《ཀྲུང་གོའི་དམངས་ཁྲོད་གཏམ་རྒྱུད》ལས་བཏུས་ཏེ་བཀྲ་ཤིས་སྒྲོལ་མས་བསྒྱུར།
ཀྲེང་པན་ཆའོ་ནི་རི་མོ་བ་གྲགས་ཅན་ཞིག་ཡིན་ལ། འཚོ་ཚིས་ཞན་པའི་ཤེས་ཡོན་པ་ཞིག་ཀྱང་ཡིན། སྔོན་ཆད་ཅང་སུའུ་དབྱང་ཀྲོའུ་ནས་ལོ་ངོ་བཅུའི་རིང་ལ་འཚོ་བ་རོལ་མྱོང་།འཚོ་བའི་ཆ་རྐྱེན་ཞན་པའི་རྐྱེན་གྱིས་རི་མོ་བཙོང་ནས་ཁྱིམ་ཁ་གསོ་བཞིན་ཡོད། རྒྱུན་དུ་མི་གཞན་ལ་རོགས་རམ་བྱེད་རྒྱུར་དགའ་བ་དང་དྲང་བདེན་སྐྱོང་མཁན་ཞིག་ཀྱང་ཡིན།
ཉིན་ཞིག་ལ། ཀྲེང་པན་ཆའོ་དབྱང་ཀྲོའུ་ཤར་ཕྱོགས་ཀྱི་ཁྲོམ་གཞུང་དུ་འགྲོ་བཞིན་པའི་སྐབས་སུ། ལོ་ན་བཞི་བཅུ་ཡས་མས་ཀྱི་བུད་མེད་ཅིག་གིས་བྱིས་པ་གཉིས་པང་དུ་བཟུང་ནས་ངུ་བཞིན་པ་མཐོང་། ཀྲེང་པན་ཆའོ་ཡིས་སེམས་བཟང་བཅངས་ནས།“སྲུ་མོ། ཁྱོད་ངུ་དོན་ཅི་ཡིན”ཞེས་དྲིས།
བུད་མེད་དེ་ངུ་བཞིན་དུ“ངའི་ཁྱོ་ག་སྔ་མོ་ནས་ཤི་སོང་ལ། ང་དང་བྱིས་པ་གཉིས་ཀས་འཚོ་བ་རོལ་ཐབས་མེད་པས། ཀྲང་ཚང་གི་ཚྭ་ཁུ་ཚོང་ཚོགས་ནས་ཚྭ་ཁུ་ཅུང་ཙམ་ཉོས་ཏེ་སྒོ་ཁ་རུ་ཚྭ་ཁུ་བཙོང་བ་ཡིན། སྦྱིན་བདག་ཀྲང་ལ་སྒོར་མོ་འགའ་ཆད་པས་ཁོས་ངེད་ཚང་གི་ཁྱིམ་རྒྱུད་ཀྱི་རྫ་མ་དེ་ཁྱེར་སོང་བ་རེད”ཅེས་བཤད།
ཀྲེང་པན་ཆའོ་ཡིས་དེ་ཐོས་རྗེས་ཁོང་ཁྲོ་ཆེན་པོ་ལངས་པ་དང་། མ་བསམས་ས་ནས་ཚོང་པ་འདི་ཚོ་ཁེ་ཕན་མཐོང་ན་བདེན་པ་བསྐྱུར་མཁན་ཏག་ཏག་རེད་སྙམ། ཀྲེང་པན་ཆའོ་རང་ཉིད་དེ་འདྲའི་འབྱོར་བ་ཅན་ཞིག་མིན་རུང་། ཁུག་མ་ནས་ད་སོ་མ་རི་མོ་བཙོང་བའི་དངུལ་ལས་ཁ་ཤས་བླངས་ཏེ་བུད་མེད་དེའི་ལག་ཏུ་བཞག་ཅིང“དངུལ་འདིས་དགོས་མཁོ་ཡོད་པའི་དངོས་པོ་འགའ་ཉོས”ཞེས་བཤད་རྗེས་ཁ་ཕྱིར་འཁོར་ནས་ཚོང་པའི་རྗེས་སུ་བརྒྱུགས།
