དབང་འགྲུབ་དང་ཁོའི་ཕ་རྒན།
སྟག་འབུམ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26
མདང་དགོང་ཉི་མ་ནུབ་ཁའི་དུས་ནས་བཟུང་ཤར་ལྷོའི་རླུང་དྲག་ཏུ་ལྡང་བྱུང་ལ། དེ་དང་ལྷན་དུ་སླག་ཧྲུལ་ཐེད་པོ་མཚོ་ཆུའི་ཁར་གཡེང་བ་དང་མཚུངས་པའི་སྤྲིན་ཧྲལ་མ་ཧྲུལ་དག་གནམ་ངོའི་མར་ཕུག་ཏུ་རུབ་པ་དང་། ཅུང་མ་འགོར་བར་སྨད་ཕྱོགས་ཀྱི་ཆར་སྤྲིན་ནག་པོ་སྟུག་པོར་འཁྲིགས་པའི་ཀློང་ནས་སྒྱོགས་ཆེན་གྱིས་འགས་གཏོར་བྱེད་ཀྱིན་པ་ལྟ་བུའི་གློག་དམར་ཞིག་ཡང་ནས་ཡང་དུ་འཚུབ་པར་བྱེད་ལ། དེ་དང་ལྷན་དུ་འབྲུག་སྒྲ་ལྡར་ལྡིར་ཞིག་ཐག་རིང་ནས་གསལ་ལ་མི་གསལ་བའི་ངང་གྲགས་འགོ་བརྩམས་བྱུང་བས། མི་རྣམས་ཀྱི་སེམས་ལ་ཅུང་མི་འགོར་བར་གནམ་ས་ཁ་རུབ་པ་ལྟ་བུའི་བླ་འདར་བར་བྱེད་པའི་དྲག་ཆར་ཆེན་པོ་ཞིག་འབབ་རྒྱུ་ཨེ་ཡིན་སྙམ་པའི་དངངས་འདར་ཞིག་བརྒྱབ་འོང་།
དབང་འགྲུབ་ཀྱིས་ཏག་ཏག་སྐབས་དེར་ང་ལ་ཁ་པར་བཏང་ཡོང་པས། ངའི་སེམས་ནས་ཡང་བསྐྱར་དངངས་འདར་ཞིག་བྱེད་དགོས་བྱུང་། ཁ་པར་གྱི་ནང་དོན་ནི། ངའི་ཕ་རྒན་གྱིས་མ་ལྕོགས་ཐལ། ཡུལ་དུ་སོང་ནས་ཤིད་དོན་བསྒྲུབས་ཚར་བས། ང་ད་སྔོན་འདིར་ཕྱིར་ཐོན་པ་ཡིན། ཟེར་བ་དེ་རེད།
ངས་དངངས་འདར་ཞིག་བྱས་ནས་རེ་ཞིག་ཅི་ཞིག་བཤད་དགོས་པའང་མ་ཤེས། ཡུད་ཙམ་ལ་ཁ་རོག་གེར་བསྡད་ཅིང་། དེ་ནས་ངག་འཕྲོད་མི་འཕྲོད་ངང་ལན་དུ། ང་སང་ཉིན་སྔ་མོར་ཁྱོད་ཀྱི་སར་ཡོང་ངེས། མིའི་སྐྱེ་འཆི་ནི་བསྐོས་ཐང་ཡིན་པས། སེམས་སྡུག་ཆེན་པོ་མ་བྱེད་ཅེས་བཤད།
ངས་དེ་ལྟར་བཤད་རྗེས། རང་ཉིད་ཀྱིས་བཤད་པའི་སྐད་ཆ་དེ་ཧ་ཅང་མི་འོས་པ་ཞིག་ཡིན་པའི་སྣང་བ་སྐྱེས་བྱུང་། སྐད་ཆ་དེའི་ནང་དུ་ངས་ཁོའི་ཕ་རྒན་ཤི་བའི་དོན་ལ་སེམས་ཁུར་ཅི་ཡང་བྱེད་ཀྱིན་མེད་པའི་བྲོ་བ་ཞིག་ཡོད་པའི་ཚོར་སྣང་བྱིན་སོང་བས། ཞེ་ཅུང་འགྱོད་པར་གྱུར་སོང་།
ཕ་རོལ་བོས་སྐད་ཆ་གཞན་མ་བཤད་པར་དེ་མུར་ཁ་པར་གྱི་གློག་སྒོ་བརྒྱབ་བྱུང་།
ངས་དོན་དེར་འདང་བརྒྱབ་ནས་མདང་དགོང་ནམ་ཕྱེད་བར་དུ་གཉིད་གཏན་ནས་ཁུགས་མ་བྱུང་ལ། མཇུག་མཐར་ཆར་བ་དྲག་པོ་དེ་དལ་གྱིས་འགྲམས་ནས་འབྲུག་སྒྲ་འཇགས་པར་གྱུར་པའི་རྐྱེན་གྱིས་གཉིད་དུ་ཡུར་བའམ། ཡང་ན་དབང་འགྲུབ་ཕ་བུ་གཉིས་ཀྱི་བྱིས་པའི་རོལ་རྩེད་ལྟ་བུའི་མི་ཚེ་ཕྱེད་རིང་གི་གཙུབ་བརྡར་དེ་དག་ལ་ཕྱིར་དྲན་བྱས་ཏེ་མཇུག་མཐར་དབུགས་དབྱུང་ཞིག་གིས་གཉིད་དུ་ཡུར་བ་གང་ཡིན་བཤད་རྒྱུ་མི་འདུག
ཞོགས་པར། ང་རང་སྔ་མོ་ནས་ལངས་ཏེ། ལོ་འགའི་ཡར་སྔོན་དུ་གཞན་ལག་བརྒྱུད་ནས་ཉོས་པའི་གླ་འཁོར་རྙིང་བ་དེ་བསྐོར་ནས་རྫོང་མཁར་དུ་ལམ་ལ་ཆས་པ་ཡིན། ཞོགས་པ་དེར། གནམ་ས་ཀུན་ཏུ་བརླན་གཤེར་གྱི་མཁའ་དབུགས་སྟུག་པོས་ཁྱབ་འདུག་པ་སྟེ། མདང་དགོང་ནམ་གུང་གི་ཆར་བ་དྲག་པོ་བབས་པའི་རྗེས་ཀྱི་མཁའ་ངོས་ལ་གཙང་འབྱིད་བྱེད་པ་ལྟ་བུའི་སྨུག་པ་དུམ་བུ་ཞིག་རི་སྐེད་ནས་དལ་བུར་ཡར་འཕྱོས་ཏེ་བར་སྣང་དུ་བསྐྱོད་པ་ནི་རླུང་གིས་བསྐྱོད་དེ་ལག་པ་ལས་ཤོར་བའི་དཀར་གཙང་གི་ཁ་བཏགས་ཤིག་དང་གཉིས་སུ་མེད་ཅིང་། མཐའ་འཁོར་གྱི་རྩྭ་ལྗང་དང་མེ་ཏོག་གི་འདབ་མ་ཀུན་ཏུ་ཤེལ་དཀར་གྱི་དོག་པ་འཐོར་བ་ལྟ་བུའི་ཧ་ཅང་གསལ་ཞིང་དྭངས་པའི་ཟིལ་བ་མང་པོ་ཆགས་འདུག་པ་དེ་ནི་གདོད་ནས་ལྷད་ཀྱིས་མ་གོས་པའི་བྱིས་པ་ཆུང་ངུ་དག་གི་མིག་མདངས་རེ་རེ་དང་མཚུངས་པས། སྤྱིར་ན་འདི་ལྟ་བུའི་ཞོགས་པར་མི་སེམས་ཀྱང་ཧ་ཅང་གསལ་ཞིང་ཐིང་ལ་སྣང་བ་སྐྱིད་པོ་ཞིག་ཡིན་འོས་མོད། འོན་ཀྱང་ང་རང་དབང་འགྲུབ་ཀྱི་ཕ་རྒན་ཤི་བའི་མིག་སྔུན་དུ་འགྲོ་བ་ཡིན་པས། ལམ་ལ་ཆས་པ་ནས་བཟུང་སེམས་ཅུང་འཚིག་འཚིག་པོར་གྱུར་འདུག
དབང་འགྲུབ་དང་ངེད་གཉིས་ཀ་སློབ་ཆུང་སྐབས་ཀྱི་སློབ་གྲོགས་ཡིན་པར་མ་ཟད། ཅོག་ཙེ་གཅིག་གི་སྟེང་དུ་སྡོད་པའི་གྲལ་མཚེས་ཀྱང་ཡིན། ད་དུང་འཛིན་གྲྭའི་ནང་གི་ཚེ་རིང་འབིག་དང་བསྟན་གོ་ནག་རིལ་གཉིས་ཀའང་དབང་འགྲུབ་ཀྱི་གྲོགས་པོ་བཟང་བོའི་སྐོར་ཡིན། སྐབས་དེར་ང་ཚོའི་སློབ་གྲྭའི་ནང་གི་སློབ་མ་ཕལ་ཆེར་ལ་མཚང་མིང་རེ་བཏགས་ཡོད་དེ། དབང་འགྲུབ་ལ་གསལ་ཞིང་ཆེ་བའི་མིག་གཉིས་ཡོད་པས་ཁྲ་ཐོ་ཟེར་ཞིང་། ཚེ་རིང་འབིག་ཟེར་དོན་ཡང་གཟུགས་རིང་ཞིང་སྣ་འབིག་འབིག་ཅིག་ཡིན་པས་སམ། ཡང་ན་ཁོ་ལ་ནམ་རྒྱུན་གཞན་ཡིད་ལ་མ་དྲན་པའི་ཐབས་ངན་ཆུང་ཆུང་མང་པས་དེ་ལྟར་བཏགས་པ་ཡིན་ཡང་སྲིད། གང་ལྟར་བསྟན་གོ་ནི་ངེས་པ་དོན་གྱིས་གཟུགས་ཐུང་ནག་ལྟིག་ཅིག་ཡིན་པས་མིང་དེ་ལྟར་བཏགས་པ་ཅི་ལ་མིན།
སྐབས་དེར་དབང་འགྲུབ་ཀྱི་ཕ་རྒན་ནི་ཡུལ་ཚོའི་སློབ་ཆུང་གི་སློབ་གཙོ་ཡིན་ཞིང་། ནམ་རྒྱུན་རྒྱུགས་བླངས་ན་ང་ནི་འཛིན་གྲྭའི་ནང་གི་ཨང་དང་པོ་ཡིན་ཞིང་དབང་འགྲུབ་ཀྱི་རྩིས་རིག་རྒྱུགས་འབྲས་ཧ་ཅང་ཞན་པས། དབང་འགྲུབ་ངའི་གྲལ་མཚེས་བྱེད་དུ་བཅུག་པ་དེའང་ཁོའི་ཕ་རྒན་གྱི་བཀོད་སྒྲིག་ཡིན་ངེས་རེད། དབང་འགྲུབ་ལ་ད་དུང་ཁོ་ལས་ལོ་གཅིག་གིས་ཆུང་བའི་ནུ་བོ་ཞིག་ཡོད་པའི་མིང་ལ་ཀུན་དགའ་ཟེར། ཁོ་ནི་དུས་རྒྱུན་ང་ཚོའི་ཉལ་ཁང་དུ་དབང་འགྲུབ་འཚོལ་དུ་ཡོང་གིན་ཡོད་ཅིང་། ཧ་ཅང་གྲུང་ཤ་དོད་པའི་མིག་ཟུང་ལ་ནམ་ཡང་འཛུམ་ཞིག་མངོན་འདུག་པས། ང་ཚོས་ཁོའི་མིང་ལ་ཁྲ་རིལ་ཞེས་འབོད་ཀྱིན་ཡོད།
དབང་འགྲུབ་ཀྱི་ཕ་རྒན་ནི་སློབ་གཙོ་ཧ་ཅང་བཙན་པོ་ཞིག་ཡིན་ཞིང་། ནམ་རྒྱུན་གདོང་ངོས་སུ་ཁ་དོག་ནག་པོ་ཅན་གྱི་མིག་ཤེལ་ཞིག་བསྐྱོན་ཏེ་ཡོད་པས་མིག་གིས་ཕྱོགས་གང་ཞིག་ལ་བལྟས་ཡོད་པའང་མི་ཤེས་པས། སློབ་གྲྭའི་ནང་གི་སློབ་མ་ཚོས་ནམ་རྒྱུན་ཁོ་རང་མདུན་ཐད་ནས་ཚུར་ཡོང་བའི་སྐབས་སུ། རང་ཉིད་ཀྱིས་སྐྱོན་ཆ་ཅི་ཞིག་བྱས་པ་ཁོས་མཐོང་བྱུང་བ་ཨེ་ཡིན་ནམ་སྙམ་སྟེ་སྐྲག་ནས་འགུལ་མི་ཕོད་པར་གྱུར་འགྲོ
དྲང་བོར་བཤད་ན། དབང་འགྲུབ་ཀྱི་ཕ་རྒན་ནི་སློབ་གཙོ་ཧ་ཅང་བཙན་པོ་ཞིག་མ་ཡིན་པར་ཁྱིམ་བདག་ཧ་ཅང་བཙན་པོ་ཞིག་ཡིན་ཞེས་བཤད་ན་འགྲིག་སྟེ། ཁོས་ད་བར་དུ་སློབ་མ་ཚོར་ཐལ་ལྕག་གིས་རྡེག་ཙམ་ཡང་བྱས་མ་མྱོང་ཞེས་བཤད་ཆོག ཡིན་ནའང་དབང་འགྲུབ་ལ་དེ་ལྟ་བུ་མ་ཡིན་ཏེ། གཅར་རྡུང་བྱས་པའི་ཚེ་ན་སློབ་གྲོགས་གཞན་གྱིས་ལྟ་མི་ཕོད་པ་ཞིག་འདུག དེ་ཡང་དྲང་མོར་བཤད་ན་དབང་འགྲུབ་ཁོ་རང་ལན་པ་རེད། སློབ་ཆུང་སྐབས་ཀྱི་དབང་འགྲུབ་ནི་སློབ་སྦྱོང་ལ་འབད་པ་མི་བྱེད་པའི་བྱིས་པ་མ་རབས་ཤིག་ཡིན་ཏེ། དཔེར་ན། ཁོས་དུས་རྒྱུན་དུ་སློབ་གྲོགས་སྐྱེས་མ་དག་གི་ལན་བུ་ནས་སྤྲུག་འཐེན་བྱས་ཏེ་ངུ་རུ་གཞུག་པའམ། ཡང་ན་སྦུར་ནག་སྤར་མོའི་ནང་དུ་བཟུང་ཡོང་སྟེ་ཁོ་མོ་ཚོའི་ལྭ་བའི་གོང་བའི་ནང་དུ་འཕེན་པར་བྱེད་པ་ལྟ་བུ་དང་། དཔེར་ན། ལན་རེར་ཕྱི་དྲོའི་དུས་སུ་སློབ་ཁྲིད་ལ་ཞུགས་མ་འདོད་ཚེ་ཚེ་རིང་འབིག་དང་བསྟན་གོ་ནག་རིལ་གཉིས་ཀ་ཁྲིད་དེ་སློབ་གྲྭའི་མར་འོག་གི་བཞུར་ཆུའི་འགྲམ་དུ་སོང་ནས་ཆུ་རྐྱལ་བྱས་ནས་སྡོད་ལ། ཕྱི་དྲོ་དགོང་ཟས་བཟའ་སྐབས་ཁོ་ཚོས་དེ་དོན་སློབ་གྲོགས་ཚོ་ལ་ལབ་རྒྱག་སྤྱད་བྱེད་པ་ལྟ་བུ། དཔེར་ན། སློབ་ཁྲིད་ཀྱི་སྐབས་སུ་སྐབས་རེར་ཁོས་ཀྱང་ཁོའི་ཕ་རྒན་གྱི་བཟོ་ལྟ་ལྟར་མིག་ཤེལ་ནག་པོ་ཞིག་གོན་ནས་སློབ་ཁྲིད་ལ་ཉན་པར་བྱེད་ཅིང་། མཇུག་མཐར་དགེ་རྒན་གྱིས་ཁོ་ལ་འདྲི་བ་བཏོན་པ་ན་ཁོ་ལ་ཚོར་སྣང་མེད་པར་སྡོད་པས། དགེ་རྒན་འཁྲིས་སུ་ཡོང་ནས་ཞིབ་ལྟ་བྱས་པ་ན་ཁོ་རང་གཉིད་འདུག་པ་གཞི་ནས་ཚོར་འགྲོ་བ་ལྟ་བུ་སོགས་སོ། ང་ཚོའི་འཛིན་བདག་ནི་ཕ་ཡུལ་རོང་ཁུལ་ནས་ཡིན་པའི་བུད་མེད་གཟུགས་ཐུང་ཞིག་ཡིན་པས། ཁོ་མོས་ཁོ་ཚོ་གསུམ་པོ་ནང་སྒོའི་ཟུར་དུ་ལངས་སུ་བཅུག་ཅིང་ཇི་ལྟར་གཤེ་གཤེ་བཏང་ཡང་། ལྟས་ངན་དེ་ཚོས་ཁོ་མོ་མིག་ནང་དུ་མི་འཇོག་ཅིང་ཕྱིར་ལྡོག་གིས་དགོད་པར་བྱེད་པས། ལན་རེར་ཁོ་མོར་ངུ་ལ་གཏུག་པའི་སྐབས་ཀྱང་འདུག དེར་བརྟེན་སློབ་གྲོགས་བུ་མོ་དག་ངུ་བཞིན་དུ་འཛིན་བདག་གི་སར་མ་སོང་བར་སློབ་གཙོར་གཏུག་བཤེར་བྱེད་དུ་འགྲོ་བའམ། འཛིན་བདག་མས་ཞེ་སྡང་མ་ནོན་པར་ངུ་བཞིན་དུ་ཁོའི་ཕ་རྒན་གྱི་དྲུང་དུ་སོང་ནས་ཡར་ཞུ་བྱས་པ་ཡིན་ཚེ། སློབ་གཙོ་ནི་ཐད་ཀར་སློབ་ཁང་ནང་དུ་ལྡིང་ཡོང་སྟེ་རྐང་སྣམ་ཁ་ཐིག་བྱས་པའི་ཀོ་སྐགས་བླངས་ནས་དབང་འགྲུབ་ལ་མགོ་རྔ་མེད་པར་གཅར་རྡུང་བྱས་ཡོང་བས། སྐབས་དེ་དག་ཏུ་དབང་འགྲུབ་ནི་ཁྱི་ཕྲུག་ཅིག་དང་འདྲ་བར་འཛུལ་ས་སྐུང་ཡུལ་མི་རྙེད་པར་སློབ་ཁང་གི་ནང་སྐོར་བ་བྱས་ནས་འབྲོ་ཞིང་། ལན་རེར་དགེ་རྒན་གྱི་ཕག་ཏུ་བཞའ་ནས་ཕ་རྒན་ལ་མི་རྡུང་བའི་ཞུ་བ་དང་འཛིན་བདག་མར་བར་བཤོལ་བྱེད་རོགས་ཀྱི་ཞུ་བ་བསྟུད་མར་བྱས་ཡོང་བས། ལན་རེར་ཁོང་ཕ་བུ་གཉིས་ཡིབ་རེས་དང་བདའ་རེས་བྱེད་པའི་རྩེད་མོ་རྩེ་བ་དང་མཚུངས་པས། སློབ་མ་འགའ་རེ་དགོད་མི་ཕོད་ཀྱང་དགོད་ཁ་ཤོར་འགྲོ། སྐབས་དེ་དག་ཏུ་ཚེ་རིང་འབིག་དང་བསྟན་གོ་ནག་རིལ་གཉིས་ནི་སྐྲག་སྟེ་འདར་སིག་སིག་བྱེད་བཞིན་སྒོ་འགྲམ་དུ་ལངས་ནས་སྡོད་པ་ལས་ཁོ་ལ་རོགས་རམ་ཅི་ཡང་བྱེད་མི་ནུས།
ཐེངས་ཤིག དབང་འགྲུབ་ཀྱིས་འཛིན་གྲྭའི་ནང་གི་ཚེ་རིང་སྒྲོལ་མ་ཟེར་བའི་བུ་མོ་ཡག་མ་ཞིག་ཡོད་པ་དེ་ལ་བཙན་ཚུགས་ཀྱིས་འོ་བྱས་པས། བུ་མོ་དེས་ཁོང་ཁྲོ་དང་ངོ་ཚ་མ་བཟོད་པར་ངུ་བཞིན་དུ་འཛིན་བདག་དགེ་རྒན་ལ་གཏུག་བཤེར་བྱེད་དུ་སོང་ཡང་། སྟབས་མ་ལེགས་པར་ལམ་བར་ནས་སློབ་གཙོར་འཕྲད་ཅིང་རྒྱུ་མཚན་ཇི་བཞིན་དུ་བཤད་པས། སློབ་གཙོ་ནི་ཁོང་ཁྲོ་དྲག་ཏུ་ལངས་ཏེ་སློབ་ཁང་དུ་ཤོར་ཡོང་ཞིང་། ཕ་གསོད་ཀྱི་ལག་དམར་ལ་འཕྲད་པ་ལྟར་ཁོ་རང་གི་སྐྲ་ནས་བཟུང་སྟེ་ཁྱི་རོ་འདྲུད་འདྲུད་ཀྱིས་སྒོ་ཁར་དྲུད་ཅིང་། ཁ་མིག་མེད་པ་ལྟར་ལག་པས་རྡེག་རྡུང་དང་རྐང་བས་བཅགས་བཅགས་བྱས་ཏེ། ཁ་ཁྲག་སྣ་ཁྲག་དམར་ཆིལ་ལེར་བཏང་བྱུང་ཞིང་། ཇ་ཁང་ནང་གི་ཇ་མ་རྣམས་ཀྱིས་མཐོང་སྟེ། ཁོས་དངོས་གནས་རང་གི་བུ་གསོད་རྒྱུ་རེད་འདུག་སྙམ་ནས། བརྒྱུགས་ནས་ཞུ་བ་དང་བཅས་བར་བཤོལ་བྱས་ཀྱང་། སློབ་གཙོ་ད་དུང་དབུགས་ཧལ་ཧལ་ངང་། ང་ལ་དུད་འགྲོ་འདི་ལྟ་བུ་ཞིག་ཅི་ལ་སྐྱེས་པ་ཡིན་ནམ་ཟེར། དེའི་རྐྱེན་གྱིས་ང་ཚོ་སློབ་གྲོགས་བྱིངས་དག་ཀྱང་ར་བཤས་ན་ལུག་འདར་བའི་དཔེ་ལྟར་སློབ་གཙོ་མཐོང་བ་ན་རང་བཞིན་གྱིས་ཧ་ཅང་སྐྲག་འོང་བར་ཡང་ཁག་ཅི་ཡོད།
