ཉེ་ཆར། གསར་འགོད་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་གྲོང་གསེབ་ཅུའུ་ནས་ཤེས་གསལ་ལྟར་ན། གསེར་རྟ་རྫོང་དེ་ཉིད་རྒྱལ་ཡོངས་ཀྱི“2022ལོའི་རྩྭ་ཐང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་རྣམ་གྲངས་རྫོང”15ཡི་གྲས་སུ་གཏན་འཁེལ་བྱས།
རྩྭ་སའི་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ཞིང་ལས་གྲོང་གསེབ་པུའུ་ཡིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་འགྲན་རྩོད་རང་བཞིན་གྱི་རེ་ཞུ་བྱས་པ་བརྒྱུད། རྒྱལ་ཁབ་རིམ་པའི་རྩྭ་ཐང་གི་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་ཚོད་ལྟའི་རྣམ་གྲངས་ཁག་གཅིག་བདམས་ནས་རྣམ་གྲངས་དང་མ་དངུལ་ཐོག་ནས་རྒྱབ་སྐྱོར་བྱས་པ་རེད། དཀར་མཛེས་ཁུལ་གྱིས་ཆེད་དོན་ཞིབ་འཇུག་ཐེངས་མང་བྱས་པ་དང་ཚོད་ལྟའི་རྫོང་བསྐྲུན་པའི་ལག་བསྟར་ཇུས་གཞི་བཟོས་ནས། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་ལེགས་འདེམས་འོས་སྦྱོར་བྱས་པའི་རྨང་གཞིའི་ཐོག་ཡིག་ཐོག་སྙན་ཞུ་དང་། སྔོན་སྒྲུབ་རྩོད་ལན། ཆེད་མཁས་མི་སྣས་ཞིབ་དཔྱད་སོགས་བྱས་པ་བརྒྱུད། ཟླ4པའི་ཚེས7ཉིན། གསེར་རྟ་རྫོང་གིས་རྒྱལ་ཁབ་ཀྱི་རྩྭ་ཐང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་ཚོད་ལྟའི་རྣམ་གྲངས་ཀྱི་དྲ་ཐོག་རྩོད་ལན་ལེགས་འགྲུབ་བྱས།
2022ལོ་ནས2025ལོའི་བར་གསེར་རྟ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར8.4བཏང་ནས་རྩྭ་འདེབས་དང་ཕྱུགས་གསོ། ལས་སྣོན། འཁྱགས་ཉར་སོགས་འགག་རྩའི་ལྷུ་ཚིགས་ནས་མགོ་བརྩམས་ཏེ་གསེར་རྟའི་སྲོལ་རྒྱུན་འབྲོག་ལས་དེ་དེང་རབས་འབྲོག་ལས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་གཉེར་སྐྱོང་བྱེད་སྟངས། དོ་དམ་བྱེད་སྟངས་བཅས་སུ་ཕྱོགས་ཡོངས་ནས་ཕྱོགས་བསྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། གཞི་ཁྱོན་ཅན་དང་ཐོན་ལས་ཅན། ཚད་ལྡན་ཅན། ཚན་རྩལ་ཅན། ཆ་འཕྲིན་ཅན་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད། །