དཀར་མཛེས་ཁུལ་གྱིས་ན་གཞོན་ལས་བྱེད་པ་གསུམ་གྱི་རུལ་སུངས་གྱོད་དོན་ཡོངས་བསྒྲགས་བྱས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 04-12



    མི་རིང་གོང་དཀར་མཛེས་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱིས་ན་གཞོན་ལས་བྱེད་པ་གསུམ་གྱི་དྲ་འབྲེལ་རུལ་སུངས་གྱོད་གཞི་ཁག་གསུམ་ཡོངས་བསྒྲགས་བྱས་ཡོད་པ་དང་། ན་གཞོན་ལས་བྱེད་པ་དེ་དག་ཚང་མ་རྒྱན་འགྱེད་དང་འབྲེལ་བ་ཡོད་པ་རེད།  ཁོ་ཚོས་ཏང་དང་མི་དམངས་ཀྱིས་སྤྲད་པའི་དབང་ཆ་སྒེར་གྱི་ཁེ་ཕན་གཉེར་བྱེད་ལག་ཆར་བྱས་ནས། གཞུང་དངུལ་ཧམ་བཟུང་སྤོ་སྒྱུར་དང་དམངས་ཕན་ཁ་གསབ་མ་དངུལ་ཧབ་ལེན་བྱས་ཏེ། མཐར་ཁྲིམས་འགལ་ཉེས་གསོག་གི་གཡང་སར་ལྷུངས་ཡོད།

    ན་ནིང་སྤྱི་ཟླ་5པའི་ཟླ་འགོར་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་ལྕགས་ཟམ་ཁ་གྲོང་རྡལ་གྱིས་གྲོང་ཚོ་དང་ཚོགས་པ་ཁ་ཤས་ཀྱི་དངུལ་འཛིན་ལ་འཆར་ཅན་འཐེན་བཤེར་བྱེད་སྐབས། གཏོང་སྒོ་རྒྱུན་ལྡན་མ་ཡིན་པའི་རྩིས་ཐོ་རྐྱང་པ་ཞིག་ལ་ཀུན་གྱིས་དོ་སྣང་བྱུང་ཡོད། སྐབས་དེར་ལྕགས་ཟམ་ཁ་གྲོང་བརྡལ་གྱི་སྒྲིག་ཨུད་ལ་ཡང་འཕྲིན་བཅར་ཐེར་འདོན་ཞིག་འབྱོར་ཏེ། གྲོང་བརྡལ་ནོར་སྲིད་ཁང་གི་རྩིས་པ་ཁྲེན་ཧྥེ་ཡིས་གཞུང་དངུལ་སྤྱད་ནས་སྒེར་གྱི་བུ་ལོན་འཇལ་ཚུལ་བཤད་ཡོད་པ་དང་། སྤྱི་ཟླ་5ཚེས་9ཉིན་ཁྲེན་ཧྥེས་གནས་ཚུལ་ལེགས་པོ་མེད་པ་ཚོར་ཏེ་གྲོང་བརྡལ་སྒྲིག་ཨུད་དུ་རང་ཉེས་ངོས་ལེན་བྱེད་དུ་ཡོང་བ་རེད།
    ཁྲེན་ཧྥེ་ཡིས་རྩ་འཛུགས་ལ་དྲང་པོར་ཞུས་དོན། རྒྱན་འགྱེད་ཀྱི་འདམ་རྫུབ་ཏུ་གོམ་པ་སྤོ་བ་ནས་གོམ་པ་རེ་རེ་བཞིན་ཕྱིར་ལོག་མེད་པའི་ལམ་དུ་བསྐྱོད་པ་དང་། ཆེས་ཐོག་མའི་སྒོར་བརྒྱ་ཕྲག་ཁ་ཤས་ནས་སྒོར་ཆིག་སྟོང་ཉིས་སྟོང་བར། རིམ་བཞིན་གཞན་ལག་ཏུ་ཤོར་བའི་དངུལ་ཇེ་མང་ནས་ཇེ་མང་དུ་འཕེལ་ཡོད། སྤྱི་ལོ་2020ལོའི་ཟླ་6ནས་སྤྱི་ལོ་2021ལོའི་ཟླ་2པའི་བར་ཐུང་ཐུང་ཟླ་8ཀྱི་དུས་ཡུན་ནང་ཁྲེན་ཧྥེ་ཡིས་གཏོང་སྤྲོད་འཛིན་ཡིག་ལ་བཟོ་བཅོས་རྒྱག་པ་དང་གཏོང་སྤྲོད་རྫུན་སྒྲིག་བྱེད་པ་ལ་བརྟེན་ནས་ཐེངས་མང་པོར་གཏོང་སྤྲོད་འབོ་གཡོ་སྤྱོད་བྱས་ནས་གྲོང་ཚོ་རིམ་པའི་མ་དངུལ་གྲོགས་པོའི་ཐོ་ཁུངས་སུ་བསྒྱུར་ཏེ་ཁྱོན་སྒོར་ཁྲི་58ལྷག་བཏང་བ་དང་། དེའི་ཁྲོད་དུ་དྲ་རྒྱའི་རྒྱན་འགྱེད་ཐད་སྤྱད་པའི་དངུལ་འབོར་སྒོར་ཁྲི་43ཟིན་ཡོད། སྤྱི་ལོ་2021ལོའི་དཔྱིད་གསར་དུས་ཆེན་རྗེས་སུ་གཞན་ལ་བསྒྱུར་གཏོང་བྱས་པའི་གྲོང་ཚོ་རིམ་པའི་མ་དངུལ་གྱི་སྟོང་ཆ་སྐོང་འདོད་ཀྱང་ནུས་པ་མེད་པའི་ཁྲེན་ཧྥེ་ཡིས་ཡང་བསྐྱར་གྲོང་ཚོ་རིམ་པའི་མ་དངུལ་སྒོར་ཁྲི་105ལྷག་རང་ཉིད་ཀྱི་ཐོ་ཁུངས་སུ་བསྒྱུར་དང་། ཁོས་ཡང་བསྐྱར་རྒྱན་འགྱེད་ལས་རྒྱལ་ཐབས་བྱེད་བསམས་ནས་དུས་ཡུན་ཐུང་ཐུང་ཉིན་55ནང་རྒྱན་འགྱེད་ཐད་བཏང་བའི་སྒོར་ཁྲི་98ཟིན་གྱི་ཡོད་པ་རེད།
    དཀར་མཛེས་ཁུལ་ལྕགས་ཟམ་རྫོང་ལྕགས་ཟམ་ཁ་གྲོང་བརྡལ་ནོར་སྲིད་ཁང་གི་དེ་སྔའི་རྩིས་པ་ཁྲེན་ཧྥེ་ན་རེ། རྒྱན་པོའི་བསམ་བློ་དེ་རིགས་བཅངས་ནས་རང་ཉིད་ལ་དེ་དག་ཕྱིར་འཇལ་བའི་གོ་སྐབས་ཡོད་རྒྱུ་རེད་སྙམ། དེར་བརྟེན་སྤྱོད་རྒྱུ་ཇེ་མང་ནས་ཇེ་མང་དུ་གྱུར་བ་རེད།

    ན་ནིང་སྤྱི་ཟླ་12པར། ཁྲེན་ཧྥེ་ཡིས་གཞུང་དངུལ་སྤོ་བསྒྱུར་བྱས་པའི་ཉེས་པ་བསགས་པས་ལོ་4དང་ཟླ་བ་6གི་ཉེས་ཆད་ཕོག ན་གཞོན་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་རྒྱུད་འཛིན་པ་ཡིན་ཞིང་། གལ་ཏེ་བསླུ་འགུག་གི་མདུན་དུ་རང་གཅུན་བྱེད་མ་ཐུབ་ཚེ། དབང་ཆར་བརྟེན་ནས་སྒེར་གྱི་ཁེ་ཕན་གཉེར་བ་དང་སྒེར་གྱི་འདོད་པ་སྐོང་བའི་འཁྱོག་ལམ་དུ་བསྐྱོད་ངེས་རེད། དཀར་མཛེས་ཁུལ་དཀར་མཛེས་རྫོང་སྤྱི་བདེ་ཅུས་ཀྱི་ཉེན་དོན་འགན་སྲུང་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཙི་ཁྲོན་གྱིས་སྤྱི་ལོ་2020ལོའི་ཟླ་3པ་ནས་སྤྱི་ལོ་2021ལོའི་ཟླ་3པའི་བར་དུ། དུས་ཡུན་ཐུང་ཐུང་ལོ་གཅིག་གི་ནང་གཞུང་དངུལ་ཐེངས་30བསྒྱུར་ཏེ་སྒོར་ཁྲི་195དྲ་རྒྱའི་རྒྱན་འགྱེད་དང་དྲ་རྒྱའི་བུ་ལོན་འཇལ་བྱེད་སོགས་སུ་སྤྱད་པ་རེད། སྤྱི་ལོ་1996ལོར་སྐྱེས་པའི་དཀར་མཛེས་ཁུལ་སྡེ་དགེ་རྫོང་རྒྱ་གྲམ་དམར་པོ་ཚོགས་པའི་ལས་ཁུངས་ཀྱི་རིམ་པ་གཉིས་པའི་ཁོ་ཡོན་དང་སྡེ་དགེ་རྫོང་མང་ཚོགས་རང་བཞིན་གྱི་སྤྱི་བའི་རྩ་འཛུགས་ཀྱི་རྩིས་པ་ལུའུ་ཧོ་ཡིས་སྤྱི་ལོ་2020ལོའི་ཟླ་12པ་ནས་སྤྱི་ལོ་2021ལོའི་ཟླ་8པའི་བར་གཞུང་དངུལ་ཐེངས་169བསྒྱུར་ཏེ་ཁྱོན་སྒོར་ཁྲི་294དྲ་རྒྱའི་རྒྱན་འགྱེད་དང་སྒེར་གྱི་མཛད་སྤྱོད་ཐད་སྤྱད་པ་དང་། ཞིབ་བཤེར་བརྟག་དཔྱད་བྱེད་སྐབས་ལུའུ་ཧོ་ལས་ཀར་ཞུགས་ནས་ལོ་4ལོན་མ་ཐག་ཡིན། ཡིན་ནའང་ཟླ་9ཡི་དུས་ཚོད་ནང་དྲ་རྒྱའི་རྒྱན་འགྱེད་རྐྱེན་གྱིས་རང་ཉིད་ཀྱི་མདུན་ལམ་བརླག་པ་རེད། མིག་སྔར་གོང་གི་མི་གཉིས་ཀར་ཏང་དང་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་ཆད་གཅོད་ཐེབས་ཡོད།