དུས་ནམ་ནས་བཟུང་དབང་འགྲུབ་དང་ཁོའི་ཕ་རྒན་གཉིས་ཀ་དེ་འདྲ་ཞེ་འགྲས་སུ་གྱུར་པ་མི་ཤེས་མོད། ཕ་རྒན་གྱིས་ཁོང་ཁྲོ་མ་ནོན་པར་ཅི་འདྲ་གཅར་རྡུང་བྱས་ནའང་། ཁོས་སྐབས་ཐོག་དེར་ཁྱི་གུ་ལྟར་ཅི་འདྲའི་ཞུ་བ་བྱེད་ཀྱིན་ཡོད་ནའང་། ཅུང་མ་འགོར་བར་དབང་འགྲུབ་ཀྱིས་དོན་དག་དེ་རྩ་བ་ནས་བརྗེད་པ་ལྟར་མུ་མཐུད་དུ་མ་རབས་ཀྱི་ལས་ཁོ་ན་བྱེད་ཅིང་། ཐ་ན་ང་ཚོའི་ཁྲོད་ནས་ཀྱང་མངོན་སུམ་འཛེམ་མེད་ངང་ཁོའི་ཕ་རྒན་ལ་སྡིགས་མོ་ཅི་འདོད་དུ་བྱེད་པ་དང་། ད་དུང་ཁོའི་ཕ་རྒན་ལ་ངེད་ཚང་གི་ཨ་ཕ་ཞེས་མི་འབོད་པར། ངེད་ཚང་གི་བོང་རྒན་ཞེས་འབོད་པར་བྱེད། དེ་བས་སློབ་གྲོགས་འགའ་རེས་ནམ་རྒྱུན་སློབ་གཙོ་ཚུར་ཡོང་བ་མཐོང་བ་ན་ཚང་མར། ཁ་རོག སློབ་གཙོ་བོང་རྒན་ཡོང་གིན་འདུག་ཅེས་བཤད་པ་ན། དབང་འགྲུབ་ཀྱང་ཧ་ཅང་ཡིད་ཚིམ་པའི་ངང་དགོད་པར་བྱེད་པས། ཕར་བལྟས་ན་ང་ཚོས་ཀྱང་ཁོ་ལ་གྲོགས་བྱས་ནས་དེ་ལན་འཇལ་གྱིན་ལོས་ཡོད་སྙམ་པའི་སྣང་བ་ཞིག་བྱིན་ཡོང་།
སློབ་གཙོ་ནི་དབང་འགྲུབ་ཀྱི་སྟེང་དུ་ཅི་འདྲ་བཙན་ནའང་དབང་འགྲུབ་ཀྱི་ཨ་མས་ཁོ་ལ་ཧ་ཅང་གཅེས་པར་བྱེད། ཁོ་མོས་ནམ་རྒྱུན་དབང་འགྲུབ་ལ་སྒོར་མོ་སྟེར་གྱིན་འདུག་པས། དབང་འགྲུབ་ནི་ང་ཚོ་སློབ་གྲོགས་ཚོའི་ཁྲོད་ཀྱི་ཆེས་ཕྱུག་པོ་དེ་ཡིན་པ་སྨོས་ཅི་དགོས། ཁོས་ནམ་རྒྱུན་ཚོང་ཁང་དུ་སོང་ནས་ཀ་ར་དང་སིལ་གློ་བ་སྐམ་པོ། ཀ་ར་དབུགས་རྒྱག ཤིང་ཏོག་གི་འབྲས་བུའི་རིགས་སོགས་ཉོས་ཡོང་སྟེ། དུས་ནམ་ཡིན་ཡང་ཁུག་མའི་ནང་ནས་ཅི་ཞིག་བླངས་ཡོང་སྟེ་ཁ་ནང་ནས་འཆའ་རྒྱུ་རྒྱུན་ཆད་མེད་ལ། སེམས་དགའ་ཡོད་དུས་ཁོའི་བཟང་གྲོགས་ཚེ་རིང་འབིག་དང་བསྟན་གོ་ནག་རིལ་སོགས་ལ་ཟས་སྐལ་རྡོག་ཙམ་རེའང་བྱིན་འོང་བས། སྐབས་དེ་དག་ཏུ་ང་དང་འདྲ་བར་གཞི་རིམ་ནས་ཡོང་ཞིང་ལག་ཏུ་སྐར་ལི་གཅིག་ཀྱང་མེད་པའི་བྱིས་པ་གཞན་དག་གིས་མཆིལ་མ་མིད་ཙམ་གྱིས་མ་མཐོང་བ་ལྟར་སྡོད་པ་ལས་ཐབས་ཟད།
དྲང་བོར་བཤད་ན། ཚེ་རིང་འབིག་དང་བསྟན་གོ་ནག་རིལ་སོགས་ཀྱིས་དབང་འགྲུབ་ལ་བཟང་གྲོགས་བསྒྲིགས་དོན་ཡང་ཁོའི་ལག་གི་མངར་ཟས་དེ་རིགས་འཐོབ་པའི་ཆེད་དུ་ཡིན་པར་འདུག བསྟན་གོ་ནག་རིལ་ནི་མི་དྲང་མོ་ཞིག་ཡིན་ཞིང་སློབ་སྦྱོང་ལའང་བཟང་བ་ཡིན་པས། ངས་ནམ་རྒྱུན་ཁོ་རང་དབང་འགྲུབ་ཀྱི་མངར་ཟས་ལ་འཁྲེན་ཆེ་བ་དང་། ཚེ་རིང་འབིག་གི་གྲོགས་པོར་གྱུར་པ་ནི་ཁོའི་ནོར་འཁྲུལ་ཆེན་པོ་གཉིས་རེད་སྙམ་གྱིན་ཡོད། ཡིན་ནའང་དབང་འགྲུབ་ཀྱིས་ནམ་རྒྱུན་ང་ལའང་མངར་ཟས་ཀྱི་སྐལ་དེ་རིགས་ཕངས་མེད་དུ་སྟེར་གྱིན་ཡོད་དེ། དེའི་རྒྱུ་མཚན་ནི་ངས་ཉིན་རྒྱུན་ཁོ་ལ་རྩིས་རིག་ལས་བྱ་འབྲི་རོགས་བྱེད་དགོས་པའི་རྐྱེན་གྱིས་རེད། དྲང་མོར་བཤད་ན་ངས་ཁོ་ལ་རྩིས་རིག་ལས་བྱ་འབྲི་རོགས་བྱེད་པ་དེའང་མཐར་གཏུགས་ན་ཁོའི་ལག་གི་མངར་ཟས་དེ་རིགས་འཐོབ་པར་དམིགས་པ་སྨོས་ཅི་དགོས། དེ་མ་གཏོགས་སློབ་མ་རེ་རེར་ཡང་ལས་བྱ་ཡོད་པ་དང་། སློབ་གྲོགས་རེ་རེས་ཀྱང་ལས་བྱ་བྲིས་ཚར་རྗེས་སྤོ་ལོ་རྩེད་ཐང་དུ་སོང་ནས་སྤོ་ལོ་རྩེད་པའམ། སློབ་གྲྭའི་ཕྱི་རྒྱབ་ཀྱི་སྡོང་རའི་ནང་དུ་ཕྱིན་ནས་པ་ལུའུ་དམག་དང་འཇར་པན་འདྲེ་དམག་གི་འཐབ་འཁྲུག་ལ་ལད་མོ་བྱེད་པ་སོགས་ཀྱི་རྩེད་འཇོར་རོལ་དགོས་པས། ཁོ་ལ་དོན་མེད་ཀྱི་རོགས་རམ་དེ་འདྲ་བྱེད་མཁན་སུ་ཞིག་ཡོད་དམ། དེ་བས་ཚེ་རིང་འབིག་དང་བསྟན་གོ་ནག་རིལ་སོགས་ཀྱིས་ལས་བྱ་བྲིས་ཚར་ཏེ་ཕྱི་རོལ་ཏུ་རྩེད་དུ་འགྲོ་དུས་ཀྱང་། ངས་རྩིས་རིག་ལས་བྱ་འབྲི་རོགས་བྱས་མ་ཚར་ན་དབང་འགྲུབ་ཀྱང་ཁོ་ཚོ་དང་ལྷན་དུ་ཕྱི་རོལ་ཏུ་རྩེ་རུ་མི་འགྲོ གལ་ཏེ་ཁོ་རང་ཚེ་རིང་འབིག་སོགས་དང་ལྷན་དུ་རྩེད་དུ་སོང་ཚེ། ངས་ཀྱང་སེམས་རྣལ་དུ་ཕབ་ནས་ཁོ་ལ་ལས་བྱ་འབྲི་རོགས་བྱེད་མི་སྲིད་པ་སྨོས་ཅི་དགོས། ཁོ་རང་ངའི་འཁྲིས་སུ་བསྡད་ནས་དཔེ་ཆ་རེ་རེའི་རི་མོར་ལྟ་བཞིན་བསྲུངས་ནས་སྡོད་ཅིང་། ལན་རེར་ཁུག་མ་ལས་མངར་ཟས་ཀྱི་རིགས་གང་རུང་ཞིག་བླངས་ཡོང་སྟེ། ཐོག་མར་ང་ལ་གཅིག་སྟེར་བ་དང་། དེ་ནས་ཁོ་རང་གི་ཁ་ནང་དུ་འཁྱེར་ནས་འཆའ་བར་བྱེད་པས། མི་གཞན་གྱིས་བལྟས་ན་ཁོས་ཀྱང་ང་དང་ལྷན་དུ་སེམས་རྣལ་མོས་སློབ་སྦྱོང་བྱེད་ཀྱིན་པའི་ཚོར་སྣང་ཞིག་བྱིན་ཡོང་སྐད།
ཉིན་གུང་ཞིག་ལ། སློབ་གཙོ་ང་ཚོའི་སློབ་ཁང་གི་སྒོ་ཁ་བརྒྱུད་ནས་འགྲོ་དུས། དབང་འགྲུབ་དང་ངེད་གཉིས་སློབ་ཁང་དུ་བསྡད་དེ་ལས་བྱ་འབྲི་བཞིན་པ་མཐོང་བྱུང་བས། ཁོའི་སེམས་སུའང་ངས་དབང་འགྲུབ་ལ་ཟུར་ཁྲིད་བྱེད་ཀྱིན་འདུག་སྙམ་ནས་ཧ་ཅང་དགའ་གྱིན་ཡོད་པ་འདྲ།
ཉིན་འགའ་འགོར་བའི་རྗེས་དེར། ང་བོད་ཡིག་དགེ་རྒན་གྱི་སར་ལས་བྱ་སྤྲོད་དུ་སོང་ནས་ཕྱིར་ཡོང་བའི་ལམ་ཁར་སློབ་གཙོར་འཕྲད་བྱུང་། ཉིན་དེར་ཁོས་སྔར་བཞིན་མིག་ཤེལ་ནག་པོ་དེ་བསྐྱོན་འདུག་པས་ནམ་རྒྱུན་ལྟར་ཧ་ཅང་བརྗིད་ཉམས་ལྡན་པ་ལྟར་འདུག་ལ། གོམ་སྟབས་དལ་མོས་སློབ་གྲྭའི་ཁོར་ཡུག་ལ་སྐོར་ལྟ་བྱེད་བཞིན་དགེ་རྒན་ཚོའི་གཞུང་ལས་ཁང་གི་ཕྱོགས་སུ་ཡོང་གིན་འདུག་པས། ཁོང་གི་མིག་ཤེལ་ནག་པོ་དེའི་ནང་དུ་སློབ་གྲྭའི་ཁོར་ཡུག་ཡོངས་རྫོགས་ཤོང་འདུག་པ་ལྟར་སྣང་། ངས་ཁོང་དང་ཉེ་ས་ནས་ཁ་གཏད་ངོ་འཕྲད་ཡོང་བར་གཡོལ་ཆེད་མགོ་བོ་བསྒུར་ནས་གོམ་པ་མྱུར་ལེན་གྱིས་སློབ་ཁང་ཕྱོགས་སུ་བསྙེགས་ཤིང་། ཁོང་དང་བར་ཐག་ཉེ་ཙམ་ཡོད་དུས་གློ་བུར་དུ་མྱུར་མོར་བརྒྱུགས་ནས་འགྲོ་དགོས་སྙམ་བྱུང་། ཡིན་ནའང་གོམ་པ་མདུན་དུ་སྤོས་པ་ན། ཤིན་ཏུ་ཟབ་པའི་དོང་ནང་ཞིག་ཏུ་ལྷུང་གིན་པ་ལྟར་རྐང་བ་ཡར་འདེགས་ཀྱང་དཀའ་བའི་ཚོད་རེད།
ཏག་ཏག་སྐབས་དེར་སློབ་གཙོས་ང་རང་བོས་བྱུང་བས། ང་ནི་དེ་མ་ཐག་ཏུ་ཧད་སེར་བཏང་སོང་། དོན་ངོ་མར་ངས་ང་རང་བོས་པ་ཡིན་མིན་ཡང་རྟོགས་མ་བྱུང་། ངས་མགོ་བོ་བསྒུར་ནས་གོམ་པ་མྱུར་ལེན་བྱེད་པའི་སྐབས་དེར་སློབ་གཙོས་ཁོ་རང་གི་བརྗིད་ཉམས་དང་ཆ་མཚུངས་པའི་སྐད་གདངས་ལྡིར་བོ་དེས། ཨ་རོགས་བྱིས་ཕོ་ཞེས་བོས་བྱུང་། ཁོས་ཨ་རོགས་བྱིས་ཕོ་ཞེས་བོས་བྱུང་བ་དེས་བྱིས་མོ་ཞིག་འབོད་ཀྱིན་མེད་པ་ཅི་ལ་མི་རྟོགས་མོད། བྱིས་ཕོ་ཞེས་བོས་ནའང་སློབ་གྲྭའི་ནང་དུ་བྱིས་ཕོ་ཧ་ཅང་མང་པོ་ཡོད་པས། ཏག་ཏག་ང་རང་བོས་པ་ཡིན་དོན་ཡང་མེད་པ་མ་ཡིན་ནམ།
ངས་མཉམ་འཇོག་གིན་མེད་པའི་ཚུལ་གྱིས་ཕར་འགྲོ་ཞོར་དུ་ལྐོག་ཏུ་སློབ་གཙོའི་ཕྱོགས་སུ་ལྟ་ཙམ་བྱེད་དུས། སློབ་གཙོའི་མིག་ཤེལ་ནག་པོ་དེས་ཡོ་བ་མེད་པར་ཐད་ཀར་ང་གཅིག་པུར་བལྟས་འདུག་པས། ང་རང་སྐྲག་ཐག་ཆོད་དེ་གོམ་པའང་ལེན་མི་ནུས་པར་དེ་མལ་དུ་ལངས་ནས། མགོ་བོ་བསྒུར་ཏེ་ཁོའི་སྐད་གདངས་ལྡིར་བོ་དེས་ཡང་བསྐྱར་སྐད་ཆ་གཞན་ཅི་ཞིག་བཤད་ཡོང་བར་སྒུགས་ནས་བསྡད།
ཁྱོད་ནི་ནམ་རྒྱུན་རྒྱུགས་འབྲས་ཨང་དང་པོ་ལེན་མཁན་དེ་ཡིན་ཨང་།
སློབ་གཙོས་མུ་མཐུད་དུ་ཁོའི་བརྗིད་ཉམས་དང་ལྡན་པའི་སྐད་གདངས་ལྡིར་བོ་དེས་དེ་ལྟར་བཤད་བྱུང་ལ། ཁོས་དེ་ལྟར་བཤད་བཞིན་དུ་དལ་བུར་ངའི་ཉེ་སར་གཏད་ནས་སླེབས་བྱུང་། ཡིན་ནའང་ཁོའི་སྐད་ཆའི་ནང་དོན་ནི་ང་རང་སློབ་སྦྱོང་ལ་བཟང་བ་དེ་ཡིན་པ་ལས། ངས་སྐྱོན་ཆ་ཅི་ཞིག་བྱས་སོང་བར་སྐྱོན་བརྗོད་བྱེད་པའི་ནང་དོན་མི་འདུག་པས། ངས་རང་དབང་མེད་པར་ལྕེ་བསྣར་ཞིག་བྱས་ཏེ། ལན་ཅི་ཞིག་འདེབས་དགོས་པའང་མ་ཤེས་པས། མགོ་བོ་དུད་ནས་ཁ་རོག་གེར་བསྡད། སློབ་གཙོ་ངའི་འཁྲིས་སུ་བཅར་ཡོད་པས། ཁོང་གི་མཐོ་ཞིང་ཆེ་བའི་ལུས་གཟུགས་ཀྱི་གན་དུ་ང་ནི་སྔར་བས་དམའ་ཞིང་ཆུང་བ་ཞིག་སྟེ། ང་ཚོའི་སྐད་ཡིག་སློབ་དེབ་སྟེང་གི《 རྔ་མོང་དང་ར་རྒན》ཞེས་པའི་སློབ་ཚན་གྱི་རི་མོ་དེ་དང་མཚུངས་པའི་སྣང་བ་སྐྱེས།
ངོ་མ་ངར་བ་རེད། མུ་མཐུད་དུ་ཧུར་བརྩོན་བྱོས།
སློབ་གཙོས་དེ་ལྟར་བཤད་བཞིན་ལག་པ་བརྐྱངས་ནས་ངའི་མགོ་ལ་བྱིལ་བྱིལ་ཞིག་བྱས་བྱུང་། ཨེ་མ། དེ་ནི་ཇི་འདྲའི་དྲོད་ཀྱིས་ཁེངས་ཤིང་འཇམ་ཞིང་མཉེན་ལ་སྟོབས་ཤུགས་ཀྱིས་ཁེངས་པའི་ལག་པ་ཞིག་རེད་ཨང་། ཁོང་གི་ལག་པའི་དྲོད་ཁོལ་ལྡན་པའི་རེག་བྱ་དེ་ངའི་མགོ་ཡི་སྐྲ་རྐང་རེ་རེ་བརྒྱུད་དེ་སྐྱི་ལྤགས་ཀྱི་ཁོང་གསེང་དུ་བརྟོལ་ནས་ཀླད་པའི་དབང་རྩར་སིམ་པ་དང་། དེ་ནས་ཀྱང་དབང་རྩའི་ཡན་ལག་དང་ཉིང་ལག་ཀུན་ཏུ་བཀྲམས་ནས་ལུས་ཧྲིལ་བོར་ཁྱབ་པར་གྱུར་སོང་། རྒན་པ་རྣམས་ཀྱིས་བྱིས་པའི་མགོ་ལ་ལག་པས་བྱིལ་བྱིལ་བྱེད་པ་ནི་དེ་ལ་ཧ་ཅང་གཅེས་ཤིང་བྱམས་པའི་ནང་དོན་ཡིན་པས། སློབ་གཙོས་ངའི་མགོ་བོར་བྱིལ་བྱིལ་བྱས་པ་དེས་ངའི་སེམས་ནང་དུ་ཧ་ཅང་སྨྲ་མི་ཤེས་པའི་ཚོར་སྣང་ཞིག་སྐྱེས་སུ་བཅུག་པར་མ་ཟད། ད་དུང་ང་ལ་གནོན་ཐབས་མེད་པའི་སྤོབས་པ་དང་ཡིད་ཆེས་ཤིག་ཀྱང་སྐྱེས་པར་གྱུར།
ད་ལྟ་དབང་འགྲུབ་ཀྱིས་སློབ་སྦྱོང་བྱས་པ་ཅི་འདྲ་རེད།
སློབ་གཙོས་ཡང་བསྐྱར་ཁོའི་ལུས་ཀྱི་བརྗིད་ཉམས་དང་རན་པའི་སྐད་གདངས་ལྡིར་བོ་དེས་དེ་ལྟར་དྲིས་བྱུང་། དེ་ནི་ང་ལ་མཚོན་ན་དགེ་རྒན་གྱི་དྲི་གཞི་དག་ལས་ཀྱང་ཧ་ཅང་ལན་གདབ་དཀའ་བ་ཞིག་ཡིན་འདུག ངས་སློབ་སྦྱོང་བྱས་པ་བཟང་འདུག་ཅེས་ལན་བཏབ་ཚེ་སློབ་གཙོར་རྫུན་གཏམ་པ་རེད་ལ། རྗེས་ནས་རྒྱུགས་བླངས་པ་ན་རྫུན་རྔ་རང་བཞིན་གྱིས་ཕྱིར་བརྡོལ་ཡོང་ངེས་རེད། གལ་ཏེ་ངས་དབང་འགྲུབ་ཀྱིས་སློབ་སྦྱོང་བྱེད་ཀྱིན་མི་འདུག་ཅེས་བཤད་ཚེ་སློབ་གཙོ་ཧ་ཅང་མི་དགའ་བར་འགྱུར་ངེས་ལ། དེ་ནི་ཁོས་རེ་སྒུག་བྱེད་ཀྱིན་པའི་དྲིས་ལན་ཡང་ཡིན་མི་སྲིད། སྐབས་དེར་ངའི་དཔྲལ་བ་ནས་ཅི་བྱུང་མེད་པའི་རྔུལ་རླངས་ཤིག་བརྡོལ་བྱུང་། ངས་ལྭ་བའི་ཕུ་ཐུང་གིས་རྔུལ་ཆུ་འབྱིད་བཞིན་སློབ་ཁང་གི་ཕྱོགས་སུ་ལྟ་ཙམ་བྱས་པ་ན། ཏག་ཏག་སྐབས་དེར་དབང་འགྲུབ་ཀྱིས་ཀྱང་སློབ་ཁང་གི་དྲ་སྒོའི་ནང་རོལ་ནས་ངེད་གཉིས་ཀྱི་ཕྱོགས་སུ་བལྟས་འདུག་པ་མཐོང་བྱུང་། ལྟས་ངན་དེས་ཀྱང་ཏག་ཏག་ངས་ཁོའི་སྐྱོན་བཤད་ཨེ་འགྲོ་སྙམ་ནས་སྐྲག་སྟེ་སྐྱག་པ་ཤོར་ལ་ཉེ་བ་ཐག་ཆོད་རེད།
ངས་ཕྲག་པ་སྒོང་ཙམ་བྱས་ཏེ་སྐད་དམའ་མོས། སློབ་སྦྱོང་བྱས་པ་བཟང་འདུག་ཅེས་ལན་བཏབ། སྐད་ཆ་དེ་ངག་ལས་བུད་མ་ཐག་ངས་སློབ་གཙོ་ལའང་མགོ་གཡོགས་པ་རེད་ཨང་སྙམ་སྟེ་ཕྲག་པ་སྔར་བས་སྒོང་ཙམ་བྱ་དགོས་བྱུང་།
