སྐུ་བླ་རི་བོར་ཐེངས་དང་པོར་གླ་བ་མཐོང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 04-21



   གསར་འགོད་པས་ཚེས་13ཉིན་སི་ཁྲོན་སྐུ་བླ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། སྐུ་བླ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་སྐྱེ་དངོས་སྣ་མང་རང་བཞིན་ལྟ་ཞིབ་མི་སྣས་ཉེ་ཆར་མཚོ་འཕགས་སྨི་4300སར་བཙུགས་པའི་དམར་ཕྱིའི་པར་ཆས་ཀྱི་གྲངས་གཞི་ལེགས་སྒྲིག་བྱེད་སྐབས། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས་མང་པོ་ཡོད་པ་མཐོང་ཡོད་པ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན། སྐུ་བླ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ནམ་རྒྱུན་གླ་བའི་རིགས་ཀྱི་སྲོག་ཆགས་མང་པོ་འགུལ་སྐྱོད་བྱས་པའི་ཤུལ་ཡོད་ནའང་དྭངས་གསལ་བརྙན་རིས་པར་ལེན་ཐུབ་མེད་པ་རེད། ད་ཐེངས་སྐུ་བླ་རི་བོའི་སྲུང་སྐྱོང་ཁུལ་ཧྲོང་ཆའོ་ཀོའུ་གསོམ་དམར་ནགས་ཚལ་ཉེ་འགྲམ་དུ་ཐེངས་དང་པོར་དམར་ཕྱིའི་པར་ཆས་སྤྱད་དེ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གླ་བ་ཉིན་གུང་འགུལ་སྐྱོད་བྱེད་པའི་བརྙན་རིས་གསལ་པོ་བླངས་པ་རེད། གླ་བས་རྒྱུན་དུ་ཞོགས་པ་དང་ས་སྲོད་དུ་འགུལ་སྐྱོད་བྱེད་ཅིང་ཉིན་མོ་ངལ་གསོ་བཞིན་ཡོད། འགུལ་སྐྱོད་བྱེད་སྐབས་རྟག་ཏུ་ཕར་ལྟ་ཚུར་ལྟ་བྱས་ཏེ་ཕྱོགས་བཞིར་དོགས་ཟོན་བྱེད་ཀྱི་ཡོད།


    ཤེས་རྟོགས་བྱུང་བར། ཉེ་བའི་ལོའི་ནང་ས་གནས་དེ་གས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་རིམ་གྱིས་ཇེ་ཆེར་བཏང་བས། རི་སྐྱེས་སྲོག་ཆགས་ཀྱི་རིགས་ཚོགས་གྲངས་འབོར་མངོན་གསལ་གྱིས་མང་དུ་འཕར་ཡོད། གླ་བ་དང་ཤྭ་བ་སེར་ཆེན། རྒྱ་སོགས་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཡང་ཡང་མིག་ལམ་དུ་མངོན་ཡོང་གི་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1