    དཀར་མཛེས་ཁུལ་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་ཡུན་ཧྥུ་ཡིས། སྡེ་ཁག་ཁ་ཤས་ཀྱི་ནང་ཁུལ་ཚོད་འཛིན་སྒྲིག་སྲོལ་འཐུས་ཚང་མེད་པ་དང་ལས་ཀའི་སྒྲིག་རིམ་ཚད་ལྡན་མེད། སྡེ་ཚན་ཁ་ཤས་ཀྱིས་གཞུང་ཐེམ་ན་གཞོན་ལས་བྱེད་པར་བདག་དམ་བྱེད་དུ་བཅུག་ནས། གང་འདོད་དུ་སྤྱོད་པར་འདྲི་རྩད་བྱེད་མཁན་མེད། སྡེ་ཚན་ཁ་ཤས་ཀྱི་རྩིས་པ་དང་དངུལ་གཉེར་པ་ན་གཞོན་ལས་བྱེད་པས་གཅིག་ལྕོགས་སུ་བྱེད་པ་དང་། འགོ་ཁྲིད་ཀྱི་ཞིབ་བཤེར་ཆོག་མཆན་ཡང་རྣམ་པ་ཙམ་རེད་ཅེས་བསྟན་ཡོད།
    གྲངས་གཞི་ལས་མངོན་པར། ཏང་གི་ཚོགས་ཆེན་བཅུ་དགུ་པ་ནས་བཟུང་། དཀར་མཛེས་ཁུལ་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ཁྲིམས་འཛིན་ལས་ཁུངས་ལ་ཁྱོན་ན་གཞོན་ལས་བྱེད་པ་19རྩིས་སྤྲོད་བྱས་ནས་ཐག་གཅོད་བྱས་པ་དང་། དེའི་ཁྲོད་དུ་རྒྱན་འགྱེད་གནད་དོན་གྱིས་རུལ་སུངས་ལམ་དུ་ཞུགས་མཁན་མི་9ཡོད་ཅིང་། 47.4%ཟིན་ཡོད། དྲ་རྒྱའི་རྒྱན་འགྱེད་དུ་ཞུགས་པའི་གྱོད་གཞི་6ཡོད་པ་དང་མི་6དང་འབྲེལ་བ་ཡོད། ན་གཞོན་ལས་བྱེད་པའི་དྲ་འབྲེལ་དང་དེ་བཞིན་འབྲེལ་ཡོད་རུལ་སུངས་གནད་དོན་ལ་དམིགས་ནས། དཀར་མཛེས་ཁུལ་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ནད་ཐོག་སྨན་འཁེལ་གྱིས་ལྟ་སྐུལ་བྱས་ཏེ། ན་གཞོན་ལས་བྱེད་པ་རྒྱན་འགྱེད་རྐྱེན་གྱིས་རུལ་སུངས་ལམ་དུ་ཞུགས་པ་སོགས་ཀྱི་གནད་དོན་སྔོན་འགོག་བྱས་ཡོད།
    དཀར་མཛེས་ཁུལ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཁྲེན་ཀྲི་ཡུང་གིས། སྒྲིག་གཞིའི་ནང་རྐྱེན་གྱི་གནད་དོན་དང་ལམ་ལུགས་ཀྱི་མི་འདང་ས་འཚོལ་ཞིབ་བྱས་ནས། དབང་ཆ་འཁོར་སྐྱོད་དྲ་རྒྱ་དམ་པོར་བཟོ་བ་དང་རང་དབང་ཐེག་ཚད་སྟོང་བཙིར་གནོན་བྱས་ནས། ན་གཞོན་ལས་བྱེད་པར་ཁྲིམས་ལྟར་ལས་དོན་བསྒྲུབ་པ་དང་དབང་ཆ་དྲང་གཞག་གིས་སྤྱོད་རྒྱུ་བརྩི་སྲུང་ནན་པོ་བྱེད་དགོས་ཞེས་བསྟན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1