ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2022ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 04-25


གོ་ལ་ཧྲིལ་པོ་བདེ་འཇགས་ཡོང་བའི་གྲོས་འགོ་བཏོན་གནང་བ་མ་ཟད། མིའི་རིགས་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པས་རྒྱལ་ཁབ་ཁག་གིས་ཡིད་ཆེས་བརྟན་པོ་དང་། ཀུན་སེམས་གཅིག་སྒྲིལ། ཕྱར་བ་གྲུ་འདེགས་བཅས་བྱས་ཏེ་མཉམ་ལས་བྱས་ནས་འབྱུང་འགྱུར་གཏོད་དགོས་པའི་ནན་བཤད་གནང་བ། 

 

ཟླ་4ཚེས་21ཉིན་གྱི་སྔ་དྲོ། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2022ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ཧའེ་ནན་པོ་ཨའོ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ཐོག་ནས《ལག་གདང་སྦྲེལ་ནས་འགྲན་སློང་བསུ་བ་དང་མཉམ་ལས་བྱས་ཏེ་འབྱུང་འགྱུར་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ། 

 ཟླ་4ཚེས་21ཉིན་གྱི་སྔ་དྲོ། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2022ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ཧའེ་ནན་པོ་ཨའོ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ཐོག་ནས《ལག་གདང་སྦྲེལ་ནས་འགྲན་སློང་བསུ་བ་དང་མཉམ་ལས་བྱས་ཏེ་འབྱུང་འགྱུར་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ།


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་གྱི་སྔ་དྲོ་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2022ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ཧའེ་ནན་པོ་ཨའོ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ཐོག་ནས《ལག་གདང་སྦྲེལ་ནས་འགྲན་སློང་བསུ་བ་དང་མཉམ་ལས་བྱས་ཏེ་འབྱུང་འགྱུར་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མྱོང་མེད་པའི་རྣམ་པའི་ཐོག་ནས་ཡོང་བཞིན་ཡོད་པ་དེས་མིའི་རིགས་ལ་ངེས་པར་དུ་ལྟ་སྟངས་ནན་པོ་འཛིན་དགོས་པའི་འགྲན་སློང་འཕྲད་ཡོད། མིའི་རིགས་ཀྱི་ལོ་རྒྱུས་ལས། ང་ཚོར་དཀའ་ངལ་ཇི་ཙམ་ཆེ་བའི་དུས་སུ་དེ་ཙམ་གྱིས་ཡིད་ཆེས་བརྟན་དུ་གཏོང་དགོས་པ་བསྟན་ཡོད། དཀའ་ཚེགས་དང་ཀྱག་ཀྱོག་གང་ཞིག་གིས་ཀྱང་ལོ་རྒྱུས་མདུན་དུ་སྐྱོད་པའི་འཁོར་ལོ་འགོག་མི་ཐུབ། འགྲན་སློང་དྲག་པོའི་མདུན་དུ་ང་ཚོས་ཡིད་ཆེས་གཏན་ནས་འདོར་མི་རུང་ལ། ཐེ་ཚོམ་གྱིས་ཕྱིར་བཤོལ་དེ་བས་མི་བྱེད་པར་ཡིད་ཆེས་བརྟན་དུ་གཏོང་བ་དང་དཀའ་ངལ་ལ་མི་འཛེམས་པར་མདུན་དུ་སྐྱོད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྨུག་པའི་ཁྲོད་ནས་འོད་ཟེར་གྱི་ཕྱོགས་སུ་བསྐྱོད་པར། སྟོབས་ཤུགས་ཆེ་ཤོས་ནི་ཀུན་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་རེད་ལ། ཆེས་ཕན་ནུས་ལྡན་པའི་བྱེད་ཐབས་ནི་ཕྱར་བ་གྲུ་འདེགས་བྱ་རྒྱུ་དེ་རེད། འདས་ཟིན་པའི་ལོ་གཉིས་ལྷག་ཙམ་རིང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དཀའ་སྤྱད་འབད་བརྩོན་བྱས་ཡོད། དཀའ་ངལ་དང་འགྲན་སློང་ལས། ང་ཚོར་མིའི་རིགས་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པས་རྒྱལ་ཁབ་ཁག་གིས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཡང་དག་པའི་ཕྱོགས་སུ་ལག་གདང་སྦྲེལ་ནས་འགྲན་སློང་བསུ་བ་དང་མཉམ་ལས་བྱས་ཏེ་འབྱུང་འགྱུར་གཏོད་དགོས་པ་དེ་བས་བསྟན་ཡོད།

