སུ་རི་མ་ཐང་གི་སྤང་སྟེང་ཞིག་ཏུ་གྱང་རལ་ཞེང་ཚད་སྨི་1.2དང་རིང་ཚད་ལ་སྨི་10ཙམ་གྱི་གྱང་ཉིས་གཤིབ་ཅན་ཞིག་འདུག །མཁར་ཤུལ་གྱི་གྱང་རལ་དེའི་སྤྱིའི་རིང་ཚད་སྨི་30དང་ཞེང་ཚད་སྨི་20ཙམ་འདུག །དེའི་ཐོག་ལ་མཁར་ཤུལ་གྱི་རྡོའི་རྩིག་རྨང་རྒྱ་ཆེན་པོ་འདུག །འབྲུ་ཡི་གདུང་རྒྱུད་མཆེད་སའི་གནའ་ཤུལ་དེའི་ས་དབྱིབས་ལ་སྟག་མགོའི་དབྱིབས་འདྲ་ཞིང་། བཤད་སྲོལ་ལ“ས་བཙན་པོ་འབྲུ་ཁོག་སྟག་ལུང་ན། རི་ནག་པོ་ཕག་ནག་ཉལ་འདྲའི་སྟེང་།བཙན་ཨ་ཅག་འབྲུ་ཡི་གདུང་རྒྱུད་ཆགས། གནམ་ཨ་སྔོན་མཐིང་མདོག་གྲུ་གསུམ་ཆགས། རི་མཐོན་པོ་མཚོན་ཆ་གཟེངས་འདྲ་ཆགས”ཞེས་ཟེར།


 

འབྲུ་སྒ་སྡེའི་ཕོ་བྲང་གི་རྗེས་ཤུལ།

        འབྲུ་མདའ་ནས་ལེ་བར་ཉི་ཤུ་ཙམ་གྱི་གཡས་ཕྱོགས་སུ་མཁར་མགོ་དགོན་པ་ཞེས་པའི་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་པ་དེའི་ཟུར་གདོང་དུ་གྱང་རལ་ཆེན་པོའི་རྗེས་ཤུལ་དེ་ནི་འབྲུ་སྒ་སྡེའི་སྐུ་མཁར་དམ་ནག་སྙིང་རྫོང་ཡིན་པའི་བཤད་སྲོལ་འདུག །དེའི་འོག་ཏུ་འབྲུ་སྒ་སྡེའི་མཐུ་ཁང་གི་རྗེས་ཤུལ་ཡང་འདུག །དེ་ནས་ཡར་ལེ་བར་ཁ་ཤས་སོང་ན་རྗེ་བོ་མདོ་ཞེས་པའི་གེ་སར་དང་སྒ་འདན་མཇལ་འཕྲད་གནང་ས་དང་།འབྲུ་མི་དཀར་ལྷ་བུ་བསམ་འགྲུབ་གྱི་མཁར་ཤུལ་གྱི་རྩིག་རྨང་ཡང་འདུག །

        དེ་ནས་ཡར་ལེ་བར་བཞི་ལྔའི་ལམ་འགྲམ་གཡས་ཕྱོགས་ཀྱི་གད་པ་མཐོན་པོའི་ནགས་གསེབ་ཞིག་ཏུ་རྗེས་ཤུལ་ཆེན་པོ་ཞིག་འདུག །རྡོ་རྩིག་ཞིག་རལ་ཕྱི་ནང་གསུམ་ཙམ་དང་། མཁར་ཤུལ་གྱི་སྤྱིའི་རིང་ཚད་ལ་སྨི་300ཙམ་དང་། ཞེང་ཚད་ལ་སྨི་200ཙམ་ཀྱི་རྡོ་རྩིག་གི་ཤུལ་དང་། མཁར་ཤུལ་དུ་ཐང་ཤིང་མཐོ་ཚད་ཐོག་རྩེག་ལྔ་དྲུག་ཙམ་དང་ཞེང་ཚད་ལ་འདོམ་པ་གཉིས་ཙམ་ཅན་ཞིག་འདུག །སྡོང་པོ་ལ་ལ་རྒས་ནས་ཐང་ལ་འགྱེལ་བ་སོགས་ལ་གཞིགས་ན་ལོ་བརྒྱ་ཚོ་མང་པོ་སོང་ཡོད་པ་ཤེས་ཐུབ། ས་གནས་དེའི་སྨོན་ལམ་བསྟན་འཛིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མཁར་ཤུལ་དེ་ནི་འབྲུ་སྟོད་ལྡང་ལ་གཡུ་ཐང་གི་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་གི་སྐུ་མཁར་མཆོང་མཁར་སྨུག་པོ་རེད་ཟེར། འོག་ཏུ་གད་པ་མཐོན་པོ་ཡོད་པས་བཤད་སྲོལ་ལ“འབྲུ་གཡག་ཐང་གད་པ་དགུ་བསྒྲིགས”ཞེས་ཟེར། ད་དུང་མཁར་ཤུལ་གྱི་མདུན་ན་སྒ་སྡེའི་རྟ་ར་དང་། ཆུའི་ཕར་རོལ་དུ་སྒ་སྡེའི་སོ་ཁང་དང་སྒྱོགས་ཁང་སོགས་ཀྱི་རྗེས་ཤུལ་འདུག །དེ་ནས་ཡར་ཙམ་སོང་བའི་གཡས་ཕྱོགས་ཀྱི་རི་ལེབ་ཏུ་ས་རྡོ་འདྲེས་མའི་གྱང་རལ་ཞིག་ཡོད་པ་དེ་སྒ་སྡེ་དང་འདན་མ་གཉིས་ཀྱིས་མཉམ་དུ་བཟོས་རུང་རྟེན་འབྲེལ་མ་འགྲིག་ནས་མཁར་རྫོང་ཆ་ཚང་ལས་མཇུག་མ་རྫོགས་པའི་བཤད་སྲོལ་འདུག །

འབྲུ་ཁོག་གི་རྗེས་ཤུལ་གཞན་དག །

        ད་དུང་འབྲུ་ཁོག་ཏུ་ངོ་མཚར་བའི་བཤད་སྲོལ་གཞན་དག་དཔེར་ན། ཧོར་བྱ་ཐན་སེར་པོ་གེ་སར་གྱིས་དམ་ལ་བཏགས་ས། འབྲུ་སྒ་སྡེའི་སྲུང་མའི་གནས་རི་དང་། གཞི་བདག་གི་ཐིལ། འབྲུ་སྲས་ནམ་མཁའ་ཐོག་རྒྱལ་གྱི་མཁར་ཤུལ། འབྲུ་ཀརྨ་བསྟན་འཕེལ་གྱིས་རྫུ་འཕྲུལ་གྱིས་བྲིས་པའི་རིགས་གསུམ་མགོན་པོ། མགོན་པོའི་ཧུཾ་ཡིག་རང་བྱོན། བྲག་ཆེན་རྡོ་རྗེ་ཕུག་གི་ལྡེབས་རིས་རྙིང་པ་སོགས་ཧ་ཅང་མང་པོ་འདུག ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1