ནུབ་ལམ་གྱི་མགོ་ནས་ཀྲེང་པན་ཆའོ་མི་དེ་ཚོའི་རྗེས་སུ་ཆོད་སོང་། གདོང་ན་གདུག་རྩུབ་ཀྱིས་ཁེངས་པའི་མི་སྟོབས་ཅན་གཉིས་ཀྱིས་རྫ་མ་དེ་ཁུར་ནས“ཧེ་ཡོ།ཧེ་ཡོ།”ཞེས་སྐད་ཅོར་རྒྱག་བཞིན་སྔོན་དུ་འགྲོ་བཞིན་འདུག རུས་ཀྲང་ཅན་གྱི་ཚོང་པ་དེས་ཕོ་བ་ཆེན་པོ་སྔུན་ལ་བརྒྱངས་ཤིང་བྱ་གག་པ་ཞིག་དང་འདྲ་བར་ཡམ་ཡོམ་དུ་འགྲོ་བཞིན་འདུག ཀྲེང་པན་ཆའོ་མདུན་དུ་སོང་ནས་ཚོང་པ་ལ་གུས་འདུད་ཅིག་ཞུས་རྗེས“རྫ་མ་འདི་བཙོང་ན་ཨེ་ཆོག”ཅེས་དྲིས།
ཚོང་པས་རྫ་མ་ལེགས་ཀྱང་ཁྱེར་སོང་ན་བཀོལ་སྤྱོད་བྱེད་ས་ཡང་མེད་སྙམ་སྟེ“བཙོང་ཡ”ཞེས་ལན་བཏབ།
ཀྲེང་པན་ཆའོ་ཡིས“རྒྱ་མ་གང་ལ་སྒོར་མོ་དུ་ཡིན”ཞེས་དྲིས་པར།
ཚོང་པས་སྨིན་མ་སྡུད་ཙམ་བྱེད་ཞོར། རྫ་མ་བཙོང་ན་ཧྲིལ་པོར་བཙོང་རྒྱུ་མ་གཏོགས། རྒྱ་མ་ལྟར་བཙོང་བ་ཞིག་ག་ལ་མཆིས་བསམས། ཡང་ཀྲེང་པན་ཆའོ་ཡི་ལུས་ཧྲིལ་པོར་བལྟ་ཙམ་བྱས་རྗེས། འདི་ནི་དཔེ་ཆ་བ་གླེན་པ་ཞིག་ཡིན་པས་རྫ་མ་ཇི་ལྟར་ཉོ་དགོས་པའང་ཤེས་མི་སྲིད་བསམས་ནས“རྒྱ་མ་གང་ལ་སྒོར་མོ་ལྔ་ཡིན”ཞེས་བཤད།
ཀྲེང་པན་ཆའོ་དགོད་བཞིན་དུ“དེ་འདྲའི་གོང་སླ་མོ་ཞིག་ཡིན་ནམ། དེས་ན་ངས་ཉོ་རྒྱུ་ཡིན། ངེད་ཚང་ལ་ཁུར་ཤོག”ཅེས་བཤད། ཚོང་པས་རྫ་མ་འདིར་མ་མཐའ་ཡང་རྒྱ་མ་ཉིས་བརྒྱ་ལྷག་ཡོད་པས། ཁེ་ཕན་ཆེན་པོ་ཡོད་བསམས། ཡང་ཀྲེང་པན་ཆའོ་ཡིས་གཡོ་སྒྱུ་ཚད་རྒྱུ་རེད་བསམས་ཏེ། ཐེ་ཚོམ་ངང“སྐུ་ཞབས། འདི་ལྟར་ཐག་བཅད་པ་ཡིན་ནམ”ཞེས་དྲིས་པ་ན།
ཀྲེང་པན་ཆའོ་ཡིས“ཕོ་རབ་ཚིག་ཐོག འཕར་བ་རྗེས་ཐོག”ཅེས་བཤད།
ཚྭ་ཚོང་དགའ་སྤྲོའི་ངང“ཁྱེད་རང་གང་ན་བཞུགས་ཡོད”ཅེས་དྲིས།
ཀྲེང་པན་ཆའོ་ཡིས་རྒྱབ་ཕྱོགས་བསྟན་ནས“ཤར་སྒོ་ནས་མར་སོང་ན་ཐོན་ནོ”ཞེས་བཤད།
ཚོང་པས་ལག་པ་གཡུག་ཙམ་བྱས་ཏེ་མི་གཉིས་བོས་ནས་རྫ་མ་ཁུར་ཏེ་ཤར་སྒོའི་ཕྱོགས་སུ་བསྐྱོད།
རྫ་མ་འཁུར་མཁན་སྔོན་དུ་མགྱོགས་མྱུར་ངང་སོང་བ་དང་། ཀྲེང་པན་ཆའོ་ཡིས་བསམ་གཟས་ནས་གོམ་པ་ཇེ་དལ་དུ་བཏང་། ཚོང་པས“སྐུ་ཞབས། རེམས”ཞེས་སྐུལ་འདེད་བཏང་།
