༄༅།།འབྲུག་མོའི་སེང་ལྕམ་དྲུག་འགྱུར།
མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད། སྤེལ་དུས། 04-26
གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
མ་རིགས་ལྔའི་མཁའ་འགྲོ་འབོད་ཐག་ཉེ། །
རིགས་བཞི་མཁའ་འགྲོ་སྙིང་ཐག་ཉེ། །
རིགས་ལྔ་བདེ་ཆེན་ཁྲོ་མོ་ལྕམ། །
ཚོགས་ཟག་མེད་དགའ་སྟོན་འགྱེད་དུ་གསོལ། །
ས་འདིའི་ས་ངོ་མ་ཤེས་ན། །
ཤར་ཁྲ་མོ་གླིང་གི་ས་ཆ་ན། །
འབྲུག་ལྷང་ལྷང་ནོར་བུའི་གདན་སྟེང་ན། །
གཡུ་སྦྲ་མཐིང་ཤོག་གོང་དགུ་རེད། །
ཨ་སེར་མོ་ང་ངོ་མ་ཤེས་ན། །
ང་སྐྱེ་བ་འདི་ཡི་གོང་རོལ་ན། །
བག་ཆགས་དྲི་མས་མ་གོས་དུས། །
ཤ་ཁྲག་སྦུབས་སུ་མ་འཁྲུངས་དུས། །
གཡུ་ལོ་བཀོད་པའི་ཞིང་ཁམས་ན། །
གསེར་ལོ་འབར་བའི་གཞལ་ཡས་ན། །
དུང་ལོ་འབར་བའི་ཁྲི་སྟེང་ན། །
སྒྲོལ་མ་དཀར་མོའི་སྐྱེ་བ་ཡིན། །
སྐྱེ་བ་འདི་ལ་ཟིན་པ་ནས། །
ཉ་ཆགས་ཕུ་དྲུག་མདའ་དང་བདུན། །
དུང་མཚོ་དཀར་མོའི་རླབས་དང་བརྒྱད། །
སྐྱ་རེངས་གད་པའི་རྔམས་དང་དགུ། །
ཕོ་བྲང་སྟག་རྩེའི་གཟི་དང་བཅུ། །
བཅུ་འཛོམ་གཡང་གི་ར་བ་ན། །
ཕྱུག་སྐྱ་ལོའི་སེང་ལྕམ་འབྲུག་མོ་ཡིན། །
གླུ་འདི་ཡི་གླུ་ངོ་མ་ཤེས་ན། །
ཨ་སེར་མོའི་དགུ་སིང་དྲུག་འགྱུར་ཡིན། །
ང་སེང་ལྕམ་འབྲུག་མོ་ཐོགས་དོན་དེ། །
དབྱར་ལ་མ་སྐྱེས་དགུན་ལ་སྐྱེས། །
དགུན་སྟག་ཡོས་གཉིས་ཀྱི་བར་སྒང་དུ། །
སེར་མོ་སྐུ་དེ་འཁྲུངས་ཞོགས་དེར། །
ཨ་སྔོན་དགུང་ནས་འབྲུག་གཅིག་གྲགས། །
དོག་མོ་ས་ནས་ལྕམ་གཅིག་སྐྱེས། །
དཀར་ཡག་གངས་ལ་སེངྒེ་འགྱིང་། །
སེང་ལྕམ་འབྲུག་མོ་དེ་ནས་ཐོགས། །
སྦྲ་ཆོན་ཆེན་མགོ་ལ་ཐང་དཀར་བབས། །
ཤ་ལོ་དཀར་བ་དེ་ནས་བྱུང་། །
ཆོན་ཆུང་མགོ་ལ་ཐང་སྨུག་བབས། །
ཤ་རྩ་སྨུག་དོན་དེ་ནས་བྱུང་། །
