ལྷ་སའི་དཔྱིད་ཀ་རྟག་ཏུ་འཆར་ཕྱི་ཙམ་ཡོད་ཅིང་། ཟླ་གསུམ་པར། ལྷོ་ཕྱོགས་སུ་སྔ་ས་ནས་རི་ཀླུང་སྔོ་ལྗང་ལྗོན་ཤིང་གིས་བཀླུབས་ཀྱང་། ལྷ་སར་རྒྱ་ལྕང་དང་སྦྱར་དཀར་སོགས་ཀྱི་མྱུ་གུ་འབུས་འགོ་ཚུགས་ཙམ་རེད།
དཔྱིད་འགོ་ཚུགས་ཟིན། ཁྱེད་ཉིད་ལྷིང་འཇགས་ཀྱི་ཞོགས་པར་གནའ་གྲོང་ལྷ་སའི་ནོར་བུ་གླིང་གའམ་ཡང་ན་ལྷ་སའི་སྐྱིད་ཆུའི་འགྲམ་དུ་འཆམ་འཆམ་དུ་སྐྱོད་ཚེ། དོ་སྣང་ཞིབ་ཕྲ་དེ་ཙམ་མ་བྱས་རུང་། ཉི་འོད་དང་འགྲོགས་པའི་དྲོ་སྐྱིད་ཞིག་ཚོར་འོང་།
ཉི་འོད་གླིང་ཕྲན་དང་། གྲོང་ཁྱེར་ཤར་ནུབ་འདབས་ཀྱི་ཆུ་འགྲམ་དུ་སྐྱོད་སྐབས་གལ་ཏེ་ཁྱེད་ཀྱིས་སྤང་ལྗོངས་ལ་ཞིབ་པར་བལྟས་ཚེ། དེ་སྔའི་རྩྭ་གསེབ་ཁྲོད་དུ་མྱུ་གུ་གསར་པ་འབུས་པ་མཐོང་ཐུབ་ལ། ཁྱེད་རང་རླངས་འཁོར་འགྲོ་སྐྱོད་ཆེ་བའི་པེ་ཅིང་ལམ་དང་བཅིངས་འགྲོལ་ཤར་ལམ། ཡང་ན་པོ་ཏ་ལའི་ཐང་ཆེན་དང་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་སོགས་སུ་སྐྱོད་སྐབས་ཀྱང་། དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པ་ཚོར་ཐུབ།
རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི་གསར་དུ་བསྐྲུན་པའི་ལུས་སྦྱོང་རོལ་རྩེད་གླིང་དུ། ལོ་70ལ་སླེབས་པའི་གྲོང་མི་སྐལ་བཟང་གིས་ལུས་སྦྱོང་ཡོ་བྱད་སྣ་ཚོགས་སྤྱད་ནས་སྦྱོང་བརྡར་བྱེད་པ་དང་། སྦྱོང་བརྡར་ཚར་རྗེས་ལུས་རྩལ་ཐང་ཉེ་འགྲམ་གྱི་ས་སྟོང་དུ་གཟུགས་སྦྱོང་ལུས་རྩལ་རྩེ་གི་ཡོད་པས། ལོ་ན་མཐོ་བའི་རྒན་རྒོན་ཞིག་དང་གཏན་ནས་འདྲ་གི་མེད།
དཔྱིད་ཀ་སླེབས་པས་རྫོང་རྒྱབ་ཀླུ་ཁང་གི་ཆུ་ཁའི་འཁྱག་པ་བཞུར་འགོ་ཚུགས་པ་མ་ཟད། ས་མཐོའི་གནའ་གྲོང་འདིའི་དགུན་གཞུང་རིང་མོའི་གྲང་ངར་ཡང་འཇུག་འགྲིལ་འགོ་ཚུགས། རྒྱ་ལྕང་ལ་མྱུ་གུ་གསར་པ་འབུས་འགོ་ཚུགས་པ་དང་བསྟུན་ནས་ངང་སེར་དང་ཁྲུང་ཁྲུང་མགོ་ཁྲ་ཡང་མཆུ་ངོས་སུ་ཅི་དགར་རོལ་བཞིན་མཆིས།