ངའི་སྐད་ཆ་དེ་ཐོས་པས་སློབ་གཙོ་ཧ་ཅང་དགའ་བར་གྱུར་སོང་། ཁོང་གི་དགའ་བ་དེ་ནི་ངག་ནས་སྐད་ཆེན་པོས་ཧ་ཧ་ཞེས་དགོད་པའི་དགའ་བ་དེ་མ་ཡིན་ལ། ལུས་པོའི་རྐང་ལག་གི་སྟངས་སྟབས་ཆེན་པོ་བསྒྱུར་བའི་དགའ་བ་དེའང་མ་རེད། དེ་ནི་སེམས་ཀྱི་གཏིང་རུམ་ནས་ཐོན་པའི་འཛུམ་མདངས་ཤིག་དང་ལྷན་དུ་ཡིད་ཧ་ཅང་ཚིམ་པའི་ངང་དབུ་ལྡེམ་ལྡེམ་བྱེད་པའི་དགའ་བ་དེ་རེད། ཁོང་གིས་དབུ་ལྡེམ་ལྡེམ་བྱེད་བཞིན་ཡང་བསྐྱར་ངའི་མགོ་ལ་བྱིལ་བྱིལ་ཞིག་བྱས་བྱུང་ལ། དེ་ནས་ཅི་ཞིག་ལ་བསམ་བློ་གཏོང་ཙམ་བྱས་རྗེས། ང་ལ་ངར་སློང་བྱེད་པ་ལྟར་ཧ་ཅང་གདེང་ཚོད་ཡོད་པའི་ངང་། ཁྱོད་གཉིས་ཀྱིས་ཧུར་བརྩོན་བྱོས་དང་། ངས་རྗེས་ནས་ཁྱོད་གཉིས་ཀ་སློབ་གྲྭ་ལེགས་པོ་ཞིག་གི་ནང་དུ་བསྐྱལ་ཐབས་བྱེད་ཟེར།
ངས་ཀྱང་གང་ནུས་སྒོས་མགོ་ལྡེམ་ཙམ་བྱས་ཏེ། ཡ་ཡ་ཞེས་ལན་བཏབ།
སློབ་གཙོས་ངས་དང་ལེན་བྱས་པ་མཐོང་འཕྲལ། མུ་མཐུད་དུ་ང་ལ་འཁྲེན་ནས་མི་སྡོད་པར། སློབ་ཁྲིད་ཚོགས་རན་འདུག མྱུར་དུ་སློབ་ཁང་དུ་རྒྱུགས་ཞེས་བཤད་རྗེས། དལ་དལ་ངང་ཕ་རོལ་གྱི་ཁོའི་གཞུང་ལས་ཁང་གི་ཕྱོགས་སུ་བསྙེགས་ནས་བུད་སོང་།
ངའི་མགོ་ནས་ལྕགས་ཀྱི་ཞྭ་མོ་ཞིག་ཕུད་པ་ལྟ་བུའི་སྣང་བ་བྱུང་ཞིང་། དེ་མ་ཐག་ཏུ་རི་དྭགས་རྙི་ལས་ཤོར་བ་ལྟར་སློབ་ཁང་གི་ཕྱོགས་སུ་བརྒྱུགས་སོང་བ་ཡིན། ང་རང་ཕྱིར་སློབ་ཁང་ནང་དུ་ཡོང་བ་ན། སློབ་གྲོགས་ཕལ་ཆེ་བ་ད་དུང་སློབ་ཁང་དུ་ཐོན་མི་འདུག་ཅིང་། རེ་འགའ་ཡོད་པ་དག་ཀྱང་ཕྱོགས་གཅིག་ཏུ་འདུས་ནས་དོན་མེད་ཀྱི་ཁ་བརྡ་བྱེད་ཀྱིན་འདུག དབང་འགྲུབ་ནི་ཅོག་ཙེ་འཁྲིས་སུ་ཙོག་ནས་ང་ལ་བསྒུགས་འདུག ང་སླེབས་འཕྲལ་ཁོས་སློབ་གྲོགས་གཞན་གྱིས་མི་ཐོས་པར་བྱས་ནས། སྐད་ཤུབ་བུས། ངེད་ཚང་གི་བོང་རྒན་གྱིས་ཁྱོད་ལ་ཅི་ཞིག་བཤད་པ་རེད་ཅེས་དྲིས་བྱུང་། ངས་ཀྱང་སློབ་གཙོའི་སྐད་ཆར་བཟོ་བཅོས་བྱས་ཏེ། ཁྱོད་ཀྱིས་སློབ་སྦྱོང་བཟང་བོ་བྱས་ན། ཁོས་ཁྱོད་རང་སློབ་གྲྭ་ལེགས་པོ་ཞིག་ལ་བསྐྱལ་ཐབས་བྱེད་ངེས་ཟེར་ཞེས་བཤད། སྐད་ཆ་དེ་དབང་འགྲུབ་ཀྱི་རྣར་གཏན་ནས་མི་འགྲོ་བར་འདུག མིག་ཟུང་ལས་ཧ་ཅང་ཡིད་མི་ཆེས་པའི་མདངས་ཤིག་མངོན་བཞིན་ང་ལ་བལྟས་བྱུང་ལ། དེའི་ནང་དོན་ནི་ཁྱོད་ཀྱིས་ཀྱང་ང་ལ་རྫུན་གཏམ་གྱིན་ཡོད་དམ་ཟེར་བ་དེ་རེད། ཡིན་ནའང་ཁོས་ངག་ནས་དེ་ལྟར་དྲིས་མ་བྱུང་། དེ་ལས་ལྡོག་སྟེ། ཁོས་ཁྱོད་ལ་དེ་ལྟར་ཟེར་དོན་ཅི་རེད་ཅེས་དྲིས་བྱུང་། ངས་ཀྱང་རང་ཉིད་ཀྱི་སྐད་ཆ་དེར་སྐྱོན་ཡོད་པ་གཞི་ནས་རྟོགས་བྱུང་། ངོ་མ་བཤད་ན་སྐད་ཆ་དེ་འདྲ་ཞིག་སློབ་གཙོས་ང་ལ་བཤད་དོན་ཅི་ཡོད་དམ། གཏན་ནས་མེད་པ་རེད། ཡིན་ཡང་ཚིག་ཁ་ནས་ཤོར་ཟིན་པས་མུ་མཐུད་དུ་རྫུན་གྱི་རྔ་མ་མི་སྐྱོང་ག་མེད་བྱུང་། ངས་བདེན་ཅོག་ཅོག་གིས། སློབ་གཙོས་ངེད་གཉིས་ཀྱིས་ལྷན་དུ་ལས་བྱ་འབྲི་བཞིན་པ་མཐོང་བ་མ་ཡིན་ནམ། ཁོས་ངས་ཁྱོད་ལ་ཟུར་ཁྲིད་བྱེད་ཀྱིན་འདུག་སྙམ་ནས་ཧ་ཅང་དགའ་བཞིན་འདུག ད་དུང་མུ་མཐུད་དུ་ཁྱོད་ལ་ཟུར་ཁྲིད་བྱ་དགོས་ཟེར་ཞེས་བཤད། ཕར་བལྟས་ན་སྐད་ཆ་དེ་དབང་འགྲུབ་ཀྱི་རྣར་བུད་སོང་བ་འདྲ། ཁོ་ཧ་ཅང་མི་དགའ་བའི་ངང་མགོ་བོ་ཡོན་པར་བསྒྱུར་ཏེ། ཁུག་མ་ལས་རྡོ་ཀ་ར་རྡོག་པོ་ཞིག་བླངས་ཏེ་ངའི་མདུན་དུ་གཅིག་བཞག་ཅིང་། སླར་ཡང་གཅིག་བླངས་ཏེ་རང་ཉིད་ཀྱི་ཁ་ནང་དུ་འཕངས་ནས་དམུར་བཞིན་དུ། ཁོས་ཇི་ལྟར་ངའི་སློབ་སྦྱོང་ལ་རེ་བ་ནན་མོ་བཏོན་ན། ངས་དེ་ལྟར་སློབ་སྦྱོང་ལ་ཧུར་བརྩོན་བྱེད་མི་སྲིད། ཁོས་ཇི་ལྟར་ང་ལ་གཅར་རྡུང་བྱེད་ན། ངས་དེ་ལྟར་ཁོ་ལ་ཁོང་ཁྲོ་སློང་ངེས་ཡིན། ཟེར་བཞིན་ཅི་མི་སྙམ་པའི་ངང་མུ་མཐུད་དུ་རྡོ་ཀ་ར་དམུར་ནས་བསྡད་བྱུང་།
ངས་ཁོས་སྐད་ཆ་དེ་འདྲ་བ་ཞིག་བཤད་ཡོང་བ་སེམས་ལའང་མ་དྲན། ངའི་དམིགས་ཡུལ་ནི་ངས་དེ་ལྟར་བཤད་ན་ཁོའི་ཕ་རྒན་གྱིས་ཁོ་ལ་རེ་བ་ཆེན་པོ་བཅངས་པས། སེམས་པ་དེ་རྟོགས་ངེས་རེད་ལ། ཁོས་ཀྱང་དེ་ལ་བསྟུན་ནས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་པར་ཕན་ཨེ་ཐོགས་སྙམ་པ་ཡིན། ཡིན་ནའང་ཁོའི་ཚིག་ལན་ནི་དེ་འདྲའི་ལྡོག་ཕྱོགས་སུ་གྱུར་པ་ཞིག་ཡིན་འདུག ཁོས་བཤད་པའི་སྐད་ཆ་དེར་ཉན་ན་ཕལ་ཆེར་ཀླད་པ་ལ་སྐྱོན་ཤོར་ཡོད་པའི་མི་ཞིག་གིས་བཤད་པ་དང་མཚུངས། ངས་སྐད་ཆ་དེ་ཐོས་པས་མིག་མདུན་གྱི་དབང་འགྲུབ་ནི་ཧ་ཅང་ལྐོག་གྱུར་གྱི་གབ་ཚིག་ཅིག་ཡིན་པའི་སྣང་བ་སྐྱེས་བྱུང་། སྐབས་དེར་ངའི་སེམས་སུ། དབང་འགྲུབ་ཀྱིས་རང་ཉིད་ཀྱི་ཕ་རྒན་ལ་ཞེ་འགྲས་དེ་ལྟ་བུ་ཞིག་བཟུང་ཡོད་པ་ནི། ཚེ་ཐོག་འདི་གཅིག་པུའི་འགལ་བ་ལས་བྱུང་བའི་ཞེ་འཁོན་ཙམ་མ་ཡིན་པར། སྐྱེ་བ་སྔོན་མའམ་ཡང་ན་དེ་ཡི་ཡང་སྔོན་གྱི་སྐྱེ་བ་ནས་བསགས་ཡོང་བའི་སྡིག་པའི་བུ་ལོན་རི་ལྟར་ལྕི་བ་ཞིག་ཨེ་ཡིན་ནམ་སྙམ་བྱུང་།
གང་ལྟར་ཉིན་དེ་ནས་བཟུང་། ངས་དབང་འགྲུབ་ཀྱི་ཨ་ཕ་སྟེ་སློབ་གཙོ་ལ་ལྟ་ཚུལ་གསར་བ་ཞིག་འཛིན་དགོས་བྱུང་ལ། ཁོང་གི་བཟོ་ལྟ་ཡོངས་རྫོགས་སྔོན་ཆད་ལྟ་བུའི་ཧ་ཅང་འཇིགས་པོ་ཞིག་མིན་པ་དང་། ཐ་ན་ཁོའི་གདོང་གི་མིག་ཤེལ་ནག་པོ་དེའི་ནང་དུ་སློབ་གྲྭའི་ཁོར་ཡུག་ཡོངས་རྫོགས་ཤོང་ཐབས་བྱེད་འདོད་པ་མ་ཡིན་པར་། དེ་ལས་ལྡོག་སྟེ་ཨ་ཕ་དང་སློབ་གཙོར་གྱུར་པ་ཁོང་གི་སེམས་ཁོང་དུ་སྦས་པའི་ཉམ་ཞན་ནུས་མེད་ཀྱི་ཆ་གང་མང་ཞིག་མི་གཞན་གྱིས་ཁོའི་མིག་ཟུང་བརྒྱུད་ནས་མཐོང་བར་དོགས་པའི་སྒྲིབ་བྱེད་ཅིག་ཡིན་པའི་སྣང་བ་སྐྱེས་བྱུང་།
དབང་འགྲུབ་ཀྱི་ནུ་བོ་ཀུན་དགའ་ནི་དབང་འགྲུབ་དང་བསྡུར་ན་སློབ་སྦྱོང་ལ་བཟང་བར་འདུག་སྟེ། ནམ་རྒྱུན་ལོ་རིམ་རེ་རེའི་དཀྱིལ་རྒྱུགས་དང་མཇུག་རྒྱུགས་ཀྱི་སྐར་མ་མཐོ་གྲས་ལ་བྱ་དགའ་སྟེར་དུས། ངའི་འཁྲིས་ནས་ལངས་ཏེ་བྱ་དགའ་ལེན་མཁན་གྱི་ཁྲོད་དུ་ཀུན་དགའ་ཡང་འདུག་པས། བྱ་དགའི་གཟིགས་བཟོས་འབུལ་དུས་སློབ་གཙོས་ནམ་ཡང་མིག་ཤེལ་ནག་པོའི་གཤམ་གྱི་མཁུར་ཤའི་སྐྱི་མོ་ཡར་བསྡུས་ཤིང་། ཁ་ཤག་ཤག་གིས་སོ་བསྟན་ནས་དགོད་པར་བྱེད་ཅིང་། ལན་རེར་མིག་གིས་ལྟ་ཕྱོགས་ང་ཚོའི་འཛིན་གྲྭའི་ཕྱོགས་སུ་བསྒྱུར་ཏེ་དབང་འགྲུབ་ལ་ལྟ་བཞིན་འདུག་པས། དེ་ནི་ལྐོག་ནས་དབང་འགྲུབ་ལ། ཁྱོད་ཀྱིས་ཀྱང་གན་ལྟར་སློབ་སྦྱོང་བྱེད་དགོས་པ་རེད་ཅེས་སྐུལ་ལྕག་གཏོང་བ་དང་མཚུངས།
ཐེངས་དེའི་དཀྱིལ་རྒྱུགས་ལ་ཡང་ང་ཚོར་ཡང་བསྐྱར་རྒྱུགས་འབྲས་ཕུལ་བྱུང་ཅན་གྱི་བྱ་དགའ་བྱིན་སོང་ལ། དགེ་སློབ་མང་པོས་ང་ཚོར་རྟེན་འབྲེལ་ཞུ་བའི་ཐལ་མོ་ཡང་བརྡབས་བྱུང་། སྐབས་དེར་ང་ལ་མཚོན་ན་ཆེས་མཁོ་བ་ནི་བྱ་དགའི་གཟིགས་གཟོ་ཡི་དངོས་པོ་ཡིན་པ་ལས། བྱ་དགའ་ཨང་དང་པོ་ཞེས་པའི་མིང་དེ་མིན་པར་སྣང་། བྱ་དགའ་ཨང་དང་པོ་ཞེས་པའི་མིང་ལ་དེང་ཐོག་ལྟ་བུའི་སྤྲོ་བ་མེད་པར། དེ་ནི་རྒྱུན་སྤྱོད་ཀྱི་བཟའ་ཆས་ཙམ་ཡིན་པ་དེ་རེད། མཛད་སྒོ་གྲོལ་ཏེ་སློབ་གྲོགས་ཚང་མ་དང་ལྷན་དུ་ཉལ་ཁང་དུ་ཡོང་ཞིང་། སློབ་གྲོགས་ཚོས་མལ་ཁང་དུ་བྱ་དགའ་ཐོབ་པའི་མི་དག་གི་གནས་ཚུལ་གླེང་དུས་དབང་འགྲུབ་ཀྱང་ནང་དུ་ཐོན་བྱུང་།
ང་ལ་བྱ་དགའ་མི་དགོས། བྱ་དགའ་ཟེར་བ་ནི་བྱིས་པར་མགོ་གཡོགས་བྱེད་ཅིག་རེད།
དབང་འགྲུབ་འཁྲིས་ཤིག་ཏུ་ཙོག་སྟེ་ཁུག་མ་ལས་སིལ་གློ་བ་ཤིག་བླངས་ཤིང་། ཐོག་མར་གཞན་དག་ལ་ངོམ་པ་ལྟར་ཞིབ་ལྟ་ཞིག་བྱས་པ་དང་། དེ་ནས་སོ་བཏབ་སྟེ་ཧ་ཅང་ཞིམ་མངར་ལྡན་པའི་ངང་ཟ་བཞིན་དེ་ལྟར་བཤད་བྱུང་བས། ཚེ་རིང་འབིག་དང་བསྟན་གོ་ནག་རིལ་སོགས་ཀྱིས་ཁོའི་སྐད་ཆའི་ནང་དོན་མ་གོ་བའི་སྔོན་དུ་ཁོས་ཟ་བཞིན་པའི་སིལ་གློ་བ་དེ་མཐོང་བྱུང་ལ། དེ་མ་ཐག་ཏུ་ད་སྔོན་གྱི་གླེང་གཞི་དང་ལྟ་བ་ཡོངས་རྫོགས་བརྗེད་པར་གྱུར་ཏེ། དེ་རེད། དེ་རེད། ཅེས་ངོ་བསྟོད་བྱས་སོང་།
ཁོའི་སྐད་ཆ་དེ་ཐོས་པས་ངའི་སེམས་ཅུང་མི་དགའ་བར་གྱུར་སོང་མོད། དེ་ནི་ཅི་ཡང་མ་རེད། དེ་ནི་ཁོའི་རྒྱུན་སྤྱོད་ཙམ་རེད་པས་སུ་ཞིག་གིས་ཁ་ཡ་བྱེད་དམ། ཐ་ན་རང་ཉིད་ཀྱི་ཕ་རྒན་ལ་ཡང་བོང་རྒན་ཟེར་མཁན་ཞིག་གིས་དེ་ལྟར་མི་ཟེར་བ་ག་ལ་སྲིད། ཆེས་སྙིང་ན་བ་ནི་ཚེ་རིང་འབིག་དང་བསྟན་གོ་ནག་རིལ་སོགས་ཀྱིས་ཁོ་ལ་བདེན་སྐྱོར་བྱས་བྱུང་བ་དེ་རེད།
ང་ལ་དགོད་རྒྱུ་མི་འདུག་ཀྱང་སྐད་ཆེན་པོས་ཧབ་དགོད་ཅིག་བྱས་ཏེ། ཁྱོད་ཀྱིས་རང་གི་ནུ་བོ་ལའང་ཕྲག་དོག་བྱེད་ཀྱིན་ཡོད་དམ། ཞེས་བཤད་པ་ཡིན།
ངའི་ཧབ་དགོད་དེས་ཉལ་ཁང་ནང་སློབ་གྲོགས་ཚང་མ་དལ་ཅག་གེར་བཏང་སོང་ལ། ལ་ལས་དོན་དག་ཅི་ཞིག་བྱུང་སོང་བའང་མ་ཤེས་པ་ལྟར་ཁ་གདངས་ནས་ང་ལ་བལྟས་འདུག་པ་དང་། འགའ་ཞིག་གིས་དེའི་ནང་དོན་གསལ་བོར་གོ་སྟེ་མིག་རིག་རིག་གིས་ཚུར་ང་ལ་ལྟ་ཙམ་དང་ཕར་དབང་འགྲུབ་ལ་ལྟ་ཙམ་བྱེད་པའི་བཟོ་ལྟར་བལྟས་ན། ཕལ་ཆེར་ཁོས་ང་ལ་མི་དགའ་བ་བཤད་པས། ངེད་གཉིས་ཀྱིས་རྡུང་རེས་བྱ་རྒྱུ་རེད་སྙམ་བྱུང་བ་དང་འདྲ།
དབང་འགྲུབ་ཅུང་རྟབ་རྟབ་པོར་གྱུར་ཏེ། རང་ཉིད་ཀྱིས་བཤད་ཉེས་ཐེབས་པ་རྟོགས་སོང་བ་ལྟར་ཡར་ལངས་ནས། ངས་ཁྱོད་ལ་བཤད་པ་མིན་ཟེར།
འོ་ན་ཁྱོད་ཀྱིས་རང་ཉིད་ཀྱི་ནུ་བོ་ལ་བཤད་པ་ཡིན་ནམ།
ང་རང་ཆེས་སྙིང་ན་བ་ནི་མི་གཉིས་ལ་གཅིག་མཚུངས་ཀྱི་ཁྱད་ཆོས་ཡོད་པ་གཞི་བྱས་ཤིང་མི་གཅིག་གི་ཁྱད་ཆོས་དེར་སྨད་པ་བྱས་ཏེ། ངས་ཁྱོད་ལ་བཤད་པ་མིན་ཞེས་ཅིག་ཤོས་ལ་དག་སེལ་བྱེད་པ་དེ་ཡིན་པས། ཚིག་རྔར་འཇུས་ནས་མི་ཤོར་བ་བྱས་ཏེ་མུ་མཐུད་དུ་དེ་ལྟར་དྲིས།
སྐད་ཆ་དེས་ཁོ་རང་ཅུང་མི་དགའ་བར་གྱུར་སོང་བ་འདྲ། དེ་མུར་མ་ཉེས་ཁ་གཡོགས་ཐེབས་པ་ལྟར་ངོ་མདངས་ནག་པོར་གྱུར་ཏེ། ཁྱོད་ཀྱིས་ངའི་སྐད་ཆའི་ནང་དོན་གོ་ཡི་མི་འདུག ཟེར་ནས་ང་ལ་ཁ་ཡ་མི་བྱེད་པར་ཉལ་ཁང་ལས་བུད་དེ་ཕྱི་རོལ་ཏུ་བུད་སོང་བས། ཚེ་རིང་འབིག་དང་བསྟན་གོ་ནག་རིལ་གཉིས་ཀའང་དེ་མུར་ཕྱི་བཞིན་འབྲངས་ཏེ་སྒོར་བུད་སོང་། རྣམ་པ་དེ་ནི་ང་ཚོས་བལྟས་པའི་གློག་བརྙན་ལས་རྩེད་བཞིན་པའི་པཱ་ལུའུ་དམག་དང་འདྲེ་དམག་གིས་དམག་འཁྲུག་རྒྱག་པའི་ཁྲོད་ཀྱི་རྒྱུགས་ཁྱི་དེ་དག་དང་ཧ་ཅང་མཚུངས་པར་འདུག
སློབ་གྲོགས་གཞན་དག་གིས་ཁོ་ཚོའི་རྗེས་སུ་བལྟས་ཏེ་དགོད་ཀྱིན་འདུག་ཅིང་། དེའི་ཁྲོད་ཀྱི་གཅིག་གིས་ཧ་ཅང་མ་དགའ་བའི་ངང། རྒྱུགས་ཁྱི་གཉིས་ཀའང་རྗེས་འབྲངས་ནས་བུད་ཐལ་ཟེར།
དོན་ངོ་མར་ཚེ་རིང་འབིག་ནི་གཟུགས་ཆེ་བ་མ་གཏོགས་སྙིང་རྩལ་ཆུང་བས་མི་སུ་ལའང་འགྲིག་ཐབས་བྱེད་པའི་སྐོར་ཡིན་མོད། འོན་ཀྱང་བསྟན་གོ་ནག་རིལ་ནི་གཟུགས་ཆུང་ནའང་ཤེད་ཤུགས་ཆེ་ཞིང་བྱིས་པ་གཞན་དང་རྡུང་རེས་བྱས་ནའང་སྲོག་མི་དགོས་པའི་སྐོར་ཡིན་པ་ཁོ་ཚོས་ཀྱང་ཤེས་པས། ལྐོག་ཏུ་མ་གཏོགས་གདོང་ལ་བལྟས་ནས་རྒྱུགས་ཁྱི་ཟེར་ཕོད་མཁན་གཅིག་ཀྱང་མེད།