གོང་ཤིང་མགོ་ལ་ནེ་ཙོ་བབས། །
སྨྲ་བརྗོད་མཁས་དོན་དེ་ནས་བྱུང་། །
འཆར་ཀ་སྟེང་ནས་ཅོ་ག་འགྱུར། །
དྲུག་འགྱུར་ཐོགས་དོན་དེ་ནས་བྱུང་། །
ཕུར་ཆེན་སྟེང་ལ་རྨ་བྱ་བབས། །
གཟི་མདངས་ཆེ་དོན་དེ་ནས་བྱུང་། །
ཕུར་ཆུང་མགོ་ལ་རྒྱ་བྱ་བབས། །
གཟི་མདངས་རིང་དོན་དེ་ནས་བྱུང་། །
ཕུར་ཆུང་མགོ་ལ་རྒྱ་བྱ་བབས། །
སྐེ་མགུལ་རིང་དོན་དེ་ནས་བྱུང་། །
ཐབ་ཁུང་ནང་ནས་མེ་སྟག་འཚུབ། །
མི་ཁ་སྡང་དོན་དེ་ནས་བྱུང་། །
ཨ་ཅང་རྩེད་མོ་ཀུ་རེ་ཡིན། །
ལོ་རུས་ལུག་ལ་ཐོབ་ལེ་ཡིན། །
འབྱུང་བ་ཤིང་ལ་ཐོབ་ལེ་ཡིན། །
ཀུན་དང་མཐུན་པའི་ཤིང་མོ་ལུག། །
རང་བསྟོད་མིན་ཏེ་ངོ་མ་ཡིན། །
ཨ་རོགས་བུ་མོ་རེས་རོགས་གཉིས། །
ཆུང་ཆུང་ལུ་གུ་འཚོ་རོགས་གཉིས། །
ཡང་ཆུང་མེ་ཏོག་འཐུ་རོགས་གཉིས། །
ཁྲ་མོ་གླིང་གི་ས་ཆ་ན། །
བྱ་ཁྭ་ཏ་ཡེ་ནས་མི་དར་ཏེ། །
ད་ནང་ཐན་བྱ་འདི་འདྲ་བྱུང་། །
ཁྭ་ཏའི་གླུ་ལེན་ཨ་གོ་ལགས། །
སྡུག་ཐན་བྱས་ཟེར་བ་འདི་འདྲ་ཟེར། །
སྐྱ་ལོ་སེང་ལྕམ་འབྲུག་པོ་ལགས། །
མི་མ་ཤི་ཡུགས་ས་ལུས་འདུག་ཟེར། །
ཁྱོད་ཁྲ་མོ་གླིང་ལ་སྡོད་པ་ལས། །
ང་ཁྭ་ཏའི་རྗེས་ལ་ཨེ་འགྲོ་ཟེར། །
ཧོར་གུར་དཀར་དཔོན་མོ་ཨེ་བྱེད་ཟེར། །
ང་ལྷ་འུའི་མ་ཡར་ཨེ་བྱེད་ཟེར། །
ཧོར་རི་ཐང་བདག་མོ་ཨེ་བྱེད་ཟེར། །
ཤན་པའི་རྗེ་མོ་ཨེ་བྱེད་ཟེར། །
གནམ་ས་གཉིས་ཀྱི་བར་ལམ་ན། །
རྒྱ་བོད་གཉིས་ཀྱི་ས་མཚམས་ན། །
ས་ཧོར་ལས་སྐྱིད་ཅིག་མེད་དོ་ཟེར། །
ཁོ་བྱ་ངན་ཁ་ལ་ཐལ་བ་ཐོབ། །
ང་ཧོར་ལ་འགྲོ་བ་དགྲ་ལ་སྒྱུར། །
དགྲ་ཡི་ནང་གི་ཧོར་ལ་སྒྱུར། །
དགྲ་སྒྱུར་བ་གུར་དཀར་སྟེང་དུ་སྒྱུར། །
ཐན་བྱ་ཁྭ་ཏ་ནག་ཙོག་ཁྱོད། །
ཉིན་གྱི་རྟགས་ལམ་ངན་པ་བྲུབ། །
མཚན་གྱི་རྨི་ལམ་ངན་པ་བྲུབ། །
སྤྱི་རུ་ཆག་སྒོ་ཆེ་བ་བྲུབ། །
སྒོས་སུ་ཉམ་ང་ཆེ་བ་བྲུབ། །