མི་ཚང་མ་གཅིག་མཇུག་གཉིས་མཐུད་ངང་ཁྱིམ་ནས་ཐོན་ཏེ་དཔྱིད་དཔལ་ལ་རོལ་འགོ་ཚུགས།
མི་ལ་བརྩོན་འགྲུས་ལྡན་གྱུར་ན། དཔྱིད་ཀ་ལས་ཀྱིས་ཤར་བར་སྔ། ལུང་ཤུར་ངོགས་གཉིས་ཀྱི་ཞིང་ཁའི་ནང་བོད་ཆས་སྤྲས་པའི་སྐྱེས་ཕོ་མོ་ཚོས་ཞིང་ལས་ཡོ་ཆས་ཉམས་བཟོ་བྱེད་པ་དང་། ཞིང་ཆུ་འདྲེན་པ། ལུད་རྒྱག་པ་དང་ཞིང་ཁ་འདེབས་པ་སོགས་གང་སར་དཔྱིད་ཀྱི་རྣམ་པས་ཁེངས།
དཔྱིད་དཔལ་བཞད་པའི་དད་ལྡན་གྲོང་ཁྱེར་གྱི་ཕྱོགས་གང་སར་སྔོ་ལྗང་ལྗོན་ཤིང་དང་ཡིད་དུ་འོངས་བའི་མཛེས་ལྗོངས་ཀྱིས་བརྒྱན། ཕོ་བྲང་པོ་ཏ་ལའི་རྒྱ་ཕིབས་ནས་གསེར་འོད་ཆེམ་ཆེམ་དུ་འཕྲོ། དྲོ་སྐྱིད་ལྡན་པའི་དཔྱིད་རླུང་ལྡང་བ་དང་བསྟུན་ནས་ཆུ་ཁའི་འགྲམ་གྱི་རྒྱ་ལྕང་ཕར་གཡུག་ཚུར་གཡུག་བྱེད་པ། ནོར་བུ་གླིང་ཁའི་ནང་གི་གནའ་བོའི་སྡོང་པོ་ལའང་ཡལ་ག་གསར་པ་སྐྱེས་འགོ་ཚུགས། འཁྲུག་ཆ་དོད་པའི་བར་སྐོར་ཁྲོམ་གཞུང་དུ་སྐོར་བར་སྐྱོད་མཁན་རྒན་རྒོན་ལམ་འགྲམ་དུ་ངལ་གསོ་བཞིན་མཆིས།
དཔྱིད་ཀ་ཤར། གནའ་གྲོང་ལྷ་སར་གསོན་ཤུགས་འཕེལ་ཞིང་འཁྲུག་ཆ་དེ་བས་དོད།
ལྷ་སའི་གྲོང་མིས་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་གྲུ་གཟིངས་གཏོང་བཞིན་པ།
ལྷ་ས་གྲོང་ཁྱེར་ཀྲུང་ཧྭ་རིག་གནས་སྤྱི་གླིང་དུ་བཞད་པའི་ཁམ་བུའི་མེ་ཏོག་ཡིན་པ།
རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི་མཚོ་ཐོག་ཏུ་རོལ་བཞིན་པའི་ངང་པ་ཡིན་པ།
ལྷ་ས་གྲོང་ཁྱེར་ཀྲུང་ཧྭ་རིག་གནས་སྤྱི་གླིང་དུ་བཞད་པའི་ཁམ་བུའི་མེ་ཏོག་ཡིན་པ།
ལྷ་སའི་ཆུ་ཐོག་སྤྱི་གླིང་དུ་སྒོར་གཞས་འཁྲབ་བཞིན་པའི་གྲོང་མི་ཡིན་པ།
རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི་ཟུར་ཞིག་ཡིན་པ།
ལྷ་སའི་གྲོང་མིའི་སྡོད་ཁང་ནང་གི་སྐྱེ་འཚར་བཟང་བའི་རྒུན་འབྲུམ་སྡོང་པོ་ཡིན་པ།