ངའི་ཨ་ཕ་ལགས་ནི་ཆེས་སྤྱིར་བཏང་སྤྱིར་བཏང་གི་འབྲོག་པ་དཀྱུས་མ་ཞིག་ཡིན། འབྲོག་པ་བྱིངས་དང་འདྲ་བར་ཕྱུགས་ཟོག་འཚོ་སྐྱོང་གི་ལས་ཀའི་ཁྲོད་ནས་མི་ཚེ་སྐྱེལ་བཞིན་ཡོད། ཕལ་བ་ཡིན་པའི་ཕ་ལགས་ཀྱི་ཞི་དུལ་བག་ཆགས་ཀྱི་བྱ་སྤྱོད་དང་། ཚུགས་ཐུབ་གཞུང་དྲང་གི་གཤིས་ཀ་ནི་ངའི་མི་ཚེ་གཅིག་གི་མིག་དཔེ་ལྟ་བུར་གྱུར་ཡོད།
ཕ་ལགས་ལོ་ན་ཆུང་དུས་སུ་དགོན་པ་ནས་སློབ་སྦྱོང་བྱེད་མྱོང་སྟབས་བོད་ཡིག་གི་ཆུ་ཚད་ཡག་པོ་ཡོད་པས། ང་ལ་བོད་ཡིག་སྦྱོར་ཀློག་གི་ཚེག་འདེད་དང་གསལ་བྱེད་ངོས་འཛིན། ཞལ་འདོན་སོགས་ཕ་ལགས་ཀྱིས་བསླབ། ང་ཚོ་སློབ་ཆུང་འགྲིམ་སྐབས་བདེ་སྨོན། བཟང་སྤྱོད་སོགས་དབྱར་གནང་དང་དགུན་གནང་གི་སྐབས་སུ་བློར་བཟུང་ནས། སློབ་མགོ་ཚུགས་དུས་དགེ་རྒན་གྱིས་བློ་རྒྱུགས་ལེན་སྲོལ་ཡོད། བློ་རྒྱུགས་ཀྱི་སྐབས་ནམ་ཡང་བློ་རྒྱུགས་མ་སྤྲོད་ནས་དགེ་རྒན་གྱིས་གཤེ་གཤེ་བཏང་བ་ཆེར་མེད། དེ་ནི་གུང་གསེང་སྐབས་སུ་ཕ་ལགས་ཀྱིས་གཟབ་ནན་གྱི་སྒོ་ནས་གཅིག་གཅིག་གཉིས་གཉིས་བསླབ་པའི་བཀའ་དྲིན་ཁོ་ན་ཡིན་པ་ལས་རང་གཅུན་གྱིས་བློར་འཛིན་ངེས་པའི་བསམ་འདུན་ཁྱོན་ནས་ཡོད་མ་མྱོང་། ཕ་ལགས་ཀྱིས་་ང་ལ་ཁ་ཏོན་བསླབ་པས་ཁ་ཏོན་བོད་ཡིག་ཡིན་པས་བོད་ཡིག་གི་ཆུ་ཚད་ངང་ངམ་ཤུགས་ཀྱིས་ཇེ་ཡག་བུད་སོང་། རང་གི་སེམས་ནས་ཀྱང་བོད་ཡིག་ཤེས་མདོག་གི་ང་རྒྱལ་ཅུང་ཙམ་སྐྱེས། ཕ་ལགས་ལ་རྟག་ཏུ་ཁ་ཏོན་འདོན་པའི་གོམས་གཤིས་ཤིག་ཡོད་པས། རིམ་བཞིན་གོམས་གཤིས་དེ་ངའི་རྒྱུད་ལ་འཇགས་པར་གྱུར། དེ་ནས་ངས་ཀྱང་ཉིན་རེ་བཞིན་ཁ་ཏོན་ཆད་ལུས་མ་སོང་བས་བཏོན་པས། སྣང་བ་ཞིག་ལ་ལམ་འགྲོ་དང་ཁ་ལས་རྒྱུགས་པ་ལྟ་བུ་ཞིག་བྱུང་། ཕ་མ་གཉིས་ཀྱིས་ཉིན་གཅིག་གི་ལས་ཀ་ཇི་ལྟར་མང་ན་ཡང་། ང་ལ་ཁྱིམ་ནས་ཁ་ཏོན་དང་ལས་བྱ་བྲིས་ནས་འདུག་ཏུ་འཇུག་ངེས། ངས་ཀྱང་ཁྱིམ་དུ་ལས་ཀ་ཡོད་དུས་ལས་བྱ་དང་བློར་འཛིན་ལ་ཁ་གཡར་ནས་ལས་བྱ་བྲི་མདོག་དང་བློར་འཛིན་དགོས་མདོག་གིས་ཁྱིམ་དུ་འཛུལ་ནས་གཡོལ་ཐབས་ཐེངས་མང་བྱས་མྱོང་།