སློབ་གྲོགས་དེས་དེ་ལྟར་རྒྱུགས་ཁྱི་ཟེར་དོན་ཡང་། ཁོ་གཉིས་ཀྱིས་དབང་འགྲུབ་ཀྱིས་འཆའ་བཞིན་པའི་སིལ་གློ་བ་ཡི་ཕྱེད་ཀའམ་ཡང་ཕྱེད་ཅིག་ཨེ་རེག་ལ་རེ་ནས་སོང་བ་ཡིན་པ་ཤེས་ཏེ་ན་ཟུག་མ་ཐེག་པའི་སྐད་ཆ་ཡིན་པ་མངོན་གསལ་རེད། དོན་ངོ་མར་སྐབས་དེར་ངའི་སེམས་ནས་ཀྱང་ཧ་ཅང་སྐྱིད་པོ་ཞིག་མ་བྱུང་སྟེ། ནམ་རྒྱུན་དབང་འགྲུབ་ཁོང་ཁྲོ་ལངས་པའམ་ཧ་ཅང་སེམས་མི་སྐྱིད་པར་སྡོད་པའི་དུས་དག་ཏུ། ཁོས་གང་བྱུང་ངང་མངར་ཟས་ཀྱི་རིགས་མང་པོ་བཟང་གྲོགས་དག་ལ་སྟེར་རྐྱང་བྱེད་པས། དེ་རིང་ཡང་ཁོས་ཚེ་རིང་འབིག་དང་བསྟན་གོ་ནག་རིལ་གཉིས་ལ་མགྲོན་བཟང་བོ་བྱེད་ངེས་རེད་སྙམ་པས་ཡིན། དེའི་རྐྱེན་གྱིས་ང་དབང་འགྲུབ་ཀྱི་སྟེང་ལ་སྔར་བས་ཀྱང་སྙིང་ལངས་པར་གྱུར་ཅིང་། ད་ནས་བཟུང་ཁོ་ལ་ཁ་ཡ་མི་བྱེད་སྙམ་བྱུང་།
ཕྱི་དྲོའི་སློབ་ཐུན་ཚོགས་པའི་སྐབས་སུ། ང་རང་སྔོན་མ་བྱས་ཏེ་སློབ་ཁང་དུ་ཕྱིན་ཅིང་རང་ཉིད་ཀྱི་འདུག་སྟེགས་སྟེང་དུ་བསྡད་པ་ཡིན། མཇུག་ཏུ་དབང་འགྲུབ་དང་ཚེ་རིང་འབིག བསྟན་གོ་ནག་རིལ་གསུམ་ཐོན་བྱུང་ལ། བལྟས་ཚོད་དུ་ཚེ་རིང་འབིག་ཧ་ཅང་དགའ་བཞིན་པས། ཉིན་གུང་གི་སྐབས་སུ་དབང་འགྲུབ་ཀྱིས་ཁོ་གཉིས་ལ་ཟ་རྒྱུ་མང་པོ་ཉོས་ཡོད་པ་འདྲ། དབང་འགྲུབ་ཡོང་སྟེ་འཁྲིས་སུ་སྡོད་དུས་ཀྱང་ངས་ཁོ་ལ་མིག་གིས་ལྟ་ཙམ་ཡང་མ་བྱས་པར་དཔེ་ཆར་བལྟས་ནས་བསྡད། ངའི་ཚོར་སྣང་ཞིག་ལ་དབང་འགྲུབ་ཀྱིས་ཡང་དང་ཡང་དུ་ངའི་གདོང་གི་རྣམ་འགྱུར་ལ་ལྟ་བཞིན་པ་ཚོར་སྣང་བྱུང་། དེ་ནི་ངའི་འཁྲུལ་སྣང་ཞིག་ཡིན་ནའང་ཐང་། གང་ལྟར་ངས་སྔར་བཞིན་དཔེ་ཆར་ལྟ་བཞིན་ཁོ་ལ་ཁ་ཡ་མ་བྱས། མཇུག་མཐར་རྒྱ་ཡིག་དགེ་རྒན་ནང་དུ་ཐོན་པས། ངས་ཀྱང་གཞི་ནས་དཔེ་ཆ་མར་བཞག་ནས་འགྲོ་ལུགས་ལྟར། ཐོག་མར་ཡར་ལངས་ནས་གུས་འདུད་ཞུ་བ་དང་། དེ་ནས་མར་ཙོག་ནས་དཔེ་ཆའི་ཁ་འབྱེད་པ། དེ་ནས་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་པ་བཅས་བྱས། གོ་རིམ་ཧྲིལ་བོའི་ཁྲོད་ནས་ངས་ཁོ་ལ་ནམ་རྒྱུན་དང་འདྲ་བའི་ཁ་བརྡ་ཚིག་གཅིག་ཀྱང་མ་བྱས། ལན་རེར་ངས་དཔེ་ཁུག་ནང་གི་སྨྱུ་གུ་ལེན་པ་སོགས་ཀྱི་གོ་སྐབས་དང་བསྟུན་ནས་ཁོ་ལ་འཁྱུག་ཙམ་བལྟས་པ་ན། ཁོས་ཀྱང་ཚོར་སྣང་བྱུང་སྟེ་ཧ་ཅང་དོགས་མི་བདེ་བའི་ངང་ང་ལ་ལྟ་ཙམ་བྱས་འོང་མོད། ངས་དེ་མུར་ཚོར་སྣང་ཅི་ཡང་མེད་པའི་ངང་ཟིན་བྲིས་འབྲི་ཁུལ་བྱས། སློབ་ཁྲིད་གྲོལ་བའི་སྐབས་སུ། སློབ་མ་ཚང་མས་འགྲོ་ལུགས་ལྟར་ཡར་ལངས་ནས་དགེ་རྒན་ལ་གྱེས་ཕྱག་ཕུལ་བ་ཡིན། གྱེས་ཕྱག་ཕུལ་ཏེ་ཕྱིར་སྡོད་པའི་བར་དེར། མར་བསྡད་དེ་འཕོངས་ཚོས་རྐུབ་སྟེགས་སྟེང་དུ་རེག་མ་རེག་པའི་སྐབས་དེར། ངའི་རྣ་ལམ་དུ། དགོངས་དག་ཞུ། ཞེས་པའི་སྐད་ཆ་ཞིག་ཐོས་བྱུང་། སྐད་གདངས་དེ་ནི་རྒྱུ་མའི་མཐིལ་ནས་བརྡོལ་ཡོང་བ་ལྟར་དེ་འདྲའི་དམའ་ཞིང་ཤུགས་ཟད་པ་ཞིག་འདུག དེ་ནི་རང་བྱས་ལ་ངོས་ལེན་དང་རང་ཉེས་ལ་འགྱོད་བཤགས་བྱེད་པའི་སྐད་གདངས་ཤིག་རེད། དེ་ནི་དབང་འགྲུབ་ཀྱིས་ང་ལ་དགོངས་དག་བྱེད་པ་རེད་ཅིང་། སྐད་མཐོན་པོས་བཤད་ན་སློབ་གྲོགས་གཞན་དག་གིས་ཐོས་འགྲོ་བ་རེད་པས་སྐད་དམའ་མོས་བཤད་པ་རེད་མོད། འོན་ཀྱང་ངས་མ་ཐོས་པ་ལྟར་བྱས་ཏེ་དེ་མུར་ཡར་ལངས་ནས་ཕྱི་རོལ་ཏུ་རྩེ་རུ་སོང་བ་ཡིན།
སློབ་ཐུན་གཉིས་པར་ཡང་ངས་རང་ཚུགས་འཆོར་དུ་མ་བཅུག་པར་སྔར་བཞིན་ཕར་སྐྱེལ་ཐབས་བྱས་པ་ཡིན།
སློབ་ཐུན་གསུམ་པ་ཕྱིར་འཚོགས་པ་ན། ངའི་འཁྲིས་ཀྱི་དབང་འགྲུབ་ཀྱི་འདུག་སྟེགས་སྟོང་བར་ལུས་འདུག ངས་ཕྱིར་འཁོར་ནས་བལྟས་པ་ན་ཚེ་རིང་འབིག་དང་བསྟན་གོ་ནག་ལྟིག་གཉིས་ཀའང་རང་རང་གི་འདུག་སྟེགས་སྟེང་དུ་བསྡད་འདུག་ཅིང་། སློབ་གྲོགས་ཚང་མས་རྣམ་རིག་བསྒྲིམས་ཏེ་གྲ་སྒྲིག་ཁྲིག་གེར་ཡོད་པར་སྣང་། སློབ་ཐུན་གསུམ་པ་ནི་གླུ་དབྱངས་ཀྱི་སློབ་ཁྲིད་ཡིན་ཞིང་། གླུ་དབྱངས་དགེ་རྒན་ནི་རྒྱ་མོ་ལོ་ཆུང་མཛེས་མ་ཞིག་ཡིན་པས། འཛིན་གྲྭའི་ནང་གི་སློབ་གྲོགས་ཕལ་ཆེ་བ་གླུ་དབྱངས་ལ་དགའ་ཞིང་། དེ་ལས་ཀྱང་ཁོ་མོའི་གདོང་གི་འཛུམ་མདངས་ལ་ལྟ་རྒྱུར་དགའ་བ་ཡིན་ལ། དབང་འགྲུབ་ཆེས་དགའ་བའི་སློབ་ཐུན་གཅིག་པུའང་ཡིན། ཡིན་ནའང་ཁོ་རང་གློ་བུར་དུ་གང་ཞིག་ཏུ་སོང་བ་ཡིན་ནམ། ཅིས་ཀྱང་ངེད་གཉིས་བར་གྱི་དོན་དག་ལ་འབྲེལ་བ་ཡོད་ངེས་རེད་པས། ངའི་སེམས་ནས་ད་སྔོན་ཁོ་ལ་ཁ་ཡ་མ་བྱས་པར་འགྱོད་པ་ཞིག་སྐྱེས་བྱུང་། དོན་ངོ་མར་ང་རང་དབང་འགྲུབ་ཀྱིས་སྐད་ཆ་དེ་བཤད་པར་འཁངས་པ་མ་ཡིན་པར། ཁོའི་སིལ་གློ་བའི་ངོ་ལ་བལྟས་ཏེ་མི་སྐོར་ཞིག་གིས་གནས་ལུགས་ལ་བརྩི་འཇོག་མི་བྱེད་པར་སྐད་ཆ་གང་བྱུང་དུ་བཤད་ཡོང་བ་དེར་ཁྲོས་པ་ཡིན་ལ། དེ་ལས་ཀྱང་ཁོ་སེམས་མ་སྐྱིད་པར་ཚེ་རིང་འབིག་དང་བསྟན་གོ་ནག་ལྟིག་གཉིས་ལ་འཆའ་རིགས་ཅི་འདོད་དུ་ཉོས་པ་དེར་ཁྲོས་པ་ཡིན།
ངོ་མ་བཤད་ན་ངས་ཕྱི་དྲོའི་གླུ་དབྱངས་སློབ་ཁྲིད་དུ་དགེ་རྒན་ཇི་ལྟར་ཡོང་བ་དང་། གླུ་དབྱངས་ཅི་ཞིག་ཁྲིད་པ་། སློབ་ཐུན་ཇི་ལྟར་གྲོལ་བ་སོགས་བཤད་རྒྱུ་ཅི་ཡང་མི་འདུག སློབ་ཁྲིད་གྲོལ་རྗེས། ཕྱི་རོལ་ཏུ་རྩེ་རུ་འགྲོ་བའི་འདུན་པ་མི་འདུག་པས། གཅིག་པུ་ཉལ་ཁང་དུ་སོང་ནས་བསྡད་པ་ཡིན་ལ། ཉལ་ཁང་དུ་བསྡད་ན་ཡང་སེམས་ནང་ནས་ཅི་ཞིག་བོར་སོང་བ་ལྟར་འདུག་བཟོད་མི་བདེ་བར་གྱུར་འགྲོ ཏག་ཏག་སྐབས་དེར་མི་ཞིག་ཉལ་ཁང་དུ་ཐོན་བྱུང་ལ། ངས་ལྟ་དུས་དབང་འགྲུབ་ཡིན་པར་འདུག་པས་ཡ་མཚན་པར་གྱུར་སོང་།
ཁོ་སྒོའི་ནང་ཕྱོགས་སུ་ལངས་ཏེ་ངོ་གནག་བཞིན། ངེད་གཉིས་གན་ཞིག་ལ་འགྲོ་ཟེར།
ངས་ཁོའི་སྐད་ཆའི་ནང་དོན་མ་གོ་བར། གང་ཞིག་ལ་འགྲོ་རྒྱུ་ཞེས་དྲིས།
ཁོའི་གདོང་ན་རྣམ་འགྱུར་ཅི་ཡང་མེད་པར་སྔར་བཞིན། ཁྱོད་ངའི་རྗེས་བཞིན་དུ་ཤོག་དང་ཆོག་ཟེར།
དེ་བས་ངས་ཀྱང་སྐད་ཆ་གཞན་མ་བཤད་པར་ཉལ་ཁང་ལས་བུད་ཅིང་ཁོའི་རྗེས་བཞིན་སོང་བ་ཡིན། སྐབས་དེར་སློབ་གྲྭའི་ར་སྐོར་ནང་དུ་སློབ་མ་ཚོ་སྐོར་དང་སྐོར་བྱས་ཏེ་ལྒང་ལི་རྒྱག་པ་དང་ཕན་ཚུན་བདའ་རེས་བྱེད་པ། ཞབས་བྲོ་སྦྱོང་བ་སོགས་ཟིང་ལོང་ཆེ་ནའང་། ཁོས་དེ་དག་ལ་ལྟ་ཙམ་ཡང་མི་བྱེད་པར་མདུན་དུ་འགྲོ་རྐྱང་བྱེད། ཁོས་ང་ཁྲིད་དེ་སློབ་མ་ཚོའི་ཉལ་ཁང་གི་སྣེར་མཐུད་ཡོད་པའི་ཇ་ཁང་གི་སྒོ་འགྲམ་བརྒྱུད་ནས་སློབ་གྲྭའི་ལྟག་སྒོའི་སྒོ་ཆུང་བསྙེགས་སོང་བས། ངའི་སེམས་ལ་ཁོས་ང་ལ་དཔའ་བོ་ཁེར་ཐུག་བྱེད་ཟེར་གྱིན་པ་མིན་ནམ་སྙམ་ཡང་། ཁོ་ནི་ང་ལས་ལོ་གཅིག་གིས་ཆུང་བས་ཁོས་ངའི་ངོ་ཡ་མི་ཡོང་ཁོ་རང་གིས་ཀྱང་ཤེས་ངེས་རེད་སྙམ་ནས་སེམས་ལྷོད་དུ་འབབ་ཐབས་བྱས། ཏག་ཏག་ལྟག་སྒོའི་སྒོ་ཆུང་ཁར་ཐོན་བྱུང་། སྒོ་ཆུང་ལས་འབུད་རྩིས་ཀྱིས་རྡོག་པ་ཡར་འདེགས་པའི་སྐབས་དེར་ང་ལ་གློ་བུར་བའི་དྲན་ཚུལ་ཞིག་བྱུང་སོང་། འདི་ནི་གཡོ་སྒྱུ་ཞིག་རེད། སྒོའི་ཕྱི་རོལ་ཏུ་བུད་དེ་སོང་ན་དབང་འགྲུབ་གཅིག་པུས་ཚད་རྒྱུ་མ་རེད། ད་དུང་ཚེ་རིང་འབིག་དང་བསྟན་གོ་ནག་ལྟིག་གཉིས་ཀའང་ཡོད་སྲིད། ཁོ་གསུམ་པོས་ང་རང་ཕྱི་སོར་བོས་ཡོང་སྟེ་གཅར་རྡུང་བྱེད་པའི་འཆར་གཞི་ཡིན་འདུག་པས། ང་ལ་གློ་བུར་བའི་སྐྲག་སྣང་ཞིག་ཀྱང་སྐྱེས་བྱུང་། ཕར་འབུད་རྩིས་ཀྱི་གོམ་པ་དལ་བུར་ཕྱིར་བླངས་ཏེ། སྒོའི་ནང་རོལ་དུ་བསྡད་དེ་གཏན་ནས་འགྲོ་འདོད་མ་བྱས།
ངས་ཁོ་ལ། ཁྱོད་ཀྱིས་དོན་ངོ་མར་གང་ཞིག་ཏུ་འཁྲིད་ཟེར་བ་ཡིན། ཞེས་དྲིས།
དབང་འགྲུབ་ཕྱིར་འཁོར་ཏེ་ང་ལ་བལྟས་ཏེ། གདོང་ན་རྣམ་འགྱུར་ཅི་ཡང་མེད་པའི་ངང་། འགྲོ་དང་། ཁྱོད་སྐྲག་མི་དགོས་ཟེར།
ཁྱོད་སྐྲག་མི་དགོས་ཞེས་ཟེར་བས་ང་རང་སྔར་བས་ཀྱང་རྣམ་རྟོག་ལངས་བྱུང་། ཁོས་དོན་མེད་དུ་ཁྱོད་སྐྲག་མི་དགོས་ཟེར་དོན་ཅི་ཡིན་ནམ། ཁོ་ལ་དེ་ལྟ་བུའི་འཆར་གཞི་ཞིག་མེད་ན་དེ་ལྟ་བུའི་སྐད་ཆའང་བཤད་སྲིད་རྒྱུ་མ་རེད། འོན་ཀྱང་རང་ཉིད་སྐྲག་གིན་པ་གཞན་ལ་ཤེས་སུ་འཇུག་མི་རུང་བས། འཚབ་འཚབ་ངང་། ང་སྐྲག་དོན་ཅི་ཡོད་དམ། འོན་ཀྱང་ང་དོན་མེད་དུ་ཕྱི་རོལ་ཏུ་མི་འགྲོ་ཞེས་བཤད།
ལྟས་ངན་དེས་ངའི་བཟོ་ལྟར་བལྟས་ཏེ་ང་རང་སྐྲག་གིན་པ་ཤེས་སོང་འདུག དེ་མ་ཐག་ཏུ་བཟོད་མ་ཐུབ་པར་བགད་བྱུང་ལ། དགོད་པའི་རྣམ་པ་དེ་ནི་ཧ་ཅང་ལྷད་ཀྱིས་མ་གོས་པ་ཞིག་སྟེ། ད་སྔོན་གྱི་སྤམ་རྫུ་ཡོད་ཚད་སྐད་ཅིག་ཉིད་ལ་མུན་པ་ཉི་འོད་ཀྱིས་བདས་པ་ལྟར་རྗེས་མེད་ཤུལ་མེད་དུ་ཡལ་ཏེ་ཁོ་རང་གི་རང་གཟུགས་ངོ་མ་དེ་ཕྱིར་བསྟན་བྱུང་། ཁོ་དགོད་བཞིན་དུ་བརྒྱུགས་ཡོང་ནས་ངའི་ལག་པ་ནས་འཐེན་བཞིན། ངས་ཁྱོད་ལ་དགའ་འདྲོགས་ཤིག་སློང་སྙམ་པ་ཡིན་མོད། འགྲོ་འགྲོ། འདི་ན་ངས་ཁྱོད་ལ་དགོངས་དག་ཞུ་སྤྱད་གྲ་སྒྲིག་བྱས་ཡོད་ཟེར།
སློབ་གྲྭའི་ལྟག་སྒོ་ནས་ཕྱི་རོལ་ཏུ་བུད་པ་ན། ཕ་རོལ་ཏུ་གད་ཕུག་མང་བའི་ཐུར་ངོས་གཟར་བོ་ཞིག་ཡོད་ཅིང་། དེ་ནས་མར་བབས་པ་ན་བཞུར་ཆུའི་ཁར་སླེབས་པ་ཡིན་ལ། བཞུར་ཆུའི་འགྲམ་གཉིས་ནི་མེ་ཏོག་སྣ་ཚོགས་བཞད་པའི་ན་ཐང་ཆུང་ཆུང་ཞིག་ཡིན། དབང་འགྲུབ་ཀྱིས་ང་ཁྲིད་ནས་གཡོན་ངོས་ཀྱི་སྐྱིབས་ཡོད་པའི་གད་ཕུག་ཅིག་གི་ནང་དུ་སོང་བ་ན། གད་ཕུག་དེ་ནི་ཧ་ཅང་སྐྱིད་པོ་ཞིག་ཡིན་པར་མ་ཟད། མི་ཞིག་ཁ་རུ་འགྲེང་ཡང་འོག་ཏུ་མི་ཡོད་པ་མི་མཐོང་བས་སློབ་མ་ཚོ་སློབ་བྱོལ་བྱེད་པའི་གནས་མཆོག་ཅིག་ཀྱང་རེད། ངའི་སེམས་ལ་ཕྱི་དྲོའི་སློབ་ཐུན་གསུམ་པར་ཁོ་རང་འདི་གར་ཡོང་ནས་བསྡད་པ་ཡིན་རྒྱུ་རེད་ཨང་སྙམ་བྱུང་། ཁོས་ང་དེ་མལ་དུ་སྡོད་དུ་བཅུག་ཅིང་། ཁོ་ཕར་སོང་སྟེ་འགྲམ་གྱི་ཁུང་བུ་ཞིག་ནས་ཁུག་མ་ཆུང་ངུ་ཕྱིར་བཏོན་ཡོང་ཞིང་། ངའི་ཁ་གཏད་དུ་དཀྱིལ་ཀྲུང་གིས་བསྡད་དེ་ཁུག་མའི་ཁ་འབྱེད་བཞིན། ངེད་གཉིས་ཀྱིས་འདི་གར་དགོང་ཟས་བཟའ་བར་བྱ་ཟེར་ནས་ནང་གི་དངོས་པོ་རེ་རེ་བཞིན་ཕྱིར་བཏོན་བྱུང་།
ཨ་ཙི་ཙི། ཁུག་མའི་ནང་དུ་ལྕགས་ཀྲིན་དང་ཀ་ར་གོ་རེ། སྒོང་ཕྱེ། སིལ་གློ་བ་དང་ཚ་ལུ་མ་སོགས་ཁྱི་མོས་ཕྲུ་གུ་བཙའ་བ་བཞིན་དུ་སྔ་གཞུག་ལྟར་ཕྱིར་བཏོན་བྱུང་བས་ང་རང་ཁ་གདངས་པར་གྱུར་སོང་། ངས་ནི་འདི་དག་གི་ལ་ལ་ཇི་ལྟར་ཟ་དགོས་པའང་མི་ཤེས་མོད། དབང་འགྲུབ་ཀྱིས་དེ་དག་རེ་རེ་བཞིན་སྡེར་ཁ་སྒྲིག་པ་ལྟར་མདུན་དུ་བཤམས་པར་མ་ཟད། ད་དུང་ལྕགས་ཀྲིན་གྱི་ཁ་འབྱེད་པའི་ལག་ཆ་དང་ཁེམ་བུའང་བསྣམས་འདུག ཁོས་ཧ་ཅང་བྱང་ཆ་ལྡན་པའི་ངང་ལྕགས་ཀྲིན་གྱི་ཁ་འབྱེད་པར་བྱེད།