        —— ང་ཚོས་མིའི་རིགས་ཀྱི་ཚེ་སྲོག་བདེ་ཐང་མཉམ་དུ་སྲུང་སྐྱོང་བྱེད་དགོས། མིའི་རིགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་བ་བྱེད་པར་ད་དུང་དཀའ་སྤྱད་འབད་བརྩོན་བྱེད་དགོས། རྒྱལ་ཁབ་ཁག་གིས་ཕན་ཚུན་རྒྱབ་སྐྱོར་དང་། རིམས་འགོག་བྱེད་ཐབས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རིམས་ནད་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། རིམས་འགོག་སྨན་ཁབ་དེ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ཡིན་པའི་ངོ་བོ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་རིམས་འགོག་སྨན་ཁབ་ཁྱབ་ཐུབ་པ་དང་དང་ལེན་ཐུབ་པའི་འགན་ལེན་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་120ལྷག་ཙམ་ལ་རིམས་འགོག་སྨན་ཁབ་མཁོ་འདོན་བྱེད་ཚད་དུང་ཕྱུར་21ལས་བརྒལ་བ་དང་། ཨ་ཧྥེ་རི་ཁ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ལ་ཁག་སོ་སོར་རིམས་འགོག་སྨན་ཁབ་དུང་ཕྱུར་6དང་དུང་ཕྱུར་1.5མུ་མཐུད་མཁོ་འདོན་བྱས་ནས“རིམས་འགོག་སྨན་ཁབ་ཀྱི་ཧེ་བག་ཆེན་པོ”གསབ་ཆེད་འབད་བརྩོན་ཧུར་ཐག་བྱས་ཡོད།

        —— ང་ཚོས་དཔལ་འབྱོར་སླར་གསོ་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་རྒྱུ་མཐའ་འཁྱོངས་དང་། གཞི་ཆེའི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་སྲུང་སྐྱོང་བཅས་བྱས་ཏེ་གོ་ལ་ཧྲིལ་པོ་དོ་མཉམ་དང་། མཐུན་སྦྱོར། བསྟུན་མཁས་བཅས་ཀྱི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོ་འགན་ལེན་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་དབུལ་པོ་ཉུང་གཏོང་དང་། འབྲུ་རིགས་བདེ་འཇགས། འཕེལ་རྒྱས་ཀྱི་མ་དངུལ་གྲབས་གསོག བཟོ་ལས་ཅན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བརྟན་པོ་གཏོང་དགོས།

        —— ང་ཚོས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་མཉམ་དུ་སྲུང་སྐྱོང་བྱེད་དགོས། འཇམ་འཐབ་ཀྱི་བསམ་གཞིག་གིས་གོ་ལ་ཧྲིལ་པོའི་ཞི་བདེའི་སྒྲོམ་གཞིར་གཏོར་བཤིག་གཏོང་བ་དང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ཀྱིས་འཛམ་གླིང་གི་ཞི་བདེར་གནོད་འཚེ་བཟོ་བ། ཚོགས་པའི་དབར་ཁ་གཏད་དུ་ལངས་པ་དེས་དུས་རབས་21པའི་བདེ་འཇགས་ཀྱི་འགྲན་སློང་ཇེ་སྡུག་ཏུ་འགྲོ་སྲིད། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོ་བདེ་འཇགས་ཡོང་བར་གྲོས་འགོ་འདོན་རྒྱུ་སྟེ། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱས་ནས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་མཉམ་དུ་སྲུང་སྐྱོང་བྱེད་དགོས། རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རང་རྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་ལམ་བུ་དང་སྤྱི་ཚོགས་ལམ་ལུགས་ལ་བརྩི་འཇོག་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས་འཇམ་འཐབ་ཀྱི་བསམ་བློ་དོར་བ་དང་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བྱས་ནས་ཚོགས་པའི་ཆབ་སྲིད་དང་དཔུང་ཚོགས་ཀྱི་འགྲན་རྒོལ་མི་བྱེད་པ། རྒྱལ་ཁབ་ཁག་གི་ལུགས་མཐུན་བདེ་འཇགས་ལ་མཐོང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བདེ་འཇགས་དང་ཁ་འབྲལ་ཐབས་མེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་སྒྲོམ་གཞི་བཙུགས་ནས་རྒྱལ་ཁབ་དེ་གའི་བདེ་འཇགས་དེ་རྒྱལ་ཁབ་གཞན་གྱི་བདེ་འཇགས་མིན་པའི་རྨང་གཞིའི་ཐོག་འཛུགས་པར་ངོ་རྒོལ་བྱེད་དགོས། གླེང་མོལ་དང་གྲོས་མོལ་གྱི་ཞི་བདེའི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་དབར་གྱི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཉམས་ཉེན་ཞི་བས་ཐག་གཅོད་བྱེད་པར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་དང་ཚད་གཞི་ཉིས་བརྩེགས་ལག་བསྟར་མི་བྱེད་པར་ཕྱོགས་རྐྱང་པའི་བཀག་སྡོམ་དང་ཇུས་མེད་ཇུས་གཏོགས་ལ་ངོ་རྒོལ་བྱེད་དགོས། སྲོལ་རྒྱུན་གྱི་ཁྱབ་ཁོངས་དང་སྲོལ་རྒྱུན་མིན་པའི་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་སྤྱི་འདོམས་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ས་ཁུལ་གྱི་རྩོད་གཞི་དང་། འཇིགས་སྐུལ་རིང་ལུགས། གནམ་གཤིས་འགྱུར་ལྡོག དྲ་རྒྱའི་བདེ་འཇགས། སྐྱེ་དངོས་བདེ་འཇགས་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ལ་མཉམ་དུ་ཁ་གཏད་གཅོག་དགོས།