ཀྲེང་པན་ཆའོ་ཡིས་རྐང་པར་བལྟ་ཙམ་བྱས་རྗེས“ངའི་རྐང་པའི་ཐོག་ཏུ་ཤ་འཛེར་ཞིག་སྐྱེས་པས་མགྱོགས་པོར་འགྲོ་མི་ཐུབ། ཁྱོད་ཀྱིས་ཁོ་གཉིས་ལ་དལ་མོ་བྱོས་ཟེར་ན་མི་ཆོག་གམ”ཞེས་བཤད།
ཚོང་པ་ཧམ་སེམས་ཀྱིས་བསླུས་ཏེ། ཀྲེང་པན་ཆའོ་ལ“ཁྱེད་རང་རྫ་མའི་ནང་དུ་ཙོག་ནས་ཁོ་གཉིས་ལ་ཁུར་དུ་ཆུགས”ཞེས་བཤད།
ཀྲེང་པན་ཆའོ་རྫ་མའི་ནང་དུ་བསྡད་དེ་མི་དེ་གཉིས་ཀྱིས་ཁུར་ནས་སོང་། ཚོང་པ་དེ་སྲུང་དམག་ཅིག་དང་འདྲ་བར་རྫ་མས་འགྲམ་སྐྱོར་ནས་དབུགས་ཐེངས་གཅིག་ལ་ལེ་དབར་བཞི་ལྔ་ཙམ་དུ་བསྐྱོད། རྫ་མ་འཁུར་མཁན་གཉིས་ཀྱང་ཐང་ཆད་ནས་དབུགས་ཧལ་ཧལ་བྱེད་ལ་ཚོང་པས་ཀྱང་དབུགས་ལེན་དཀའ་བའི་རྣམ་པ་མངོན།
ལྷ་ཁང་ཞིག་གི་མདུན་དུ། ཀྲེང་པན་ཆའོ་ནང་དུ་སོང་སྟེ་རྒྱ་མ་ཆུང་ཆུང་ཞིག་ཁྱེར་ཡོང་ནས“སྦྱིན་བདག་ཁྱོད་ཀྱིས་རྫ་ཞབས་ནས་རྫ་ལེབ་སྲང་གསུམ་ང་ལ་བཙོང་རོགས”ཞེས་ཟེར་བ་ན།
ཚོང་པས་ཐོས་མ་ཐག་ཏུ་ཁོང་ཁྲོ་མེ་ལྟར་འབར་ཏེ“ཁྱི་སྐྱག་འདི། གནམ་འོག་འདི་ན་རྫ་མ་བཅག་ནས་བཙོང་མཁན་སུ་ཞིག་ཡོད་དམ”ཞེས་གཤེ་གཤེ་བཏང་། ཀྲེང་པན་ཆའོ་ཡིས་དལ་དལ་ལྷོད་ལྷོད་ངང“ཨ་རོགས། དང་ཐོག་རྒྱ་མར་འཇལ་ནས་བཙོང་རྒྱུ་བྱས་ཡོད་པ་མིན་ནམ”ཟེར།
ཚོང་པ་ཁོང་ཁྲོ་ཆེན་པོ་ལངས་ནས“ངས་ཁྱོད་ཀྱིས་རྫ་མ་ཧྲིལ་པོ་ཉོ་རྒྱུ་རེད་འདོད་ཡོད”ཅེས་བཤད།
ཀྲེང་པན་ཆའོ་དགོད་བཞིན“ཨ། ཨ། ཁྱོད་འདི་གླེན་པ་ཞིག་རེད་ཨང། ངས་རྫ་མ་ཧྲིལ་པོ་ཉོ་ན། རྫ་མའི་ལྗིད་ཚད་ཁྱོད་ལ་འདྲི་དོན་མེད”ཅེས་ལན་བཏབ།
ཚོང་པ་ཁོང་ཁྲོ་དང་བཅས་ཀྲེང་པན་ཆའོ་དང་ཡིན་མིན་ཞིབ་དཔྱད་བྱེད་རྒྱུ་ཡིན་ཟེར། ཀྲེང་པན་ཆའོ་ཡིས་སྣང་དོགས་ཅི་ཡང་མེད་པའི་སྒོ་ནས“འགྲོ། གོང་མ་ཚང་ལ་གཏུག་དགོས་ཀྱང་ང་མི་སྐྲག”ཟེར།