ངེད་གཉིས་ཀྱིས་ཟས་རིགས་ཕལ་ཆེར་ཟོས་ཚར་ལ་ཉེ་དུས། སློབ་གྲྭའི་ནང་དུའང་དགོང་ཟས་འཐུང་བའི་དྲིལ་བརྡ་གྲགས་བྱུང་། ནམ་རྒྱུན་ཕོ་བ་ལྟོགས་ཏེ་དགོང་ཟས་ལ་རེ་སྒུག་བྱེད་པའི་སྐབས་སུ་དྲིལ་བརྡ་དེ་ནི་རྣ་བར་སྙན་པ་ཞིག་ཡིན་མོད། ཉིན་འདིར་ངས་སློབ་གྲྭའི་ཇ་ཁང་ནང་དུའང་མེད་པའི་དགོང་ཟས་ལ་རོལ་བས། དྲིལ་བརྡ་དེ་དེ་འདྲའི་སྙན་མོ་ཞིག་ཡིན་པའི་ཚོར་བ་ཅི་ཡང་མ་བྱུང་། མཇུག་མཐར་དབང་འགྲུབ་ཀྱིས་ངའི་ངོ་ལ་ཅེ་རེར་ལྟ་བཞིན་དུ་ཅུང་ཕངས་པའི་ངང་།
ཉིན་གུང་གི་སྐད་ཆ་དེ་ངས་ཁྱོད་ལ་བཤད་པ་མིན། དགོངས་དག་ཞུ། མི་འགའ་ཞིག་གི་སྤྱོད་པ་དེ་ངའི་མིག་ལ་མ་རན་པས་རེད། ཅེས་ཟེར།
ངས་ཁོའི་སྐད་ཆ་དེའི་ཧ་གོ་མ་བྱུང་བས། སུ་ཞིག་གི་སྤྱོད་པ་ཟེར་བ་ཡིན། ངས་དེ་ལྟར་འདྲི་བཞིན་རང་ཉིད་ཀྱིས་ཀྱང་མི་དེ་དག་སུ་ཡིན་ལ་བསམ་བློ་བཏང་།
དབང་འགྲུབ་ཀྱིས་སྐེ་ཡོན་བཞིན་དུ་ཆིག་ལབ་རྒྱག་པ་ལྟར། ཁྱོད་ཚོར་བྱ་དགའ་སྟེར་བའི་དུས་དེར། ཁྱོད་ཀྱིས་ངེད་ཚང་གི་བོང་རྒན་གྱི་རྣམ་འགྱུར་དེ་མ་མཐོང་ངམ། ཀུན་དགར་བལྟས་ནས་ཧ་ཅང་དགའ་གྱིན་འདུག ང་དེ་ལ་གཏན་ནས་མི་འཐད། ཟེར།
སྐད་ཆ་དེས་ངའི་མགོ་བོ་སྔར་བས་རྨོངས་པར་གྱུར་སོང་། དགོད་ཙམ་བྱས་ཏེ། ཁྱོད་དེ་ལ་མི་འཐད་རྒྱུ་ཅི་ཡོད། རང་གི་བུ་ལ་བྱ་དགའ་ཐོབ་ན་ཕ་རྒན་དགའ་བ་དཔེ་རེད། ཁྱོད་ཀྱང་ཕུ་བོ་ཡིན་པས་དགའ་ན་འོས། ཞེས་བཤད།
མ་རེད། དབང་འགྲུབ་ཀྱིས་མ་རེད་ཅེས་པའི་སྐད་དེ་ཧ་ཅང་ལྕི་མོས་བཤད་བྱུང་། ཁྱོད་ཚོས་མ་ཤེས་པ་རེད། ངེད་གཉིས་སྤུན་མིན་ཟེར།
ཁོའི་སྐད་ཆ་དེས་ང་རང་ཧང་སང་བར་བྱས་སོང་། སེམས་ལ་ཁོས་རང་གི་ནུ་བོའང་དང་ལེན་མི་བྱེད་པའི་ཤ་འཁོན་ཅི་ཞིག་ཡོད་དམ་སྙམ་བཞིན་པའི་སྐབས་སུ། དབང་འགྲུབ་ཀྱིས་མུ་མཐུད་དུ་ཁོ་ཚང་གི་ལོ་རྒྱུས་བཤད་བྱུང་།
ངའི་ཨ་མ་སྔོན་ནས་ཤི་སོང་། ང་ལོ་དྲུག་ཡིན་དུས་ངའི་ཨ་མར་ནད་བྱུང་སྟེ་ཤི་སོང་། ད་ལྟའི་ཨ་མ་གན་ནི་ཨ་མ་ཤི་ནས་ལོ་གཅིག་འགོར་རྗེས་ཨ་ཕས་བླངས་པ་རེད། ཀུན་དགའང་ཁོ་མོའི་གཞུག་ཁྲིད་རེད། ང་ནི་ཁོས་ཆུང་མ་བླངས་པར་མ་འཐད་པ་ཡིན། གཞུག་ཁྲིད་ཡོད་པའི་ཆུང་མ་ཞིག་བླངས་པར་མ་འཐད་པ་ཡིན། ཁོ་ལ་ང་གཅིག་པུ་ཡོད་པས་ཆོག་པ་རེད། ཡིན་ནའང་ཁོ་ལ་ང་ལས་ཆུང་མ་ཞིག་མཁོ་བཞིན་འདུག དེ་བས་ངས་ཁོ་ལ་བོང་རྒན་ཞེས་བཏགས་པ་ཡིན་ཟེར།
དབང་འགྲུབ་ཀྱིས་སྐད་ཆ་དེ་དག་བཤད་དུས་ང་རང་ནི་རང་ཉིད་ཀྱི་རྣ་བར་ཡང་ཡིད་མི་ཆེས་པ་ལྟར་གྱུར་སོང་། སེམས་ནང་ནས་ཡང་དང་ཡང་དུ། དེ་འདྲ་ཨེ་སྲིད་དམ། དེ་འདྲ་ཨེ་སྲིད་དམ། ཞེས་ལྡོག་འདྲི་བྱེད་དགོས་བྱུང་ཡང་། ཁོའི་སེམས་ཀྱི་གདུང་བ་དང་སྐད་ཆའི་སྐྱོ་དབྱངས་དེས་ཡོད་ཚད་བདེན་དཔང་བྱེད་ཀྱིན་འདུག ཁོས་སྐད་ཆ་བཤད་མཚམས་བཞག་འཕྲལ་ངའི་སེམས་ནང་ནས་མང་པོ་ཞིག་ཕྱིར་བྲུས་སོང་བའམ། ཡང་ན་ངས་ད་བར་དུ་ཁོ་ལ་བཀའ་ལོག་གླེང་འགེལ་མང་པོ་ཞིག་བྱས་སོང་བའི་སྣང་བ་སྐྱེས་བྱུང་།
ངས་རེ་ཞིག་ཅི་ཞིག་བཤད་ན་འོས་པའང་མི་ཤེས། རེ་ཞིག་ལ་མགོ་བོ་དུད་ནས་ཁ་རོག་གེར་བསྡད་ཅིང་། དེ་ནས་ཁོའི་གདོང་ལ་བལྟས་ཏེ། ད་ལྟའི་ཨ་མ་གན་ཡང་ཁྱོད་ལ་ཧ་ཅང་བཟང་བ་མ་ཡིན་ནམ། ཞེས་བཤད།
དབང་འགྲུབ་ཀྱིས་ཁྲེལ་དགོད་ཅིག་བྱས་ནས། ཁོ་མོའམ། ཁོ་མོས་ནི་ཨ་ཕས་ཀུན་དགའ་དང་ལེན་བྱེད་ཆེད་དེ་ལྟར་བྱེད་པ་རེད། ཚང་མ་ཚུལ་འཆོས་རེད། ཚུལ་འཆོས་རེད། དེ་བས་ཁོ་མོས་ང་ལ་སྒོར་མོ་དུ་སྟེར་ནའང་ལེན་རྐྱང་བྱས་པ་ཡིན། མ་བླངས་ན་སྡུག་གྱོང་རེད། འོན་ཀྱང་ཀུན་དགའ་ནི་ང་ལ་ཧ་ཅང་དུངས་ཀྱིན་འདུག་པས། ངའང་ཁོ་ལ་དགའ་བ་ཡིན། ཟེར།
ཐེངས་འདིར་ཁོས་གཞི་ནས་ཨ་ཕ་ཞེས་ཁ་ལ་གསལ་ཞིང་ཞེ་ལ་འབབ་པའི་མིང་ཚིག་དེ་ནན་ཏན་གྱིས་བཤད་བྱུང་། སྐབས་དེར་ངས་ཁོས་ཡང་བསྐྱར་བོང་རྒན་ཟེར་འགྲོ་བར་སེམས་ཁྲལ་བྱ་དགོས་བྱུང་། ང་ལ་སྐད་ཆ་ཅི་ཡང་བཤད་རྒྱུ་མེད་པར་གྱུར་སོང་།
དབང་འགྲུབ་ལའང་མུ་མཐུད་དུ་སྐད་ཆ་བཤད་རྒྱུ་ཅི་ཡང་མི་འདུག ཁོས་མགོ་བོ་དུད་དེ་ཡུན་རིང་བོ་ཞིག་འགོར་ཞིང་། མཇུག་མཐར་ཕལ་ཆེར་ཆིག་ལབ་རྒྱག་པ་བཞིན་དུ། གལ་ཏེ་ངའི་ཨ་མ་ད་ལྟའང་ཡོད་རྒྱུ་ན་འདི་འདྲ་ཞིག་ཡིན་མི་སྲིད། ཡིན་ཡང་ཁོ་མོ་ཤི་སོང་བ་རེད། ད་ལྟ་ངས་ཁོ་མོ་ཅི་འདྲ་ཞིག་ཡིན་པའང་གསལ་བོ་དྲན་གྱིན་མི་འདུག ངས་ཨ་མ་དྲན་གི ངས་ཨ་མ་དྲན་གི ཟེར་ནས་ངུ་སྔངས་བྱས་བྱུང་བས། ངའི་མིག་ཆུའང་རང་དབང་མེད་པར་མགྲིན་པའི་ཕུག་གམ་གདོང་བའི་ཕུ་ནས་ལུད་བྱུང་། ངེད་གཉིས་ཕན་ཚུན་གྱི་སྐེ་ལ་འཁྱུད་དེ་ངུས་པ་ཡིན། མཇུག་མཐར་དགོང་ཚོགས་ཀྱི་དྲིལ་བརྡ་གྲགས་བྱུང་བས། ངེད་གཉིས་ཀྱིས་ཀྱང་མིག་ཆུ་གཙང་མར་ཕྱིས་ཤིང་། ཟས་འཕྲོ་དག་ཁུག་མའི་ནང་དུ་བཅུག་ནས་ཕྱིར་སློབ་གྲྭའི་ནང་དུ་བརྒྱུགས་ཕྱིན་པ་ཡིན།
དེ་ནས་བཟུང་ངས་ནམ་ཡང་དབང་འགྲུབ་ཀྱི་བྱ་སྤྱོད་དེ་རིགས་ལ་མི་འདོད་པའི་རྣམ་འགྱུར་ཅི་ཡང་འཛིན་མ་མྱོང་། དེ་ནི་མ་གཞི་ནས་མི་འོས་པ་ཞིག་ཡིན་པ་ཤེས་ནའང་། ངས་ཁོ་ལ་ཇི་ལྟར་སློབ་གསོ་གཏོང་དགོས་པའང་མི་ཤེས་པར་འདུག ངས་གང་ནུས་སྒོས་ཁོ་ལ་ལས་བྱ་འབྲི་རོགས་བྱས་ཏེ་ཁོ་རང་དགའ་རུ་བཅུག་པ་ཡིན་ལ། ལན་རེ་རེར་སློབ་གཙོ་ལམ་དུ་འགྲོ་བ་མཐོང་བ་ན་ཅི་ནུས་ཀྱིས་གཡོལ་ཐབས་བྱས་པ་ཡིན། དེའི་རྒྱུ་མཚན་ཡང་ཁོང་གིས་མུ་མཐུད་དུ་ངས་དབང་འགྲུབ་ལ་ཟུར་ཁྲིད་བྱེད་ཀྱིན་པའི་འཁྲུལ་སྣང་ཉར་བར་བྱེད་ཅིང་། མུ་མཐུད་དུ་ང་ལ་དབང་འགྲུབ་ཀྱི་སློབ་སྦྱོང་བྱེད་པའི་གནས་ཚུལ་འདྲི་བར་དོགས་པས་ཡིན། དབང་འགྲུབ་ལ་ལས་བྱ་འབྲི་རོགས་བྱས་ཏེ་དགའ་རུ་འཇུག་པ་དང་། སློབ་གཙོ་ལ་རྫུན་གཏམ་ལབ་སྟེ་དགའ་རུ་གཞུག་པ་ནི་མ་གཞི་ནས་ནོར་འཁྲུལ་ཞིག་ཡིན་ནའང་། སྐབས་འདི་དག་ཏུ་ངས་དངོས་གནས་ཁོ་ཕ་བུ་གཉིས་ཇི་ལྟར་དགའ་རུ་འཇུག་དགོས་པའང་མི་ཤེས་པར་འདུག མཇུག་མཐར་ང་ཚོ་ཚང་མ་སློབ་ཆུང་ནས་མཐར་ཕྱིན་ཞིང་དབང་འགྲུབ་དང་ཚེ་རིང་འབིག་གཉིས་ཀྱིས་མཐོ་འབྲིང་ལ་རྒྱུགས་མ་འཕྲོད་པ་དང་། བསྟན་ཁོ་ནག་རིལ་དང་ངེད་གཉིས་ཀྱིས་མཐོ་འབྲིང་ལ་རྒྱུགས་འཕྲོད་པ་རེད་མོད། ཡིན་ནའང་མཐོ་གཅིག་གི་སློབ་སྐབས་དང་པོ་མཇུག་རྫོགས་མཚམས་ངའི་ཕ་རྒན་ནད་ཀྱིས་འདས་པས། ང་རང་མུ་མཐུད་དུ་སློབ་གྲྭར་འགྲོ་མ་ཐུབ་པར་ཨ་ཕའི་ཚབ་ཏུ་ལུག་རྫི་བྱས་པ་ཡིན།
ངའི་ཕ་རྒན་ལ་ནད་ལྕི་མོ་ཞིག་བྱུང་བ་མ་ཡིན་པར། ཁོ་རང་གཅིག་པུ་བྱེ་མའི་ནང་གི་གླིང་ཕྲན་ཞིག་ཏུ་ཟོག་པར་སོང་ཞིང་། ས་སྟོང་ཐང་སྟོང་དུ་སྡོད་དུས་གློ་བུར་དུ་རྒྱུ་ལྷག་གི་ནད་བྱུང་སྟེ་དུས་ལྟར་སྨན་ཁང་དུ་སྐྱེལ་རྒྱུ་མ་བྱུང་བ་དང་། མཇུག་མཐར་སྨན་ཁང་དུ་འགྲོ་བའི་ལམ་ཁར་ཚེ་ལས་འདས་པ་རེད། དེ་དུས་ང་ལ་དགུན་གནང་བྱིན་ཏེ་ཡུལ་དུ་ཡོད་མོད། ལོ་ན་ཆུང་བའི་དབང་གིས་ཅི་ཡང་མ་ཤེས་ལ་ད་ལྟ་འདང་བརྒྱབ་ན་བག་ཆགས་ཅི་ཡང་མི་འདུག རབ་རིབ་ཀྱི་ཀློང་ན་ལུས་པའི་དྲན་ཚོར་ཞིག་ནི། མཚན་མོ་ཞིག་ལ་མི་འགའ་གློ་བུར་དུ་ཁྱིམ་དུ་ཡོང་སྟེ་གཡག་རྒན་གཉིས་ལ་སྒ་བསྟད་དེ་དེད་སོང་བ་དང་། ཕྱི་ཉིན་ནམ་ལངས་དུས་གཡག་རྒན་གཉིས་ཀ་སྒ་སྟོང་དུ་ཕྱིར་དེད་དེ་ཐོན་པ་ན། ཨ་མ་ནི་སྨྱོས་པ་བཞིན་སྐད་ཆེན་པོས་ངུད་མོ་འདོན་འགོ་བརྩམས་པ་དེ་རེད། དེ་དག་གིས་ངའི་མི་ཚེའི་བགྲོད་ལམ་དེ་ཕྱིར་ལྡོག་གིས་ཕ་ཡུལ་གྱི་སྤང་ཐང་དུ་བསྒྱུར་བ་རེད།
སློབ་གྲྭ་དང་གྱེས་པའི་ཕྱི་ལོ་དེར་ང་རང་སློབ་གཙོར་ཐེངས་གཅིག་འཕྲད་བྱུང་། སྐབས་འདིར་ང་རང་སློབ་རའི་ནང་གི་སློབ་མ་ཞིག་ནས་ཕྱིར་ལྡོག་གིས་སྤང་ཐང་གི་ལུག་རྫི་ཞིག་ཏུ་གྱུར་ཡོད་པས། སློབ་གཙོ་ལ་སྔོན་ཆད་ལྟ་བུའི་སྐྲག་སྣང་གི་བསམ་པ་སྐྱེས་མི་སྲིད་ཀྱང་། སྔོན་ཆད་དབང་འགྲུབ་ཀྱིས་སློབ་སྦྱོང་བྱེད་ཀྱིན་འདུག་ཅེས་པའི་རྫུན་གཏམ་པ་དང་། མཇུག་མཐར་དབང་འགྲུབ་ཀྱིས་མཐོ་འབྲིང་ལ་རྒྱུགས་མ་འཕྲོད་པ་དེས། ངའི་སེམས་ལའང་ཅི་བྱུང་མེད་པའི་ནོངས་ཤིག་ཡོད་པར་གྱུར་ཏེ། གང་བྱུང་ངང་སློབ་གཙོའི་གམ་དུ་འགྲོ་མི་ཕོད་པའམ་མི་ནུས་པ་སྨོས་ཅི་དགོས། ཡིན་ནའང་སློབ་གཙོ་དང་ངེད་གཉིས་ཐེངས་དེར་ངོ་འཕྲད་པ་དེའང་གློ་བུར་བ་ཞིག་རེད།
ཉིན་དེར་ང་རང་ཡུལ་ཚོའི་རྒྱ་སྲང་དུ་ཕྱེ་འཐག་པ་དང་སྣུམ་བཙག་ཏུ་ཡོང་བ་ཡིན་ཞིང་། ཕྱེ་འཐག་མཁན་མང་པོ་ཡོད་པས་ཕྱི་དྲོའི་བར་དུ་བསྒུགས་དགོས་བྱུང་། དགོང་ཁའི་དུས་ཙམ་ལ་གཞི་ནས་ཕྱེ་བཏགས་ཤིང་སྣུམ་བཙགས་ཟིན་པས། གཡག་རྒན་དག་ལ་ཁལ་བཀལ་ཏེ་ཕྱིར་ལྡོག་པའི་ལམ་ལ་ཆས་པ་ཡིན། སྐབས་དེར་ནུབ་ཁའི་ཉི་མ་སེར་བོ་དེ་ཡུལ་ཚོ་ཆུང་ངུ་འདིའི་སྲང་ལམ་དོག་པོར་གཅིག་བསྡུས་ཀྱིས་འཕྲོས་པ་ལྟར་གསལ་མདངས་ཅན་དུ་གྱུར་ཅིང་། ང་དང་གཡག་རྒན་ཚོའི་གྲིབ་གཟུགས་དེ་མདུན་ཕྱོགས་ཀྱི་ལམ་ངོས་སུ་རིང་བོར་བསྲིངས་འདུག་པས། མི་ཕྱུགས་གཉི་གའི་བྲེལ་སྟབས་ཀྱི་གོམ་པས་རང་རང་གི་གྲིབ་མ་འགོམས་ནས་མདུན་དུ་བསྐྱོད། སློབ་གྲྭའི་མར་ཞོལ་གྱི་སྨན་ཁང་སྒོ་ཁར་ཐོན་སྐབས། མདུན་ཕྱོགས་སུ་མི་འགའ་ནུབ་ཁའི་ཉི་མར་གདོང་གཏད་ནས་མར་ཡོང་གིན་འདུག་པས། ཁོ་ཚོའི་ལུས་སྟེང་དུའང་ཉི་འོད་ཀྱི་གསེར་ཆུ་ཕོག་སྟེ་ས་དམར་གྱིས་ལས་པའི་གྱད་མི་རེ་རེ་དང་མཚུངས་འདུག་མོད། ཡིན་ནའང་ང་རང་ད་དུང་ལམ་རིང་རྒྱག་པར་བྲེལ་གྱིན་ཡོད་པས་དེ་དག་ལ་དོ་སྣང་བྱེད་ཁོམ་ཅི་ལ་ཡོད། ཕལ་ཆེར་མི་དེ་དག་དང་ང་ཚོ་ལམ་གྱི་འགྲམ་གཉིས་ནས་བསྣོལ་འགྲོ་བྱེད་པའི་སྐབས་སུ། གློ་བུར་དུ་མི་ཞིག་ཀེ་རེར་འགྲེང་སྟེ། ཨ་རོགས་ཞེས་བོས་བྱུང་།
ངས་སྐེ་དཀྱོགས་ནས་ལྟ་དུས་གཞི་ནས་དབང་འགྲུབ་ཀྱི་ཨ་ཕ་སྟེ་སློབ་གཙོ་ཡིན་པ་ཤེས་བྱུང་། ཁོའི་ལུས་ལ་ཉི་འོད་ཀྱིས་སྒེག་འཆོས་སྤྲས་པས་སྔར་བས་བརྗིད་ཉམས་ལྡན་པར་སྣང་ལ། སྔར་བཞིན་གང་ལ་བལྟས་ཡོད་པ་མི་ཤེས་པའི་མིག་ཤེལ་ནག་པོ་དེ་བསྐྱོན་ནས་ངའི་ཕྱོགས་སུ་བལྟས་འདུག སྐབས་འདིའི་ཁོས་ང་ལ་ལྟ་བའི་བཟོ་ལྟ་ནི་ཧ་ཅང་ཡ་མཚན་པའི་རྣམ་འགྱུར་ཞིག་གམ་གཏན་ནས་ཡིད་མི་ཆེས་པའི་བཟོ་ལྟ་ཞིག་ཡིན་འདུག ངས་སྐད་ཅིག་བརྒྱབ་ནས་མྱུར་མོར་ཁོང་གི་འཁྲིས་སུ་སོང་ཞིང་། རེ་ཞིག་ལག་འཇུ་བྱེད་རྒྱུའང་མ་བྱུང་བར། དེ་སྔ་ནས་གོམས་སྲོལ་དུ་གྱུར་པའི་གུས་ཚུལ་ཏེ། རང་དབང་མེད་པར་མགོ་ལ་ལག་པས་འཕྲུག་བཞིན། སློབ་གཙོ་བཞུགས་ཡོད་དམ་ཞེས་འཚམས་འདྲི་བྱས།
སློབ་གཙོས་ང་ལ་འཚམས་ལན་མི་སྟེར་བར། ངའི་མདུན་དུ་དེད་པའི་གཡག་རྒན་ཚོ་ལ་ལྟ་ཙམ་བྱས་པ་དང་། དེ་ནས་ཡང་ངའི་ལུས་ཀྱི་ཆ་བྱད་ལ་ཞིབ་ལྟ་ཞིག་བྱས་ཏེ། ད་དུང་ཡང་ཡིད་ཆེས་ཀྱིན་མེད་པ་ལྟར། ཁྱོད་སློབ་གྲྭར་འགྲོ་བཞིན་མེད་དམ། ཁྱོད་ཀྱིས་འདི་ན་ཅི་བྱེད་ཀྱིན་ཡོད། ཅེས་བསྟུད་མར་དྲི་བ་གཉིས་དྲིས་བྱུང་།