སློབ་ཆུང་ནི་ཕ་ཡུལ་དང་ཁ་ཐག་རིང་ཙམ་ཡོད་པའི་སློབ་གྲྭ་ཞིག་ཏུ་སོང་བས་སློབ་སྐབས་རེར་ཕ་ཡུལ་དུ་ལོག་ཐེངས་ཧ་ཅང་ཉུང་། ཡིན་ནའང་། ཕ་ལགས་ནི་ནམ་ཞར་གཟའ་འཁོར་གཉིས་གསུམ་གྱི་རྗེས་སུ་ང་ལ་སྐོར་རྒྱག་གི་ཐོན་ཡོང་། ཕ་ལགས་སྐོར་རྒྱག་གི་ཡོང་ཐེངས་རེར་ཕ་ཡུལ་དྲན་པའི་གདུང་བ་ཡོད་ཚད་ཇེ་ཆུང་དུ་སོང་ནས། གནོན་མི་ཐུབ་པའི་སྤྲོ་བ་ཞིག་ངང་གིས་རྒྱས་ཡོང་། ནམ་རྒྱུན་ཕ་ལགས་སྐོར་རྒྱག་གི་ཡོང་བར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་དེ། དུས་ཚོད་ངེས་ཅན་རེ་འགོར་ན་ད་ལྟ་དང་འདྲ་བར་ཁ་པར་སོགས་ཀྱང་མེད་པས་སློབ་གྲྭའི་རྒྱལ་སྒོ་གཡས་འགྲམ་གྱི་སྤང་ཐོག་ཏུ་སོང་ནས་ལམ་འགྲོ་བ་དག་གི་དབུས་སུ་ཕ་ལགས་ཐོན་ཡོད་མེད་ལྟ་མྱོང་།
ཕ་ལགས་ཀྱིས་ཆུང་ནས་ད་བར་ངས་བྱ་བ་ཆེ་མ་ཆུང་གསུམ་གང་ཞིག་བསྒྲུབས་ཀྱང་། རྒྱབ་སྐྱོར་མ་བྱས་པ་གཅིག་ཀྱང་ཆེར་མེད་དེ་ཕ་ལགས་ཀྱིས་ཚད་མེད་པའི་སྒུལ་ཤུགས་སྤྲད་པས། བྱ་བ་གང་ལ་ཞུགས་ཀྱང་བློ་བདེ་བདེ་བྱེད་ཆོག །གལ་ཏེ་ཕ་ལགས་དང་ཁྱིམ་ཚང་གི་རྒྱབ་སྐྱོར་མེད་ན་རང་གི་འདོད་མོས་བཞིན་གྱི་བྱ་བ་ཞིག་བྱེད་ཐབས་མེད་པར་ནམ་ཡང་དུས་ཚོད་མཐའ་དག་གཞན་གྱི་བཀོད་འདོམས་འོག་ནས་སྐྱེལ་དགོས། ང་ལ་ལས་དང་བསོད་ནམས་ཤིག་གི་དབང་གིས་སྐྱེས་ཕོ་རབ་ཅིག་གི་ཡོན་ཏན་འཛོམས་པའི་ཕ་ལགས་ལྟ་བུ་ཞིག་ཡོད་པས། ངའི་ལས་ཀ་མཐའ་དག་རང་གི་དགའ་ཕྱོགས་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན།
ཕ་ལགས། ཁྱེད་ཀྱིས་རང་སེམས་ཀྱི་དཀའ་སྡུག་དང་སེམས་ངལ་ཡོད་ཚད་ཁོག་ཏུ་བཅུག་ནས་ངེད་མིང་སྲིང་ཚོ་སྙིང་གི་སྲོག་ལྟར་གཅེས། ཉིན་ནས་ཉིན་མཐུད་དེ་ཁྱིམ་ཚང་གི་ཁ་གསོ་རྒྱབ་འགེབས་ཀྱི་ཆེད་དུ་ཉིན་མཚན་དབྱེར་མེད་དུ་འབད་བཞིན་ཡོད། ང་ཚོས་ཕ་ལགས་ཀྱི་རེ་བ་དང་ཡིད་ཆེས་ཁུར་ནས་མི་ཚོགས་ཀྱི་དབུས་སུ་རང་ཉིད་འབོར་མི་སྲིད། ཕ་ལགས་ཀྱི་ཞལ་ཏ་རེ་རེ་ནི་དམ་པའི་གསུང་རབ་ཇི་བཞིན་ཟབ་ཅིང་བརླིང་པས། ལམ་སྟོན་གྱི་སྒྲོན་མེ་ཡིན་ཨང་། །