        —— ང་ཚོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་དགོས། འཛམ་གླིང་རྒྱལ་ཁབ་ཁག་ལས་དབང་གཅིག་མཐུན་གྱི་གྲུ་གཟིངས་ཆེན་པོར་བསྡད་དེ་རྦ་རླབས་དྲག་པོ་འཕྲེད་དུ་བཅད་དེ་འོད་ཟེར་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་པར། ངེས་པར་དུ་ཕྱར་བ་གྲུ་འདེགས་བྱེད་དགོས་པ་ལས་སུ་ཞིག་རྒྱ་མཚོའི་ནང་དབྱུག་རྩིས་བྱེད་པ་དེ་ནི་དང་ལེན་བྱེད་ཐབས་བྲལ་བ་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་འཕེལ་རྒྱས་ཕྱིན་ནས་ད་བར་རྙོག་འཛིང་ཆེ་ལ་གཞི་གཅིག་ཏུ་བསྡུས་པའི་འཕྲུལ་འཁོར་ཞིག་ཏུ་གྱུར་ཟིན་པས། ལྷུ་ལག་གཅིག་བཤིག་ན་འཕྲུལ་འཁོར་ཧྲིལ་པོ་འཁོར་སྐྱོད་བྱེད་པར་དཀའ་ངལ་ཚབས་ཆེན་འཕྲད་སྲིད་ལ། ལྷུ་ལག་བཤིག་ཡུལ་ལ་གནོད་འཚེ་ཕོག་སྲིད་པ་དང་བཤིག་མཁན་ལའང་གནོད་འཚེ་ཕོག་སྲིད། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་ལག་བསྟར་བྱས་ནས་མིའི་རིགས་ཧྲིལ་པོའི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་ཤེས་དཔལ་མི་འདྲ་བའི་དབར་སྤེལ་རེས་དང་ཕན་ཚུན་མིག་ལྟོས་བྱ་རྒྱུ་དར་སྤེལ་གཏོང་དགོས། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། རྒྱལ་ཁབ་ཆེ་གྲས་ཀྱིས་ལྷག་པར་དུ་མིག་དཔེ་བཏོན་ནས་སྣེ་ཁྲིད་དེ་འདྲ་མཉམ་ལ་སྣང་ཆེན་དང་། མཉམ་ལས་ལ་སྣང་ཆེན། ཡིད་རྟོན་ལ་སྣང་ཆེན། ཁྲིམས་སྐྱོང་ལ་སྣང་ཆེན་བཅས་བྱས་ནས་རྒྱལ་ཁབ་ཆེན་པོའི་ཉམས་འགྱུར་མངོན་པར་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདས་ཟིན་པའི་ལོ་བཅུ་ཕྲག་ནང་ཨེ་ཤེ་ཡ་ས་ཁུལ་སྤྱིའི་ཆ་ནས་བརྟན་ལྷིང་རྒྱུན་འཁྱོངས་དང་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕར་ནས“ཨེ་ཤེ་ཡའི་ངོ་མཚར”བཏོད་ཡོད། ཨེ་ཤེ་ཡ་ཡག་པོ་བྱུང་ན། འཛམ་གླིང་གཞི་ནས་དེ་བས་ཡག་པོ་ཡོང་སྲིད། ང་ཚོས་མུ་མཐུད་ཨེ་ཤེ་ཡ་འཕེལ་རྒྱས་ཡག་པོ་དང་འཛུགས་སྐྲུན་ཡག་པོ་བྱས་ཏེ་ཨེ་ཤེ་ཡའི་མཉེན་ཤུགས་དང་། བློ་གྲོས། སྟོབས་ཤུགས་བཅས་མངོན་པར་བྱས་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་གི་ཁ་ཕྱོགས་དང་། འཕར་བའི་སྒུལ་ཤུགས་ཀྱི་འབྱུང་ཁུངས། མཉམ་ལས་ཀྱི་མཐོ་ས་གསར་པ་བཅས་གཏོད་དགོས།