ངས་ཀྱང་དྲི་བ་དེ་གཉིས་ཀྱི་ནང་དོན་ཡང་གཅིག་མཚུངས་ཡིན་པ་སྟེ། ཁྱོད་སློབ་གྲྭར་འགྲོ་བཞིན་མེད་དམ་ཞེས་པའི་དོན་ཡིན་པ་ཤེས་ནའང་། ཁོའི་འཁྲིས་ཀྱི་མི་དེ་དག་མུ་མཐུད་དུ་མདུན་དུ་མི་འགྲོ་བར། སློབ་གཙོར་སྒུགས་ཤིང་ང་ལ་བལྟས་ཏེ་བསྡད་བྱུང་བས། ངས་སྔར་བཞིན་མགོ་ལ་འཕྲུག་འཕྲུག་བྱེད་བཞིན། ང་ནི་འདི་གར་ཕྱེ་འཐག་ཏུ་ཡོང་བ་ཡིན་ཞེས་བཤད་དགོས་བྱུང་།
སློབ་གཙོས་ཡང་བསྐྱར་ངའི་ལུས་ཀྱི་ཆ་བྱད་ལ་ཞིབ་ལྟ་ཐེངས་གཅིག་བྱས་ནས། ཧ་ཅང་ཡིད་མི་ཆེས་པའི་ངང་དྲི་བ་དེ་གཉིས་ཀྱི་དོན་གཅིག་ཏུ་བསྡུས་ཏེ། ཁྱོད་ད་ལྟ་སློབ་གྲྭར་འགྲོ་བཞིན་མེད་དམ། ཞེས་བསྐྱར་ཟློས་ཀྱིས་དྲིས་བྱུང་ལ། ཁོའི་སྐད་གདངས་ལ་ཉན་ན། དུས་འདི་དང་གནས་འདི་རུ་ང་ལ་འཕྲད་པ་ནི་སྐད་ཅིག་རིང་གི་རྨི་ལམ་ཞིག་ཨེ་ཡིན་ལ་དོགས་པ་སྐྱེས་ཀྱིན་པ་དང་ཡོངས་སུ་མཚུངས།
ངོ་མ་བཤད་ན། ང་རང་སློབ་གྲྭར་ཡོད་དུས་སློབ་མ་ཡོངས་དང་འདྲ་བར་རང་ལུས་ཀྱི་ཆས་གོས་ལ་དོ་སྣང་བྱེད་ཀྱིན་ཡོད་ཀྱང་། ཕྱིར་རང་ཡུལ་དུ་ལོག་པ་ནས་བཟུང་། སླར་ཡང་མཐོ་སྒང་གི་གྲང་རེག་དང་ཉི་འོད་ཀྱི་གཙུབ་བརྡར་གྱིས་མནར་ཏེ། ངོ་གདོང་ནག་པོར་གྱུར་ཅིང་མགོ་སྐྲ་ཟིང་བོར་འཛིང་ལ། ཆས་གོས་ཀྱི་སྟེང་ནས་ཀྱང་ལུག་རྫིའི་བརྟུལ་ཞུགས་བཟུང་ཡོད་པས། སློབ་གཙོས་མཐོང་མ་ཉིད་ནས་ང་རང་སློབ་གྲྭར་འགྲོ་བཞིན་མེད་པ་ཅི་ལ་མི་ཤེས།
ངས་མགོ་བོ་དུད་བཞིན། ཡུལ་དུ་དོན་དག་བྱུང་བས། མུ་མཐུད་དུ་འགྲོ་ཐབས་མ་བྱུང་། ཞེས་ལན་དྲང་བོར་བཏབ་པ་ཡིན།
ཨ་ཧོ། འདི་འདྲའི་སློབ་མ་བཟང་བོ་ཞིག སློབ་གཙོས་རང་དབང་མེད་པར་ཕངས་སྐད་ཅིག་བཏོན་ཅིང་། དེ་མུར་བསྐོར་བ་འགའ་བྱས་ནས། ཡང་སྙིང་སློབ་གྲྭར་འགྲོ་བ་ལས་ཀྱང་གལ་ཆེ་བའི་དོན་དག་ཅི་ཞིག་བྱུང་བ་འདྲི་འདོད་ཀྱིན་པ་དང་འདྲ་མོད། དེ་ནས་འདང་ཞིག་བརྒྱབ་སྟེ་དེ་ལྟར་ཡང་མི་འདྲི་བར། ཨ་ཧ་ཧོ། སློབ་སྦྱོང་ལ་འདི་འདྲ་བཟང་བས། དོན་དག་ཅི་བྱུང་ཡང་སློབ་གྲྭར་འགྲོ་དགོས་པ་རེད་ཨང་། ཟེར་བ་དང་། དེ་ནས་འགྲམ་གྱི་མི་དེ་དག་ལ་བལྟས་ཏེ། ཁོ་ནི་ང་ཚོའི་སློབ་མ་རྩེ་གྲས་གཅིག་པུ་ཡིན། མཐོ་འབྲིང་ལ་རྒྱུགས་བླངས་ནས་ཀྱང་ཁུལ་ཡོངས་ཀྱི་ཨང་གཉིས་པ་རེད་ཡ་ཟེར།
འགྲམ་གྱི་མི་དེ་དག་གིས་ཀྱང་སློབ་གཙོའི་སྐད་ཆ་དེ་ཐོས་པས། ངོ་གདོང་ནས་ཅུང་ཡིད་སྨོན་པའི་རྣམ་འགྱུར་ཆ་འདྲ་བ་སྣ་ཚོགས་ཤིག་བསྟན་བྱུང་མོད། ཡིན་ནའང་རྣམ་འགྱུར་དེ་དག་ནི་སློབ་གཙོའི་ངོ་ལ་བལྟས་པའི་ཕྱི་ཚུལ་གྱི་རྣམ་པ་ཞིག་རེད་དེ། དེ་ནི་དེ་སྔོན་དབང་འགྲུབ་ཀྱིས་སྐད་ཆ་ཅི་ཞིག་བཤད་ཀྱང་ཚེ་རིང་འབིག་དང་བསྟན་ཁོ་ནག་རིལ་སོགས་ཀྱིས་ཁོའི་སྐད་ཆའི་ཧ་མ་གོ་གོང་ནས་དེ་རེད་ཅེས་དགའ་བའི་ངོ་བསྟོད་བྱེད་པ་དང་གཅིག་མཚུངས་སུ་འདུག
སློབ་གཙོས་མུ་མཐུད་དུ་ང་ལ་བལྟས་ཏེ་བཤད་རྒྱུར། ཨ་ཧ་ཧོ། སློབ་སྦྱོང་ལ་འདི་འདྲ་བཟང་བས་སློབ་གྲྭར་འགྲོ་དགོས་པ་རེད། སློབ་སྦྱོང་ལ་མ་བཟང་ན་དབང་འགྲུབ་ལྟ་བུ་རེད། སློབ་གྲྭར་སོང་ཟེར་ན་རྒྱུགས་མི་འཕྲོད་པས་འགྲོ་མི་ནུས། དམག་ཁྲོད་དུ་ཞུགས་ཟེར་ན་སྒྲིག་ལམ་བཙན་པས་དེ་ལ་མི་འགྲོ་ཟེར། ད་ནི་གང་སར་འཁྱམས་ནས་ཡོད་པ་གན་རེད། ཟེར་ནས་དབུགས་རྒོད་ཁོག་ཏུ་ཆུད་ཀྱིན་མེད་པ་ལྟར། ཧ་ཅང་སེམས་ངལ་ལྕི་ཞིང་ཐབས་ཟད་པའི་དངན་པ་ཞིག་འཐེན་བྱུང་།
སློབ་གཙོའི་བཤད་པའི་ཚིག་དེ་དག་གི་ནང་དུ། ཕ་རུ་གྱུར་པ་ཞིག་གིས་བུ་ལ་བཅངས་པའི་རེ་གཞག་དང་ཡིད་ཆད་ཀྱིས་ཁེངས་འདུག་པས། དེ་དུས་དབང་འགྲུབ་ཀྱིས་ཨ་མ་བྲལ་བའི་བུ་ཆུང་ཞིག་གི་སེམས་ཀྱི་སྡུག་བསྔལ་ཡོད་ཚད་ཆུ་འཁྱག་བྱོ་བ་ལྟར་ང་ལ་བཤད་པའི་སྐབས་དང་འདྲ་བར། ངའི་སེམས་སུ་ཅི་བྱུང་མེད་པར་ཚེར་མ་ཟུག་པ་ལྟ་བུའི་ན་ཟུག་ཅིག་སྐྱེ་རུ་བཅུག་བྱུང་།
སློབ་གཙོས་དེ་མུར་དངན་པ་ཞིག་འཐེན་བྱུང་ལ། དེ་ནི་རང་སེམས་ཀྱི་རླབས་ལྟར་འཕྱུར་བའི་བརྩེ་དུང་ལ་ཚོད་འཛིན་བྱས་སོང་བ་དང་འདྲ་ཞིང་། ཡང་མིད་པའི་ཁར་འཚངས་ཡོང་བའི་སྐད་ཆ་མང་པོ་ཞིག་བཙན་ཚུགས་ཀྱིས་ཕྱིར་མིད་པ་དང་ཡང་མཚུངས། ཁོས་མིག་ཤེལ་གྱི་ལྟ་ཕྱོགས་ཕྱིར་བསྒྱུར་ཏེ་སྨད་ཕྱོགས་ཀྱི་ནུབ་ལ་ཉེ་བའི་ཉི་མར་ལྟ་ཙམ་བྱས་པ་དང་། དེ་ནས་སླར་ཡང་ཕྱིར་འཁོར་ཏེ་ངས་འདེད་ཀྱིན་པའི་གཡག་རྒན་ཚོའི་རྗེས་ཕྱོགས་སུ་ལྟ་ཙམ་བྱས་རྗེས། འོ་ན་དེ་བྱོས། མུན་རུབ་རྒྱུ་རེད་པས་ཁྱོད་རང་མྱུར་དུ་སོང་། རྗེས་སུ་འདི་གར་ཡོང་ན་ཡུལ་དུ་ཤོག ཅེས་བཤད་ནས་ལག་པ་བརྐྱངས་བྱུང་། སྐབས་འདིར་ངས་ཀྱང་དབང་འགྲུབ་ཀྱི་ད་ལྟའི་གནས་ཚུལ་གསལ་བོ་ཞིག་ཁོང་ལ་འདྲི་འདོད་ཀྱང་། ཉི་མ་ནུབ་གྲབས་ཡོད་པ་དང་ང་རང་ལམ་ལ་འགྲོ་བར་བྲེལ་བ་ལང་བཞིན་ཡོད་པས་འཚབ་འཚུབ་ངང་ལག་པ་བརྐྱངས་ཏེ་ཁོ་ལ་ལག་འཇུ་བྱས་པ་ཡིན།
སློབ་གཙོས་ངའི་ལག་པ་ནས་འཇུས་པ་དང་། སླར་ཡང་ཤུགས་ཡོད་པའི་ངང་དམ་པོར་བཙིར་ཙམ་བྱས་བྱུང་ལ། དེས་དོན་དག་ཅི་བྱེད་ཀྱང་མུ་མཐུད་དུ་ཧུར་བརྩོན་བྱེད་དགོས་པའི་སྟོབས་ཤུགས་ཤིག་སྟེར་གྱིན་པ་ལྟར། ངའི་སེམས་པ་དྲོད་ལམ་ལམ་དུ་གྱུར་ཅིང་། ལག་མཐིལ་ནས་རྔུལ་ཆུ་བརྡོལ་དུ་བཅུག་བྱུང་། སློབ་གཙོའི་ལག་འཇུ་དེའི་ནང་དོན་ནི་ད་ནས་བཟུང་ངེད་གཉིས་དགེ་སློབ་ཡིན་པར་མ་ཟད་ད་དུང་གྲོགས་པོའི་འབྲེལ་བའང་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད་ལ། རྗེས་ཕྱོགས་སུ་མུ་མཐུད་དུ་འབྲེལ་འདྲིས་བྱ་དགོས་པའི་ནང་དོན་ཡང་འདུག ཡིན་ནའང་ང་ལ་མཚོན་ན། རང་ཉིད་ཀྱི་དགེ་རྒན་བྱེད་མྱོང་བ་དང་རང་ཉིད་ལས་བགྲེས་པའི་མི་དག་གི་མདུན་དུ། རང་ཉིད་ནམ་ཡང་སློབ་མ་ཉམ་ཆུང་དེ་ཡིན་པའམ་བྱིས་པ་ཆུང་ངུ་དེ་ཡིན་པའི་འདུ་ཤེས་ཤིག་སྐྱེས་ཡོང་བས། སློབ་གཙོ་ལ་ནམ་ཡང་དགེ་རྒན་གྱི་ལྟ་སྟངས་འཛིན་པ་ལས་གྲོགས་པོ་ལྟ་བུའི་འདུ་ཤེས་ཤིག་འཛིན་ག་ལ་ཕོད། གང་ལྟར་དེ་ནས་བཟུང་ངེད་གཉིས་ཡུན་རིང་ཞིག་ལ་འཕྲད་མ་བྱུང་མོད། ཡིན་ནའང་ངེད་དགེ་སློབ་གཉིས་ཀྱི་ནུབ་ཁའི་ཉི་འོད་འོག་གི་བཀྲག་མདངས་ལྡན་པའི་འཚབ་འཚུབ་ཀྱི་བསྐྱར་འཕྲད་དེ་ངས་ནམ་ཡང་བརྗེད་མི་སྲིད།
ཕལ་ཆེར་ལོ་ངོ་བཅུ་ལྷག་འགོར་ཡོད་ཤས་ཆེ། ལོ་ཞིག་གི་དབྱར་ཁར་ང་རང་སླར་ཡང་ངའི་དེ་དུས་ཀྱི་སློབ་གྲོགས་ཤིག་སྟེ། དབང་འགྲུབ་ཀྱི་བཟང་ས་སློབ་གྲོགས་ཚེ་རིང་འབིག་ལའང་འཕྲད་བྱུང་། ངེད་གཉིས་ངོ་འཕྲད་ས་ནི་དབྱར་ཁའི་ལུག་བལ་ཉོ་སྡུད་བྱེད་སའི་ས་ཚིགས་ཀྱི་ར་སྐོར་ནང་ཡིན།
སྐབས་དེའི་ལུག་བལ་ཉོ་སྡུད་བྱེད་མཁན་ནི་རྫོང་ཕྱུགས་ལས་ཐོན་རྫས་ཀུང་ཟི་ཡིན་ཞིང་། ལོ་བཞིན་དབྱར་ཁའི་དུས་སུ་དབྱར་སར་གྱང་གི་ར་བ་བསྐོར་བའི་ནང་དུ་རས་གུར་གྱི་སྒར་བཏབ་སྟེ་སྡེ་བ་སོ་སོའི་ལུག་བལ་ཉོ་སྡུད་བྱེད་ཀྱིན་ཡོད་ཅིང་། ཁྱིམ་ཚང་སྐོར་རེ་སྐོར་རེ་བྱས་ཏེ་བལ་དོས་ཁལ་མར་བཀལ་ཏེ་འཚོང་དུ་ཡོང་གིན་ཡོད་པས། ས་ཚིགས་ཀྱི་ཕྱི་རོལ་དུ་ཁལ་མས་ཁེངས་ཤིང་ནང་རོལ་ཏུ་རི་ལྟར་བརྩིགས་པའི་བལ་དོས་དང་མི་ཚོགས་ཀྱིས་ཁེངས་འདུག་ལ། སྐབས་ལན་རེར་ཉོ་སྡུད་བྱས་ཟིན་པའི་བལ་དོས་དག་རྫོང་མཁར་དུ་འདྲུད་མཁན་གྱི་རླངས་འཁོར་འགའ་རེས་འོ་དོད་འདོན་བཞིན་ཐོན་ཡོང་བས། ཁལ་གཡག་དག་འདྲོགས་ཏེ་གང་སར་འབྲོ་བར་བྱེད། ས་ཚིགས་ཀྱི་བདག་པོ་བལ་དོས་མང་པོའི་གསེང་ནས་ཕར་ཉུལ་ཚུར་ཉུལ་བྱེད་བཞིན་སྐད་ཆེན་པོས། མི་ཆོག རློན་པ་རེད་པས། ད་དུང་སྐེམ་དགོས། ཟེར་བའམ། ད་དུང་སྤྲུགས། ད་དུང་སྤྲུགས། ངས་བལ་སྡུད་མ་གཏོགས་ས་རྡོ་སྡུད་པ་མིན། མི་ཆོག ཅེས་ཀུ་ཅོ་སྒྲོག་པར་བྱེད།
ངོ་མ་བཤད་ན། དུས་སྐབས་དེར་འབྲོག་པ་གཡོ་སྒྱུ་ཅན་འགའ་རེས་ལུག་བལ་འཚོང་ཁར་ཁལ་མས་ཐེག་མིན་ལ་མི་བལྟ་བར། བལ་དོས་བཤིག་སྟེ་ནང་དུ་བརླན་རྒྱག་ཏུ་འཇུག་པའམ་བལ་དོས་ཀྱི་གཏིང་སར་ས་རྡོ་བསྲེས་ཏེ་ས་ཚིགས་སུ་བསྐྱལ་ཡོང་སྟེ་རྒྱ་གྲངས་ཇེ་མཐོར་འབུད་ཐབས་བྱེད་ཀྱིན་ཡོད་ཅིང་། ས་ཚིགས་ཀྱི་བདག་པོའང་ཁོ་ཚོའི་གཡོ་སྒྱུར་གོམས་ཡོད་པས་བལ་དོས་ཀྱི་ཆེ་ཆུང་ལ་བལྟས་ཏེ་ལག་པས་ཡར་འདེགས་ཙམ་གྱིས་ཤེས་འགྲོ་བས། དེ་མུར་ཁོ་ཚོར་བཤིག་ནས་སྐེམ་པའམ་སྤྲུག་ཏུ་འཇུག་པ་ཡིན་པས། འབྲོག་པ་དེ་དག་གིས་ཀྱང་པྲ་ལག་བྱེད་མཁན་ཁོ་ཚོ་མ་ཡིན་པར་མ་ཉེས་ཁ་གཡོགས་ཐེབས་པ་བཞིན་དུ། ངོ་མདངས་ཤོར་ཅིང་འུ་ཐུག་པའི་ངང་ཡང་དང་ཡང་དུ་ས་ཚིགས་དཔོན་པོའི་རྗེས་བཞིན་དེད་དེ་ཞུ་བ་བྱེད་ཀྱིན་འདུག
ང་རང་ཚེ་རིང་འབིག་ལ་འཕྲད་དུས་ཀྱང་ཏག་ཏག་ཁོས་ས་ཚིགས་དཔོན་པོར་ཞུ་བ་བྱེད་ཀྱིན་པའི་སྐབས་རེད། སྐབས་ཐོག་དེར་ངས་ཁོ་རང་ཚེ་རིང་འབིག་ཡིན་པ་ཅི་ལ་ཤེས། ལུས་ལ་རས་ལྭ་གྱོན་པའི་རྒད་པོ་གཟུགས་རིང་ཞིག་གིས་ས་ཚིགས་དཔོན་པོའི་རྗེས་སུ་ཁྱི་བཞིན་དེད་དེ། ཡང་དང་ཡང་དུ། ཨ་ཕ་ལོ་ལོ། ད་ནི་སྐམ་འདུག་པས་ཁྱོད་ཀྱིས་སྡུད་རོགས་གནོང་། ཟེར་ནས་ཞུ་བ་བྱེད་ཀྱིན་འདུག་ཀྱང་། ས་ཚིགས་དཔོན་པོའང་འུ་ཐུག་པ་ལྟར། མི་ཆོག ད་དུང་སྐེམ་དགོས། བལ་རུལ་སོང་ན་ང་རང་བཙོན་ཁང་ལ་འགྲོ་དགོས་པ་རེད། ཅེས་བཤད་དེ་ཁོ་ལ་ཁ་ཡ་མི་བྱེད་པར་ཕར་ཕྱོགས་སུ་བསྙེགས་ནས་བུད་སོང་།
ངོ་མ་སྣ་དུག་གིས་བསྲེག་རྒྱུ་ཞིག་འདུག རྒད་པོས་སྐད་དམའ་མོས་དེ་ལྟར་ཆིག་ལབ་བརྒྱབ་ནས་ཁ་ཕྱིར་འཁོར་མཚམས་ཁ་གཏད་དུ་ཡོད་པའི་ང་མཐོང་བྱུང་ལ། ངས་ཀྱང་དེ་མ་ཐག་ཏུ་ཁོ་རང་ངོས་ཟིན་སོང་། ཁོའི་ལུས་ཀྱི་ཆ་བྱད་རྒད་པོ་ཞིག་དང་འདྲ་བ་མ་གཏོགས་གཞན་དག་ལ་འགྱུར་བ་ཆེན་པོ་བྱུང་མི་འདུག འགྱུར་ལྡོག་ཅིག་བྱུང་ཡོད་པ་ནི་ངོ་གདོང་ནག་པོར་གྱུར་ཅིང་མིག་གཉིས་ཀྱི་འགྲམ་ཟུར་དུ་གཉེར་མ་ཕྲ་མོ་རེ་གཉིས་ཆགས་འདུག་པ་དང་། གདོང་བའི་སྣ་ནི་ད་ལྟ་སྔར་བས་ཀྱང་རིང་ཞིང་གུག་པར་གྱུར་པ་ལྟར་སྣང་བ་དེ་རེད།
ངས་ཀྱང་རེ་ཞིག་ཅི་ཟེར་དགོས་པ་མ་ཤེས་པར་ཕར་སོང་སྟེ་ལག་པ་འཇུ་བཞིན། ཁྱོད་བདེ་མོ། ཁྱོད་ཀྱང་ལུག་བལ་འཚོང་དུ་ཡོང་བ་ཡིན་ནམ། ཞེས་འཚམས་འདྲི་བྱས།
བདེ་མོ་བདེ་མོ། ངས་ཀྱང་ནམ་རྒྱུན་ཁྱོད་ཀྱི་གནས་ཚུལ་འདྲི་བཞིན་བསྡད་པ་ཡིན། ཞེས་བདེན་རྫུན་གང་ཡིན་མི་ཤེས་པའི་སྐད་ཆ་དེ་བཤད་རྗེས། སྐེ་ཕྱིར་དཀྱོགས་ཏེ་ས་ཚིགས་དཔོན་པོའི་རྗེས་ཕྱོགས་སུ་ལྟ་བཞིན། ངོ་མ་མི་ནག་ཅིག་རེད། ངའི་བལ་བསྡུ་ཁ་མི་ཉན་པར་འདུག ཅེས་བཤད་པ་དང་། དེ་ནས་སླར་ཡང་ངའི་གདོང་ལ་བལྟས་ཏེ། ཁེ་དགོང་མོ་བལ་ནང་ལ་ཟིལ་བ་ཞིག་འཐོར་དུ་བཅུག་མོད། ངོ་བཟློག་རྒྱུ་འདིས་ཡང་ལྕིར་ལྟ་ཙམ་གྱིས་ཤེས་ཐལ་ཞེས་ཟེར་བས། འགྲམ་གྱི་འབྲོག་པ་འགས་དེ་ཐོས་ཏེ་དགོད་ཀྱིན་འདུག ཁོས་དེ་ལྟར་བཤད་དུས་ཀྱི་བཟོ་ལྟར་བལྟས་ན། ལུག་བལ་གྱི་ནང་དུ་ཟིལ་བ་རྒྱག་ཏུ་འཇུག་རྒྱུ་ནི་ཁོ་རང་གི་འོས་འགན་ཞིག་ཡིན་པ་དང་། ས་ཚིགས་དཔོན་པོས་དེ་ཚོར་རྟོགས་བྱུང་བ་ནི་དེ་ལས་ལྡོག་སྟེ་སྡིག་ཉེས་ཤིག་ཡིན་པའི་ཚོར་སྣང་བྱིན་འོང་།
