མཛོད་དགེ་རྫོང་གིས་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་དྲིལ་སྒྲོག་བྱེད་སྒོ་ཐེངས་34པ་སྤེལ།
ད་ལོའི་ཟླ་4པ་ནི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་བྱེད་སྒོ་ཐེངས་34པ་ཡིན་ལ། རང་རྒྱལ་གྱིས་རྒྱལ་གཅེས་འཕྲོད་བསྟེན་ལས་སྒོ་སྤེལ་ནས་ལོ་20འཁོར་བའི་ལོའང་ཡིན།
རྒྱལ་གཅེས་འཕྲོད་བསྟེན་ལས་སྒོའི་སྲོལ་རྒྱུན་བཟང་བོ་དར་སྤེལ་ཤུགས་ཆེན་བཏང་སྟེ། མུ་མཐུད་དུ་དཔལ་ཡོན་དང་བདེ་ཐང་། ལྗང་མདོག་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་སྒོས། རྒྱུན་ལྡན་ཅན་གྱི་རིམས་འགོག་ལས་ཀའི་སྤྱི་ཚོགས་ཀྱི་འགོག་གྱང་ཇེ་བརྟན་དུ་གཏོང་ཆེད།
ཟླ་4པའི་ཚེས་13ཉིན། མཛོད་དགེ་རྫོང་རྒྱལ་གཅེས་འཕྲོད་བསྟེན་གཞུང་ལས་ཁང་གིས་རྫོང་རིམས་འགོག་ལྟེ་གནས་དང་། རྫོང་བུད་མེད་ཕྲུག་བཙའི་འཆར་གཞི་ལྟེ་གནས། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། འཕྲོད་བསྟེན་བདེ་ཐང་དང་བླངས་ཞབས་ཞུ་རུ་ཁག་བཅས་དང་མཉམ་འབྲེལ་སྒོས། རྫོང་མཁར་ཁུལ་དུ་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་དྲིལ་སྒྲོག་བྱེད་སྒོ་ཐེངས་34པ་སྤེལ། ཐེངས་འདིའི་བྱེད་སྒོར་དཔལ་ཡོན་དང་བདེ་ཐང་། ལྗང་མདོག་ཁོར་སྲུང་ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། དྲིལ་སྒྲོག་འཕྲེད་ཡིག་བཀལ་བ་དང་། དྲིལ་སྒྲོག་ཡིག་རིགས་དང་དངོས་རྫས་བཀྲམ་པ། ཤེས་བྱའི་དྲི་བ་དྲིས་ལན་གནང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཡུལ་དངོས་ཀྱི་མང་ཚོགས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་ཡོན་དང་བདེ་ཐང་གི་འཚོ་བའི་འདུ་ཤེས་ཆགས་པ། རྒྱལ་གཅེས་འཕྲོད་བསྟེན་ལས་སྒོ་སྤེལ་ཏེ་ལོ་འཁོར་70ལོན་པའི་ལོ་རྒྱུས་ཤེས་བྱ་བཅས་དྲིལ་སྒྲོག་གནང་ནས། མི་དམངས་མང་ཚོགས་ཀྱིས་དཔལ་ཡོན་དང་བདེ་ཐང་། ལྗང་མདོག་ཁོར་སྲུང་སྐྱོང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་རོལ་བར་གྲོས་མགོ་བཏོན།
མཛོད་དགེ་རྫོང་རྒྱལ་གཅེས་འཕྲོད་བསྟེན་གཞུང་ལས་ཁང་གི་ལས་མི་ཀྲང་རྨིན་གྱིས་བཤད་རྒྱུར། དེ་རིང་ང་ཚོས་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་དྲིལ་སྒྲོག་བྱེད་སྒོ་ཐེངས་34པ་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་སྒོ་སྤེལ་ནས་ལོ་20འཁོར་བའི་དྲིལ་སྒྲོག་བྱེད་སྒོ་སྤེལ། དེའི་དམིགས་ཡུལ་ནི་ང་ཚོའི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དུས་རྒྱུན་དུ་ཁྱིམ་དུ་འཕྲོད་བསྟེན་ལ་གཅེས་སྤྲས་བྱེད་པ་དང་། ལྗང་མདོག་ཁོར་སྲུང་དངོས་པོ་བེད་སྤྱོད་མང་ཙམ་བྱས་ནས། འགྱིག་ཤོག་ཉུང་ཙམ་སྤྱོད་གང་ཐུབ་བྱེད་ཅིང་། རིམས་འགོག་དུས་སྐབས་འདིར་ཁ་ཤུབས་གོན་ནས་ལག་པ་མང་ཙམ་བཀྲུ་བ་སོགས་ལ་འབོད་སྐུལ་གནང་ཕྱིར་ཡིན་ཟེར།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་དྲིལ་སྒྲོག་བྱེད་སྒོར་ཁྱོན་སྒྲོག་ཡིག་600ལྷག་དང་ཁུག་མ་150དང་། སྔས་ཁེབས་150དང་ཆུ་ཕོར་50ལྷག་དང་། ལག་སྒྲོན་40དང་གཙང་ཤོག་ཐུམ་300ལྷག་བཅས་བཀྲམ། ཐེངས་འདིའི་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་བརྒྱུད། རྒྱལ་གཅེས་འཕྲོད་བསྟེན་ལས་ཀར་ཞུགས་པའི་རྒྱ་ཆེའི་མང་ཚོགས་ཀྱི་བརྩོན་སེམས་ཇེ་ཆེར་སོང་བར་མ་ཟད། མང་ཚོགས་ཀྱིས་དཔལ་ཡོན་དང་བདེ་ཐང་། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་འཚོ་བའི་གོམས་གཤིས་སྐྱེད་སྲིང་དང་ཉམས་སུ་ལེན་པར་ཁྲིད་སྟོན་སྒོས། དྲིལ་སྒྲོག་གི་རྣམ་པ་གང་ལེགས་བསྐྲུན།