        གཅིག ཨེ་ཤེ་ཡའི་ཞི་བདེ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ད་ཆ་ཨེ་ཤེ་ཡས་ཐོག་མར་གྲོས་འགོ་བཏོན་པའི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དང“དབན་ལུང་གི་སྙིང་སྟོབས”ལ་དེ་བས་དངོས་ཡོད་ཀྱི་དོན་སྙིང་ལྡན་ཡོད། ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས་སོགས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་སྲིད་ཇུས་ལག་བསྟར་བྱས་ཏེ་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།

        གཉིས། ཨེ་ཤེ་ཡའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། 《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》དངོས་སུ་ནུས་པ་ཐོན་པ་དང་། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དེས། ས་ཁུལ་དབར་གྱི་མཁྲེགས་ཆས་ཀྱི་འབྲེལ་མཐུད་དང་མཉེན་ཆས་ཀྱི་འབྲེལ་མཐུད་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད། གོ་སྐབས་དེ་དང་བསྟུན་ནས་ཨེ་ཤེ་ཡར་དེ་བས་སྒོ་དབྱེའི་ཁྲོམ་ར་ཆེན་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་ཨེ་ཤེ་ཡའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོ་དགོས།

        གསུམ། ཨེ་ཤེ་ཡའི་མཐུན་སྒྲིལ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ས་ཁུལ་སྒྲོམ་གཞིའི་ཁྲོད་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གནས་བབ་བརྟན་དུ་བཏང་ནས་ཕྱོགས་ཁག་གི་རེ་ཞུར་ལྟ་རྟོག་དང་ཕྱོགས་ཁག་གི་ཁེ་ཕན་ལ་བསྟུན་མཁས་བྱེད་པའི་ས་ཁོངས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། རྒྱལ་ཁབ་སྟོབས་ཤུགས་ཆེ་ཆུང་དང་ས་ཁོངས་ཕྱི་ནང་ལ་མི་བལྟོས་པར་ཚང་མས་ཨེ་ཤེ་ཡར་ཕན་པ་བསྐྲུན་པ་ལས་ཟིང་མི་སློང་བ་དང་། ཚང་མས་མཉམ་དུ་ཞི་བདེ་འཕེལ་རྒྱས་ཀྱི་ལམ་ཆེན་ཐོག་བསྐྱོད་དེ་མཉམ་ལས་གཉིས་ཕན་གྱི་ཇུས་ཆེན་མཉམ་དུ་དོན་གཉེར་དང་མཐུན་སྒྲིལ་ཡར་ཐོན་གྱི་ཨེ་ཤེ་ཡའི་ཁྱིམ་ཚང་ཆེ་མོ་མཉམ་དུ་སྐྲུན་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། མི་མངོན་པའི་སྟོབས་ཤུགས་ཆེ་བ། བརྐྱང་བསྐུམ་བྱ་གཞི་ཆེ་བ། ཡུན་རིང་ལེགས་སུ་འགྲོ་བ་བཅས་ཀྱི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་འགྲོ་མི་སྲིད་ལ། འཛམ་གླིང་གི་དཔལ་འབྱོར་ཁེ་ལས་བརྟན་པོའི་ངང་སླར་གསོ་ཡོང་བར་སྒུལ་ཤུགས་ཆེན་པོ་མཁོ་འདོན་དང་རྒྱལ་ཁབ་ཁག་ལ་དེ་བས་རྒྱ་ཆེ་བའི་ཁྲོམ་རའི་གོ་སྐབས་མཁོ་འདོན་བྱེད་ཐུབ་ངེས་ཡིན། ཀྲུང་གོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན། འཛམ་གླིང་ལ་འགྱུར་ལྡོག་གང་ཞིག་བྱུང་རུང་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་གདེང་ཚོད་དང་སྙིང་སྟོབས་ལ་གཡོ་འགུལ་ཐེབས་མི་སྲིད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་འཛམ་གླིང་གི་ཞི་བདེ་སྐྲུན་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱ་རྒྱུ་ཡིན།

        ཞི་ཅིན་ཕིང་གིས་མཇུག་ཏུ་གསུངས་དོན། ཉིན་བཞིན་འགྲོ་རྒྱུན་མ་ཆད་ན། ལེ་དབར་ཁྲི་ལ་སྐྲག་དོན་མེད། བྱ་བ་སྒྲུབ་རྒྱུན་མ་ཆད་ན། བྱ་སྣེ་འདྲེས་འཛིངས་ཅི་ལ་སྐྲག ང་ཚོས་ལག་གདང་སྦྲེལ་ནས་འབད་བརྩོན་ལྷོད་མེད་བྱས་ན་མཉམ་ལས་གཉིས་ཁེའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་མདུན་སྐྱོད་ལམ་བུའི་ཐོག་གི་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ་མིའི་རིགས་ཀྱི་དེ་བས་འོད་ཟེར་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་ཐུབ་ངེས་རེད།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1