ངའི་སེམས་ལ་དགོད་རྒྱུ་ཞིག་བྱུང་སོང་། སེམས་ལ། ལྟས་ངན་འདིར་འགྱུར་ལྡོག་ཅི་ཡང་བྱུང་མི་འདུག ཐ་ན་སློབ་གྲྭའི་ནང་གི་སེམས་ངན་སྤྱོད་ངན་གྱི་བྱ་སྤྱོད་དག་ཀྱང་ད་དུང་རྒྱུན་འཁྱོངས་བྱས་འདུག་ཨང་སྙམ་བཞིན། མི་ཚོགས་ཀྱི་ཁྲོད་ནས་ངན་གཟུགས་བསྟན་ན་མི་ལེགས་པས། ཁོ་རང་ཁྲིད་ནས་མི་ཚོགས་དེ་དག་གི་མཐར་བུད་པ་ན། ད་སྔོན་གྱི་འབྲོག་པ་དེ་དག་གིས་ད་དུང་ངེད་གཉིས་ཀྱི་རྗེས་ཕྱོགས་སུ་བལྟས་ནས་དགོད་ཀྱིན་འདུག ངས་ཁོ་རང་འགྲམ་གྱི་སྤང་ལྡེབས་ཤིག་ཏུ་སར་ཙོག་ཏུ་བཅུག་ཅིང་། ངའང་འཁྲིས་སུ་བསྡད་ནས་གོ་སྐོན་གྱི་ཚུལ་དུ། བལ་རུལ་སོང་ན་ཁོ་རང་བཙོན་ཁང་དུ་འགྲོ་དགོས་ཟེར་བས། དེ་འདྲ་ཡིན་ན་ངོ་མ་ཁག་མི་འདུག་ཅེས་བཤད།
ཁོས་ས་ཚིགས་དཔོན་པོ་བཙོན་ཁང་དུ་འགྲོ་མིན་ལ་སེམས་ཁུར་ཅི་ཡང་མི་བྱེད་པར་འདུག སྣ་དགོད་ཅིག་བྱས་ནས་མུ་མཐུད་དུ་ཁོ་ལ་སྡིགས་མོ་བྱས་སོང་། ངོ་མ་མི་ནག་ཅིག་རེད། དེ་དུས་ཀྱི་ང་ཚོའི་སློབ་གཙོ་བོང་རྒན་དང་གཅིག་མཚུངས་སུ་འདུག ཁོ་ལ་རྣམ་སྨིན་འཁོར་ངེས་རེད། ཅེས་ཟེར་བ་དང་། དེ་ནས་ངའི་ཕྱོགས་སུ་འཁོར་ཏེ་ད་སོ་མར་ངོ་འཕྲད་པ་བཞིན། ངས་ཀྱང་ཁྱོད་ཀྱི་གནས་ཚུལ་འགའ་རེ་གོ་བྱུང་། རེད་ཡ། ད་ལྟ་ཁྱོད་བདེ་མོ་སྐྱིད་པོ་ཡིན་ནམ། ཞེས་འཚམས་འདྲི་བྱས་བྱུང་།
ཁོས་སློབ་གཙོ་གླེང་བསླངས་པ་དེས་ངས་ཀྱང་སློབ་གཙོ་དང་སློབ་གྲོགས་དབང་འགྲུབ་ཀྱི་གནས་ཚུལ་ཤེས་འདོད་ཅིག་སྐྱེས་ཏེ། དགོད་བཞིན་དུ། ད་ལྟ་འུ་གཉིས་གཅིག་འདྲ་རེད། བདེ་ན་སྐྱིད་ན་འདི་འདྲ་རེད། ཁྱོད་ཀྱིས་སློབ་གཙོ་དང་དབང་འགྲུབ་ཀྱི་གནས་ཚུལ་རེ་ཨེ་གོ་ཐལ། གོ་ཐོས་སུ་སློབ་གཙོའང་ད་ལྟ་ངལ་གསོས་ཏེ་སློབ་གཙོ་གསར་བ་ཞིག་ཡོང་འདུག་མི་ཟེར་རམ། ཞེས་དྲིས།
སློབ་གཙོ་བོང་རྒན་ཟེར་རམ། ཚེ་རིང་འབིག་དེ་མུར་སློབ་གཙོའི་གླེང་གཞི་བསླངས་པར་སྤྲོ་བ་བརྟས་བྱུང་བ་བཞིན་དུ་གདོང་ལ་འཛུམ་ཞིག་རྒྱས་ཏེ། ངོ་མ་མི་ནག་ཅིག་རེད། དེ་དུས་དབང་འགྲུབ་དང་ངེད་གཉིས་ཀྱིས་རྒྱུགས་མ་འཕྲོད་པས། ཨ་རོགས། ཁོས་ང་ལ་འཁོན་སེམས་བཅངས་ཡོད་པ་ལྟར་ཁ་མི་གྲགས་པར་འདུག ཐེངས་གཅིག་ལ་འཕྲད་ཀྱང་མ་མཐོང་བ་ལྟར་བྱས་སོང་། དབང་འགྲུབ་ཀྱིས་རྒྱུགས་མ་འཕྲོད་པར་ང་ལ་འབྲེལ་བ་ཅི་ཞིག་ཡོད་དམ། འོ་ན་ངས་ཀྱང་རྒྱུགས་མ་འཕྲོད་པ་མ་རེད་དམ། འོན་ཀྱང་ཁོས་དེ་དག་ཤེས་ཀྱིན་མི་འདུག རྣམ་སྨིན་འཁོར་རྒྱུ་དེ། ཁོ་ལ་དངོས་གནས་རྣམ་སྨིན་འཁོར་བྱུང་། དབང་འགྲུབ་བྲོས་ཏེ་ལྷ་སར་སོང་ནས་ཕྱིར་ཡོང་འདོད་མ་བྱས་པ་རེད་ཟེར། ད་ལྟ་ཁོ་ཡང་ཁྱིམ་མེད་པའི་སྤྲང་བོ་ཞིག་དང་འདྲ་བར་། དགུན་སའི་སྡེ་བ་འགའི་འདབས་ཀྱི་ས་སྟོང་ཞིག་ཏུ་རས་གུར་ཧྲལ་བོ་ཞིག་ཕུབ་སྟེ་གཅིག་པུར་བསྡད་འདུག སྔོན་ཆད་ཀྱི་བརྗིད་ཉམས་དེ་ག་ལ་ཡོད། བལྟས་ན་ཉམས་སྡུག་ཅིང་སེམས་ཅན་གྱིས་སྙིང་རྗེ་བྱ་ཡུལ་དུ་གྱུར་འདུག་མོད། ད་ལྟ་ངས་ཀྱང་སྔོན་ཆད་ཀྱི་ཁོ་བཞིན་ཁོ་རང་མཐོང་ཡང་མ་མཐོང་བ་ལྟར་བྱས་ཏེ་ཁ་ཡ་བྱས་པ་མིན། ཞེས་ཟེར་ནས་ཡིད་ཚིམ་པའི་མ་རབས་ཀྱི་འཛུམ་ཞིག་མངོན་བྱུང་།
ཁོས་དེ་ལྟར་བཤད་དེ་སློབ་གཙོ་ནི་བྱིས་པ་ཚོས་བཤད་ཀྱིན་པའི་ཨ་ཁུ་མི་རྐྱང་ལྟ་བུ་ཞིག་ཏུ་བཏང་སོང་། ཨ་ཁུ་མི་རྐྱང་ཟེར་བ་ནི་ལོ་གཉིས་ཀྱི་སྔོན་དུ་དགུན་ས་འདིར་ཡོང་བ་ཞིག་ཡིན་ཞིང་། གད་པ་སུམ་མདོའི་གྲམ་གཞུང་གི་གཞུང་ལམ་དང་ཐག་མི་རིང་བའི་སར་དབྱར་དགུན་སྟོན་དཔྱིད་མེད་པར་རས་གུར་རྟ་སྒ་མ་སྔོན་པོ་འགྱེལ་མ་ལོག་ཅིག་ཕུབ་ཡོད་པ་དེ་ཡིན་སྐད་ལ། ཁོ་རང་གཅིག་པུས་དེའི་ནང་དུ་འབྲོག་པ་ཚོར་མཁོ་བའི་ཚོང་རྫས་རྩག་རྩིག་བཙོང་གིན་ཡོད་སྐད། མཐའ་འཁོར་གྱི་བྱིས་པ་ཚོ་ནམ་རྒྱུན་དེའི་ནང་དུ་འགྲོ་བཞིན་ཡོད་མོད། ཁོའི་ཚོང་ཁང་ནང་དུ་ཚོང་རྫས་མང་པོ་མི་འདུག་པས་འགྲུལ་པ་ཡོང་མཁན་མི་འདུག་ཟེར། དེའི་རྐྱེན་གྱིས་ང་ནི་ཐེངས་གཅིག་ལའང་ཁོའི་ཚོང་ཁང་དུ་འགྲོ་མ་མྱོང་།
ང་རང་ཚེ་རིང་འབིག་གིས་བཤད་པའི་ཉོག་བཤད་དེ་དག་ལ་ཡིད་ག་ལ་ཆེས། ཐ་ན་ཁོས་བཤད་ཀྱིན་པའི་སྐད་ཆ་དེ་དག་གི་ནང་དོན་ཡང་མི་གོ་བར་འདུག ངས་གོ་བ་ནི་ད་ལྟ་ཁོའི་ཁ་ཚུགས་དེ་སྔོན་ཆད་དང་མི་འདྲ་བར་གཏན་ནས་འགྱུར་འདུག་པ་སྟེ། སྐད་ཆ་རེ་རེའི་ཁྲོད་དུ་སྣ་དུག་གིས་བསྲེགས་རྒྱུ་དང་། མི་ནག་ཅིག་རེད། རྣམ་སྨིན་འཁོར་རྒྱུ་དེ། ངོ་བཟློག་རྒྱུ་དེ་སོགས་སྔོན་ཆད་སློབ་དེབ་སྟེང་དུ་མེད་པ་དང་སློབ་གྲྭའི་ནང་དུ་མ་གྲགས་པའི་དམོད་མོ་བྱེད་པའི་ཚིག་དང་ཐ་སྙད་ཀྱིས་གང་འདུག་པ་དེ་དག་རེད། དེ་བས་ངའི་སྣང་ངོར་ཁོ་རང་སྔོན་ཆད་ལས་ཀྱང་ཁོས་བཤད་ཀྱིན་པའི“མི་ནག”ཅིག་ཏུ་གྱུར་ཡོད་པའི་སྣང་བ་སྐྱེས།
ཁོས་བཤད་པའི་སྐད་ཆ་དག་ཧ་ཅང་རྣར་མི་སྙན་པར་འདུག་པས། ངས་ད་སྔོན་ཁོ་ལ་སློབ་གཙོའི་གནས་ཚུལ་དྲིས་པར་འགྱོད་པ་སྐྱེས་བཞིན། དབང་འགྲུབ་དོན་མེད་དུ་ལྷ་སར་འབྲོ་དོན་ཅི་ཡོད་དམ། དོན་ངོ་མར་དབང་འགྲུབ་ལྷ་སར་སོང་ཡང་། ཁོ་ལ་ད་དུང་ཆུང་མ་དང་བུ་ཆུང་བ་ཀུན་དགའ་ཡོད་པ་མ་རེད་དམ། ཞེས་བཤད་དེ་ཁོས་སྐད་ཆ་དེ་དགག་དགོས་བྱུང་།
ཧེ་ཧེ། ཁྱོད་ཀྱིས་ཅི་ཡང་ཤེས་ཀྱིན་མི་འདུག ཁོ་ལ་སྔར་བས་ཀྱང་སློབ་གཙོ་གླེང་བའི་སྤྲོ་བ་རྒྱས་པར་གྱུར་སོང་། ངོ་མ་བཤད་ན། སྔོན་ཆད་ཁོ་རང་སློབ་གཙོ་ཡིན་དུས་ཁོའི་གནས་ཚུལ་ཤེས་མཁན་གཅིག་ཀྱང་མི་འདུག་མོད། ད་ལྟ་ཁོ་རང་ཁྱི་ལྡོམ་བཞིན་སྡེ་མཐར་ཡོད་དུས། ཁོའི་གནས་ཚུལ་བཤད་ན་གཅིག་ལས་གཅིག་ལ་གསལ་ཆ་འདུག དེ་དུས་ང་ཚོས་ཀྱང་མ་ཤེས་པ་རེད། ཀུན་དགའ་ནི་ཁོའི་བུ་ངོ་མ་མ་རེད་ཟེར། ཀུན་དགའ་ནི་ཁོའི་ཆུང་མ་རྗེས་མའི་རྗེས་ཁྲིད་རེད་ཟེར། དེ་དུས་ང་ཚོ་ལོ་ཆུང་བས་དེ་དག་ག་ལ་ཤེས། ད་ལྟ་ཀུན་དགས་གྲོང་ཁྱེར་དུ་བྱ་བ་སྒྲུབ་ཀྱིན་ཡོད་པས། ཁོས་སློབ་གཙོ་བོང་རྒན་ཁྱི་རྒན་མཚེར་ཤུལ་ནས་བསྐྱུར་བསྐྱུར་བྱས་ཏེ། རང་ཉིད་ཀྱི་མ་རྒན་ཁྲིད་ནས་གྲོང་ཁྱེར་དུ་སོང་བ་རེད་ཟེར། ངས་ཁྱོད་ལ་རྫུན་གཏམ་པ་མིན། མི་ཟོག་འདིའི་སྐྱེ་བ་ལེན་ནོ། ཞེས་ཡར་སྔོན་གྱི་དམོད་མོ་དག་ལས་ཀྱང་ཧ་མི་གོ་བའི་མནའ་ཞིག་བསྐྱལ་སོང་།
ང་རང་ཧ་ལས་པར་གྱུར་སོང་། ང་ནི་ཁོས་ཧ་མི་གོ་བའི་མནའ་དེ་བསྐྱལ་བར་ཧ་ལས་པ་མ་ཡིན་པར། ཁོས་ཀྱང་སློབ་གཙོ་ཚང་གི་གསང་བ་དེ་ཤེས་ཡོད་པར་མ་ཟད། ད་དུང་ཁོ་ལས་ལྷག་པའི་མི་མང་པོ་ཞིག་གིས་ཤེས་འདུག་པ་དང་། རྒྱལ་ཁམས་ཀྱི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་ཟེར་བ་ཅི་འདྲའི་བདེན་ཨང་སྙམ་ནས་ཧ་ལས་པ་ཡིན། གང་ལྟར་ཁོས་བཤད་ཀྱིན་པ་དག་ལ་སྔོན་ནས་རློམ་རྒྱུ་མེད་པ་སེམས་སུ་གསལ་ཡང་། ངས་མུ་མཐུད་དུ་ཁོ་ལ་ཚིག་འགའ་འདྲི་སྙམ་པའི་སྐབས་དེར། གློ་བུར་བའི་འབྲུག་སྒྲ་དྲག་པོ་ཞིག་མགོ་ཐོག་གི་བར་སྣང་ནས་ཆེམ་ཆེམ་དུ་གྲགས་ཤིང་རྒྱུན་མ་ཆད་པར་རིམ་བཞིན་འདབས་རོལ་ཞིག་ཏུ་ཡལ་སོང་བས། ཚང་མས་མགོ་བོ་དགྱེ་ནས་གནམ་ལ་ལྟ་དགོས་བྱུང་། ཨ་ཙི་ཙི། ལུག་བལ་གྱི་ཁ་འཁྱིལ་ཚོམ་བུ་བར་སྣང་ནས་བསྣར་ཐོན་པ་ལྟ་བུའི་ཆར་ཤ་སྐྱ་ལོང་བ་ཞིག་གོང་རོལ་གྱི་རི་འདབས་སུ་ཐོན་འདུག་ཅིང་། རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་མྱུར་བ་མྱུར་དུ་ཚུར་ཡོང་རྒྱུ་ཡིན་པར་སྣང་བས། མི་རྣམས་དེ་མ་ཐག་ཕྱོགས་ཕྱོགས་ནས་བྲེལ་ཟིང་ལངས་ཏེ་ཉི་མར་ལྡེ་ཡོད་པའི་ལུག་བལ་དག་ཕྱོགས་གཅིག་ཏུ་བསྡུ་བ་དང་། བལ་དོས་བརྩིགས་ཡོད་པ་དག་གི་སྟེང་དུ་ཆུ་ཤོག་གིས་གཅུད་པ་སོགས་ལ་བྲེལ་བྱུང་བས། ཚེ་རིང་འབིག་དང་ངེད་གཉིས་ཀའང་རྟབ་རྟབ་པོའི་ངང་མྱུར་དུ་ཡར་ལངས་ཏེ་རང་རང་གི་བལ་དོས་ལ་བདག་བྱེད་དུ་བརྒྱུགས་པ་ཡིན།
ཕྱི་དྲོའི་དུས་སུ། ཚེ་རིང་འབིག་གིས་ད་དུང་བལ་དོས་འགའ་བཤིག་སྟེ་ཉི་མར་སྐེམ་གྱིན་འདུག་ལ། ང་དང་རི་སྐོར་གྱི་ཁྱིམ་ཚང་དག་གི་བལ་དོས་སྔོན་ལ་བཙོངས་ཟིན་པས། གྲལ་བསྒྲིགས་ནས་རྩིས་གཉེར་བ་ལ་རྩིས་རྒྱག་ཏུ་འཇུག་པ་དང་། དེ་ནས་དངུལ་ཁང་དུ་ཕྱིན་ནས་གྲལ་བསྒྲིགས་ཏེ་དེ་ཐོབ་ཀྱི་དངུལ་ལེན་པ། དེ་ནས་ཉེ་འཁོར་གྱི་ཚོང་ཁང་དག་ཏུ་ཉུལ་ཏེ་ཁྱིམ་ནང་དུ་མཁོ་བའི་དངོས་པོ་རྩག་རྩིག་ཉོ་བ་སོགས་ལ་བྲེལ་ཏེ། ངེད་གཉིས་ཀྱིས་མུ་མཐུད་དུ་ཁ་བརྡ་བྱེད་ཁོམ་མ་བྱུང་།
ཡིན་ནའང་ཚེ་རིང་འབིག་ལ་ཐེངས་གཅིག་འཕྲད་པའི་ཁ་བརྡ་དེས་ངའི་སེམས་ཧ་ཅང་མི་སྐྱིད་པར་བྱས་སོང་། ངས་ནམ་རྒྱུན་སྐད་ཆ་དེ་དག་ཡིད་དུ་དྲན་ཐེངས་རེར་སློབ་གཙོ་ཁོང་ངའི་མིག་མདུན་དུ་ཀྲོང་ངེར་འགྲེང་ཡོད་པ་ལྟར་སྣང་ལ། བརྗིད་ཉམས་ལྡན་པའི་ལུས་གཟུགས་དང་། གང་དུ་བལྟས་ཡོད་པའང་མི་ཤེས་པའི་མིག་ཤེལ་ནག་པོ། ཁོའི་ལུས་ཀྱི་བརྗིད་ཉམས་དང་མཚུངས་པའི་སྐད་གདངས་ལྡིར་བོ། དྲོད་ཅིང་ཤེད་ཤུགས་ཀྱིས་ཁེངས་པའི་ལག་པ་བཅས་མངོན་སུམ་དུ་མཐོང་ཞིང་ཐོས་ཐུབ་ལ་ཉམས་སུ་མྱོང་ནུས་པ་དང་འདྲ་བས། ངས་ད་ལྟའི་ཁོང་གི་གནས་ཚུལ་དེ་ཅི་འདྲ་བ་ཞིག་ཡིན་པ་དང་། ཁོང་དང་དབང་འགྲུབ་གཉིས་ཀྱི་འབྲེལ་བ་ཅི་འདྲ་བ་ཞིག་ཡིན་པ་རྟོགས་འདོད་སྐྱེས་འོང་།
ལོ་དེའི་དགུན་ཁའི་གྲང་ངར་ནི་སྔར་ལོ་དག་ལས་ལྷག་པར་ཆེ་འདུག་ལ། དེའི་ཁར་དགུན་གཞུང་དུ་ཁ་བ་ཆེན་པོ་ཞིག་བབས་པས་ཕྱུགས་ཟོག་གིས་རྩྭ་རེག་མི་ཐུབ་པས་ཤི་གོད་ཆེན་པོ་བྱུང་སོང་། དེ་བས་གོང་རིམ་ནས་གཟན་རྩྭ་དང་གཟན་ཆས་བསྐྱལ་ཡོང་སྟེ་ཡུལ་ཚོའི་སློབ་གྲྭའི་ཁ་གཏད་ཀྱི་ལུས་རྩལ་ར་བའི་ནང་དུ་བརྩིགས་ཏེ་སྡེ་བ་སོ་སོར་བགོ་འགྲེམ་བྱེད་ཅིང་། སྡེ་བ་སོ་སོའི་ཁྱིམ་མི་དག་གིས་ལག་སྐྱོར་འཁོར་ལོ་བསྐོར་བའམ་ཁལ་གཡག་དེད་དེ་ལེན་དུ་འགྲོ་དགོས། ང་ཚོ་སྡེ་བའི་གཟན་ཆས་དེ་ཉིན་གཅིག་ལ་མ་ཐོན་པས། ང་ཚོ་གཟན་ཆས་ལེན་དུ་ཡོང་མཁན་དག་སེམས་འཚིགས་ཏེ། ལ་ལ་མར་ཞོལ་གྱི་ཚོང་ཁང་ནང་དུ་ཉུལ་བའམ། ལ་ལ་ཡུལ་ཚོའི་སྲིད་གཞུང་གི་མཐའ་འཁོར་དུ་ཉུལ་ཏེ་རྐང་བས་ཐང་ལ་རྡེབ་བཞིན་ངང་སྒུག་བྱ་དགོས་བྱུང་། ཉིན་དེར་ངས་དེ་སྔོན་གྱི་ང་ཚོའི་སློབ་གཙོའི་གནས་ཚུལ་རྩར་གཅོད་ཅིག་བྱེད་སྙམ་སྟེ། ཁ་གཏད་དུ་ཡོད་པའི་སློབ་གྲྭའི་སྒོ་ཆེན་ཁར་སོང་བ་ཡིན།