ཁོ་གཉིས་ཀྱིས་རྩོད་པ་བྱེད་པའི་དུས་སུ་ལྷ་ཁང་ནང་ནས་བཙུན་པ་འགའ་ཕྱིར་བུད། ཀྲེང་པན་ཆའོ་ཡིས་རྫ་མ་ཉོས་པའི་བརྒྱུད་རིམ་ཚང་མ་བཙུན་པ་ཚོར་བཤད་རྗེས། ཡིན་མིན་ཞིབ་དཔྱད་བྱེད་དུ་བཅུག བཙུན་པ་ཚོས་ཉན་རྗེས་ཚོང་པ་དེ་ལ“སྦྱིན་བདག་ཁྱོད་ཀྱིས་འདི་ལྟར་བཤད་ན་མི་འགྲིག དང་ཐོག་རྒྱ་མ་འཇལ་ནས་ཉོ་རྒྱུ་བྱས་ཡོད་ན་དེ་ལྟར་བསྒྲུབས་ན་ལེགས”ཞེས་བཤད།
ཀྲེང་པན་ཆའོ་ཡིས་ལག་པ་གཡུག་ཙམ་བྱས་ནས“མི་བཙོང་ན་ཁྱོད་ཀྱིས་ཁྱེར་སོང་ཡང་ཆོག ངས་ཁྱོད་ལ་བཙན་དབང་གིས་འཚོང་ཟེར་གྱིན་མེད”ཅེས་ཟེར།
ཚོང་པ་དེར་ཁེ་ཕན་ཅི་ཡང་མ་ཐོབ་པས་ཕྱིར་མི་ལོག་ག་མེད་བྱུང་། འོན་ཀྱང་ཚང་མ་ཐང་ཆད་པའི་རྐྱེན་གྱིས་ཕྱིར་ལོག་འདོད་མ་བྱུང་། བཙུན་པ་ཚོས“ད་འདི་ལྟར་བྱེད། རྫ་མ་འདི་ཧྲིལ་པོར་བཙོང་ན་སྒོར་དུ་ཡིན”ཞེས་དྲིས།
ཚོང་པས་མགོ་གཡུག་གཡུག་བྱེད་བཞིན“རྫ་མ་འདི་བུན་ཚབ་ཏུ་བླངས་པ་ཡིན། དངུལ་སྲང་གཉིས་ཀྱི་ཚབ་ཡིན”ཟེར། བཙུན་པ་ཞིག་གིས་ཀྲེང་པན་ཆའོ་ལ“སྐུ་ཞབས། ཚང་མས་དཀའ་ལས་མང་པོ་མྱངས་ནས་རྫ་མ་གནས་འདིར་ཁུར་ཡོང་བ་རེད། ཁྱོད་ཀྱིས་དངུལ་སྲང་གཉིས་བྱིན་ནས་ཉོས་ན་བཟང”ཞེས་ཟེར།
ཀྲེང་པན་ཆའོ་ཡིས་ཁ་གསལ་གོ་བདེའི་ངང་ནས།“ཉོ་ན་ཉོ། ཁྱོད་ཀྱིས་རྫ་མ་འདི་མདུན་གྱི་གྲོགས་པོ་ཚང་ལ་བསྐྱལ་རོགས”ཞེས་ལན་བཏབ། ཚོང་པས་རྫ་མ་ཕྱིར་ཁུར་སོང་ན་མི་ཐེག་པས་བཙོང་ན་བཟང་སྙམ་སྟེ་ཁས་བླངས།
ཁོ་ཚོས་རྫ་བུམ་ཁྱེར་ཏེ་ཡུད་ཙམ་སོང་རྗེས་བུད་མེད་དེ་ཚང་གི་སྒོ་འགྲམ་དུ་ཐོན།
ཀྲེང་པན་ཆའོ་ཡིས“འདི་རུ་བསྐྱུར་ཞོག”ཅེས་བཤད་རྗེས་དངུལ་སྲང་གཉིས་བླངས་ཏེ་ཚོང་པར་སྤྲད་པ་དང་། ཚོང་པས་ད་གཟོད་ཁོ་ཚོས་ཉིན་ཕྱེད་རིང་ཁུར་བའི་རྫ་བུམ་དེ་ཕྱིར་བུད་མེད་ཡུགས་ས་མ་དེའི་ལག་ཏུ་འབྱོར་བ་ཤེས། དེ་བས་ཁོ་རང་ངོ་ཚ་ནས་གདོང་དམར་པོ་གྱུར་ཏེ་བྲོས་སོང་།།
(བསྒྱུར་པ་པོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་ཡིན།)