ལུས་ལ་ཕྱི་གཡོགས་ལྗང་ཁུ་ཅན་གྱི་པགས་པའི་ཤམ་རིང་གྱོན་པའི་སྒོ་སྲུང་བ་དེ་མྱུར་མོར་སྒོར་ཐོན་ཡོང་སྟེ། ཁ་རླངས་ཐུལ་ཐུལ་དུ་། ཁྱོད་ནི་སློབ་མར་བསྐོར་རྒྱག་ཏུ་ཡོང་མཁན་ཡིན་ནམ། སློབ་མ་ཚོ་ཉིན་གུང་མ་གཏོགས་གྲོལ་བ་མ་རེད་ཟེར།
ངས་དེ་མུར་གུས་ཚུལ་ཞིག་བསྟན་ཏེ། མིན་མིན། ང་ལ་སློབ་མ་མེད། སློབ་གཙོXXད་ལྟ་འདི་གར་ཡོད་པ་ཨེ་རེད་ཅེས་དྲིས།
སྒོ་སྲུང་བས་མིག་གནམ་ལ་བསྐོར་ཏེ་ཅུང་ཙམ་ལ་འདང་ཞིག་བརྒྱབ་རྗེས། དེ་མ་ཐག་ཏུ་ངའི་སྐད་ཆའི་ཧ་གོ་བར་གྱུར་ཏེ། འོ། ཁྱོད་ཀྱིས་སློབ་གཙོ་སྔོན་མ་དེ་ཟེར་རམ། ཁོ་རང་སྔོན་ཞིག་ནས་ལས་འཁྱུར་ངལ་གསོ་བྱས་ཟིན་པ་རེད་ཟེར།
ངས་ཀྱང་ཁོའི་སྐད་ཆར་བསྟུན་ནས་གོམ་གང་མདུན་སྤོས་ངང་། རེད་རེད། ལས་འཁྱུར་ངལ་གསོ་བྱས་ཟིན་པ་རེད། ཁོ་ད་ལྟ་འདི་གར་ཡོད་པ་རེད་དམ་རྫོང་མཁར་དུ་ཡོད་པ་རེད། ང་ནི་ཁོའི་སློབ་མ་ཞིག་ཡིན་ཞེས་བཤད།
ང་ཁོང་གི་སློབ་མ་ཞིག་ཡིན་ཟེར་བ་དེ་སྒོ་སྲུང་བའི་རྣར་མ་སོང་བ་འདྲ། ངའི་ལུས་ཀྱི་ཆས་གོས་ལ་ཞིབ་ལྟ་ཞིག་བྱས་རྗེས། དགོད་བཞིན་དུ། དེ་ངས་ཀྱང་མ་ཤེས། ང་ནང་དུ་འགྲོ་ལ་འདྲི་དང་། ཤེས་མཁན་ཡོད་ནའང་ཐང་། ཟེར་ནས་ཕྱིར་ཁང་བའི་ནང་དུ་བུད་སོང་།
ཁོའི་བཤད་ཚུལ་ལ་བལྟས་ན། ཁང་བའི་ནང་དུ་ད་དུང་བློ་འདྲི་ཆོག་པའི་མི་འགའ་ཡོད་པར་སྣང་། ཅུང་མ་འགོར་བར་སྒོ་སྲུང་བ་ཕྱིར་ཡོང་སྟེ་ལག་པ་གྲང་སྟེ་ཕུར་ཕུར་བྱེད་བཞིན། རྫོང་མཁར་ན་ཡོད་པ་མ་རེད། གད་པ་སུམ་མདོ་ན་ཚོང་རྒྱག་གིན་ཡོད་ཟེར། ཞེས་བཤད་བྱུང་།
ངའི་ཁ་ནས་རང་དབང་མེད་པར། ཨ་ཁུ་མི་རྐྱང་ཟེར་བ་དེ་མ་རེད་དམ། ཞེས་ཤོར་སོང་ལ། དེ་མུར་རང་ཉིད་ཀྱིས་བཤད་ཉེས་ཤོར་བ་རྟོགས་ཏེ། རྟབ་རྟབ་པོའི་ངང་ཁོ་ལ་བཀའ་དྲིན་ཞུས་ཏེ་དེ་ག་དང་གྱེས་དགོས་བྱུང་། དེ་ག་དང་གྱེས་ནས་ཀྱང་ངའི་སེམས་བློང་བློང་བོར་གྱུར་ཏེ་རེ་ཞིག་ཅི་བྱ་མེད་པར་གྱུར། ཁོ་ནི་དངོས་གནས་བྱིས་པ་ཚོས་བཤད་ཀྱིན་པའི་ཨ་ཁུ་མི་རྐྱང་ཟེར་བ་དེ་ཡིན་ནམ། དེ་མ་གཏོགས་གད་པ་སུམ་མདོའི་གོང་འོག་ཏུ་ཚོང་ཁང་ཞེས་པའི་མིང་ཙམ་ཡང་མེད་པ་མ་ཡིན་ནམ་སྙམ་པ་དང་། ཡང་བསྐྱར་ཉིན་དེར་ཚེ་རིང་འབིག་གིས་བཤད་པའི་སྐད་ཆ་སྟེ། ད་ལྟ་ཁོ་ནི་ཁྱིམ་མེད་པའི་སྤྲང་བོ་ཞིག་དང་འདྲ་བར། དགུན་སའི་སྡེ་བ་འགའི་འདབས་ཀྱི་ས་སྟོང་ཞིག་ཏུ་རས་གུར་ཧྲལ་བོ་ཞིག་ཕུབ་སྟེ་གཅིག་པུར་བསྡད་འདུག ཟེར་བ་དེ་ཡིད་ངོར་དྲན་བྱུང་། དེས་ན་ད་ལྟ་ཁོ་དངོས་གནས་ཚེ་རིང་འབིག་གིས་བཤད་པ་ལྟར། ཉེ་མི་དག་གིས་ཁྱི་རྒན་མཚེར་ཤུལ་ནས་བསྐྱུར་བསྐྱུར་བྱས་ཏེ། དེ་འདྲའི་ཁེར་ཧྲེང་དང་ཉམས་སྡུག་ངང་ལུས་ཡོད་པ་ཡིན་འདུག་ཨང་།
ཕྱིར་ཁྱིམ་དུ་ལོག་པ་ནས་བཟུང་ངའི་སེམས་རྣལ་དུ་འབབ་མི་ཐུབ་པར་འདུག ཡང་དང་ཡང་དུ་བསམ་བློ་བཏང་ནའང་། མཇུག་འབྲས་ནི་གཅིག་ལས་མི་འདུག་པ་སྟེ། གད་པ་སུམ་མདོར་འཕྲུལ་རྟའི་ཆུ་ཚོད་ཕྱེད་ཙམ་གྱི་ལམ་ཐག་ལས་མེད་པས། རང་ཉིད་དངོས་སུ་སོང་སྟེ་ཨ་ཁུ་མི་རྐྱང་ཟེར་བ་དང་ཁོ་གཉིས་མི་གཅིག་ཡིན་མིན་ལ་བལྟས་ན་ད་གཟོད་གསལ་ཁ་འབྱེད་ཐུབ་པ་དེ་རེད། དེ་བས་ཉིན་ཞིག་ངས་ཁོམ་སྐབས་དང་བསྟུན་ཏེ། ཁོ་ལ་འབུལ་རྒྱུའི་འོ་མ་ཤེལ་དམ་དོ་རུམ་དུ་བཅུག་ཅིང་། འཕྲུལ་རྟར་ཞོན་ནས་གད་པ་སུམ་མདོར་ཕྱིན་པ་ཡིན།
ང་རང་ཉིན་གུང་གི་དུས་སུ་ལམ་དུ་ཆས་པ་ཡིན། གད་པ་སུམ་མདོ་ཟེར་བ་དེ་ང་ཚོའི་སྡེ་བའི་ལྷོ་འདབས་ཀྱི་གཞུང་ཆུའི་གྲམ་གཞུང་གི་ཕར་མཐའ་ཡིན་ཞིང་། དཔྱིད་དུས་སྨད་རུ་སྟོད་དུ་སྤོ་བ་དང་སྟོན་དུས་སྟོད་རུ་ཤོད་དུ་སྤོ་བའི་སྐྱས་ལམ་དུ་གྱུར་པའི་སྡེ་བ་སོ་སོའི་སྤྱི་སའང་ཡིན། གད་པ་སུམ་མདོ་ཟེར་དོན་ཡང་དེ་གར་གད་པ་ནག་རོག་གེ་འགའ་ཡོད་པའི་རྐྱེན་གྱིས་ཡིན་ནམ། ཡང་ན་ཐང་ཡངས་པ་གསུམ་གྱི་དཀྱིལ་དབུས་ཡིན་པས་དེ་ལྟར་བཏགས་པ་མི་གསལ་མོད། གང་ལྟར་དགུན་དཔྱིད་ཀྱི་ཞོགས་དུས་སུ་ལྷགས་ངར་གྱིས་ཤུ་སྒྲ་བཏོན་ཡོང་བས། འབྲི་དྲུས་མ་ཡིན་ཡང་ལྷས་ནས་འབུད་མི་ནུས་ཟེར་སྲོལ་ཡོད། ལྷག་པར་དུ་ད་ལྟ་རི་ལ་ཐང་ཀུན་གྱི་ཁ་བ་ད་དུང་ཞུ་ཐག་ཆོད་མེད་པས། བསེར་བུའི་གྲང་རེག་དེ་ས་ངོས་དང་རྩི་ཤིང་ལ་བསྟིམས་མ་ནུས་པར་ཆབ་རོམ་གྱི་གཟུགས་སུ་གྱུར་བའི་ཁ་བའི་སྟེང་ནས་ལྡང་ཡོང་བ་ན། ལྕག་ཚན་གྱིས་གཞུ་བ་ལྟར་ངོ་གདོང་ཚ་ལམ་ལམ་བྱེད། ཡིན་ནའང་ད་ལྟ་ངའི་སེམས་ཁྲལ་བྱེད་པ་ནི་གྲང་ངར་ཆེ་བ་དེ་མ་ཡིན་པར། སློབ་གཙོ་དང་འཕྲད་ཚེ་ངས་སྐད་ཆ་ཅི་ཞིག་བཤད་རྒྱུ་དེ་རེད། སེང་གེ་གངས་དང་བྲལ་ན་ཁྱི་རྒན་རྔ་ནར་ཟེར་བ་ལྟར། ངའི་སེམས་ནས་མཐོན་པོར་བཞེངས་པའི་མི་ཆེན་ཞིག་ད་ལྟ་གློ་བུར་དུ་སྤྲང་བོ་ཉམ་ཐག་ཅིག་ཏུ་གྱུར་ན་ངས་ཅི་ཞིག་བཤད་དགོས། ཐ་ན་ངས་ཁྱོད་བདེ་མོ་ཡིན་ནམ་ཡང་ཟེར་མི་འོས་པ་འདྲ། དེས་ན་ཁོ་ལ་ཇི་ལྟར་འཚམས་འདྲི་བྱས་ན་འགྲིག ངས་གཏན་ནས་མི་ཤེས་པར་འདུག ཐ་ན་དེ་རིང་ང་རང་ཁོང་གི་གམ་དུ་འགྲོ་དོན་ཅི་ཡིན་པའང་མི་རྟོགས་པར་འདུག ལོ་དུ་མའི་སྔོན་དུ་ཁོང་གིས་སྙིང་བརྩེ་བས་ངའི་མགོ་ལ་བྱིལ་བྱིལ་ཐེངས་གཅིག་བྱས་པ་དེས་ཡིན་ནམ། ཡང་ན་ནུབ་ཁའི་ཉི་ཟེར་ཀློང་ནས་ཁོང་གིས་ང་རང་གྲོགས་པོ་ཞིག་ཏུ་བརྩིས་ནས་ལག་འཇུ་ཐེངས་གཅིག་བྱས་པ་དེས་ཡིན་ནམ།
གད་པ་སུམ་མདོའི་མར་ཞོལ་གྱི་གཞུང་ལམ་ཁར་སླེབས་པ་ན། ཨ་ཁུ་མི་རྐྱང་གི་རས་གུར་རྟ་སྒ་མ་སྔོན་པོ་འགྱེལ་མ་ལངས་དེ་ཐག་མི་རིང་སར་གསལ་བོར་མཐོང་ཐུབ། རས་གུར་གྱི་ཀླད་དུ་མེ་སྦུད་པའི་དུ་བ་ཙམ་ཡང་མཐོང་རྒྱུ་མི་འདུག་པས། རྒྱང་ནས་བལྟས་ན་འཆི་ལ་ཉེ་བའི་ཚེ་སྲོག་ཤུགས་ཟད་ཅིག་ས་ནས་ཡར་ལངས་མ་ནུས་པར་བསྐུམས་ཉལ་གྱིས་འཆི་བདག་ལ་སྒུག་སྡོད་པ་ལྟར་གསོན་ཤུགས་ཅི་ཡང་མི་འདུག་ལ། མཐའ་འཁོར་ཡོངས་རྫོགས་སུ་བྱ་བྱིའུ་ཡི་ཅ་ཅོ་ཡང་མེད་པ་ལྟར་སྟོང་ལྷང་ངེར་འདུག་པས་མི་སེམས་ལ་རང་དབང་མེད་པར་སྐྱོ་སྣང་ཞིག་གིས་ཁེངས་པར་བྱེད། བར་དེར་ང་རང་འཕྲུལ་རྟ་ལས་བབས་ཏེ་ངལ་གསོ་ཞིག་བྱ་དགོས་བྱུང་། ངས་སེམས་གཏིང་ནས་ཨ་ཁུ་མི་རྐྱང་ཟེར་བ་དེ་སློབ་གཙོ་མིན་པའི་སྨོན་ལམ་བཏབ། མི་གཞན་ཞིག་ཡིན་པའི་རེ་བ་བྱས།
ང་རང་གཞུང་ལམ་ལས་བུད་དེ་དལ་དལ་ངང་རས་གུར་གྱི་ཉེ་སར་སླེབས་པའི་སྐབས་སུ། སེམས་འཚབ་སྟེ་ཨེན་ཙམ་གྱིས་འཕྲུལ་རྟའང་སར་འགྱེལ་སོང་། ངས་ཨུ་ཚུགས་ངང་འཕྲུལ་རྟ་བསྐོར་ཏེ་རས་གུར་འགྱེལ་མ་ལངས་དེའི་སྒོ་འགྲམ་དུ་ཐོན་པར་བྱས་ཀྱང་། རས་གུར་གྱི་ནང་དུ་མི་མེད་པ་ལྟར་སྒོར་ཡོང་མཁན་མི་འདུག ང་རང་འཕྲུལ་རྟའི་གོང་ནས་བབས་ཏེ་དུང་བརྡ་ལན་འགར་གྲག་ཏུ་བཅུག་པ་ན། གཞི་ནས་བགྲེས་སོང་ཞིག་སྒུར་སྒུར་ངང་སྒོ་ནང་ནས་ཕྱི་རུ་འཛུལ་ཐོན་བྱུང་།
ཁོའི་མགོ་ལ་སློབ་དེབ་ངོས་ཀྱི་ལའེ་ཧྥིན་གྱི་ཞྭ་མོ་ཟེར་བའི་དགུན་ཞྭ་རྣ་རིང་དེ་གོན་ཡོད་པ་དང་། ལུས་ལ་མདོག་ཤོར་བའི་དགུན་ལྭ་བར་འཚང་ཅན་སྔོན་པོ་ཆ་ཚང་ཞིག་གོན་འདུག་པར་མ་ཟད། གཉེར་མ་ཆགས་པའི་ཁ་འགྲམ་ཀུན་ཏུ་སྨྲ་ར་དཀར་པོ་ཐར་ཐོར་ཞིག་སྐྱེས་ཏེ་འདུག་མོད། ཡིན་ནའང་གདོང་བའི་སྟེང་དུ་སྔར་བཞིན་མིག་གིས་གང་དུ་བལྟས་ཡོད་པའང་མི་ཤེས་པའི་མིག་ཤེལ་ནག་པོ་དེ་བསྐྱོན་འདུག་པས། ངས་བལྟས་མ་ཐག་ཏུ་དེ་སྔའི་ངའི་སློབ་གཙོ་ཡིན་པ་ངོས་ཟིན་སོང་། ཁོའི་སྔོན་ཆད་ཀྱི་བརྗིད་ཉམས་ལྡན་པའི་ལུས་པོ་དེ་ད་ནི་ཟུངས་ཤོར་ཏེ་ཉམས་ཞན་དུ་གྱུར་ཡོད་པར་མ་ཟད། སྐུ་གཟུགས་ཀྱང་ཅུང་སྒུར་ཏེ་ཐུང་ངུར་གྱུར་ཡོད་པ་ལྟར་སྣང་ལ། སྔོན་ཆད་ཀྱི་བཀྲག་མདངས་འཚེར་བའི་ངོ་གདོང་དེའང་ད་ནི་སད་ཀྱིས་བཅོམ་པའམ་ཐན་པས་གཟིར་བའི་མྱ་ངམ་ཐང་ལྟར་སྐྱ་གོག་གོག་ཏུ་གྱུར་འདུག ང་རང་ཧ་ལས་པར་གྱུར་སོང་། འདི་ནི་སྔོན་ཆད་ཀྱི་ངའི་སློབ་གཙོ་རེད་ཨང་། ད་ལྟ་ཁོང་རྒས་ཏེ་ཚད་འདི་འདྲ་ཞིག་ཏུ་ལྷུང་སོང་ངམ། ངའི་གྲེ་བའི་ཕུག་གམ་སྣ་ཁུང་གི་ཕུ་རུ་གློ་བུར་བའི་སྐྱུར་ཤ་ཞིག་ལངས་ཤིང་། དེ་མ་ཐག་ཏུ་ངུ་སྙིང་སྐྱེས་བྱུང་།
ངས་ཁོ་ལ་ཞིབ་ལྟ་བྱེད་པའི་སྐབས་དང་བསྟུན་ནས། ཁོང་གིས་ཀྱང་ང་ལ་ཞིབ་ལྟ་བྱེད་ཀྱིན་འདུག་སྟེ། དེ་ནི་ངའི་གདོང་གི་ཆ་ཤས་དང་རྣམ་འགྱུར་གང་རུང་ཞིག་ནས་ཁོང་ལ་གསལ་ཆ་ཡོད་པའི་ཁྱད་རྟགས་ཤིག་ཨེ་རྙེད་ལ་འབད་པ་དང་མཚུངས། མཇུག་མཐར་ངའི་བྱད་བཞིན་དང་རྣམ་འགྱུར་ལས་ཁོས་ཅི་ཞིག་ཀྱང་མ་རྙེད་པ་འདྲ། ཁྱོད་ནི་ཞེས་དྲི་བ་བཏོན་བྱུང་།
སློབ་གཙོ་ལགས། ང་རང་དབང་འགྲུབ་ཀྱི་སློབ་གྲོགས་དེ་ཡིན། ང་དེ་མ་ཐག་ཏུ་ཕར་བཅར་ཏེ་ཁོའི་སྲིང་བལ་གྱི་ལག་ཤུབས་དཀར་པོ་རྙིང་བ་གྱོན་པའི་ལག་པར་འཇུས་ཏེ། སེམས་ཀྱི་བརྩེ་དུང་གནོན་མ་ཐུབ་པར། ང་ཁྱོད་ལ་ལྟ་རུ་ཡོང་བ་ཡིན། ཞེས་བཤད།
སློབ་གཙོའང་ང་ཁོ་ལ་ལྟ་རུ་ཡོང་བ་ཡིན་པ་ཐོས་པས་ཧ་ཅང་དགའ་བྱུང་། དེ་མ་ཐག་ཁོ་རང་རྒས་ཏེ་ང་རང་ངོ་མ་ཤེས་པ་དེ་གསང་ནས། ཨ་ཧ། ཁྱོད་རེད་མོ། ངས་ད་དུང་ཚོང་རྒྱག་ཏུ་ཡོང་མཁན་ཞིག་རེད་སྙམ། ཁྱོད་ཅི་ལ་མི་ཤེས། འགྲོ་འགྲོ ཟེར་ནས་ཁོ་རང་གིས་ཚོང་ཁང་ནང་དུ་བསུས་སོང་མོད། མིག་གིས་སྔ་གཞུག་ཀུན་ཏུ་ང་ལ་གཟབ་ལྟ་བྱེད་པར་བལྟས་ན། ད་དུང་ཡང་ང་རང་སུ་ཡིན་པར་གསལ་ཐག་ཆོད་ཀྱིན་མེད་པ་འདྲ།
ང་རང་རས་གུར་འགྱེལ་མ་ལངས་དེའི་ནང་དུ་འཛུལ་བ་ན། སེམས་ནང་འཁྱག་ཤུར་ཤུར་དུ་གྱུར་སོང་། འདི་ལ་ཚོང་ཁང་ཟེར་རུང་ངམ། རས་གུར་གྱི་ནང་དུ་མངར་ཟས་ཀྱི་རིགས་ཉུང་ཤས་ཤིག་དང་རྒྱུན་སྤྱོད་དངོས་རྫས། བྱིས་པའི་རྩེད་ཆས་སོགས་བཤམས་པའི་ཤོག་སྒམ་འགའ་ཤོས་ཤིག་ལས་ཅི་ཡང་མི་འདུག་ཅིང་། དེའི་མར་གཤམ་དུ་མི་གཅིག་ཉལ་སའི་མལ་ཁྲི་ཞིག་དང་། ལྕགས་ཐབ་གཅིག འདུག་སྟེགས་ཆུང་བ་གཅིག་བཅས་འདུག་ཅིང་། མར་ཕུག་ཏུ་ཅོག་ཙེ་ཞིག་ཡོད་པའི་སྟེང་དུ་དཀར་ཡོལ་དང་ཤེལ་ཕོར་འགའ། ཇ་དེམ་གཅིག ད་དུང་ཚོད་མ་རྔོད་བྱེད་ཀྱི་བྲོ་སྨན་སྐོར་ཞིག་བཞག་འདུག་ལ། ཅོག་ཙེའི་འོག་ཏུ་མི་གཅིག་ལ་རན་པའི་སྣོད་ཅ་ལག་ཐབས་ཆག་འགའ་སྤུངས་འདུག་པ་དེ་རེད་ཅིང་། ལྕགས་ཐབ་ཀྱི་ནང་དུ་མེའང་སྒོང་མེད་པས་མི་སེམས་ལ་ཧ་ཅང་འཁྱག་ཤུར་ཤུར་གྱི་སྣང་བ་ཞིག་བྱིན་ཡོང་། འདི་དག་གིས་ཁོང་གི་ད་ལྟའི་འཚོ་བའི་གནས་བབ་དེ་མངོན་སུམ་ངང་མིག་མདུན་དུ་བསྟར་འདུག
སློབ་གཙོ་ཕྱི་བཞིན་འཛུལ་ཡོང་སྟེ་ང་རང་འདུག་སྟེགས་ཆུང་ངུ་དེའི་སྟེང་སྡོད་དུ་བཅུག་རྗེས། དེ་རིང་གྲང་ངར་ཆེ་བས་ད་བར་དུ་ཉལ་ནས་བསྡད་པ་ཡིན། ཟེར་བཞིན་མལ་ཁྲིའི་སྟེང་གི་མལ་གོས་བལྟབས་བྱུང་ལ། མལ་གོས་ལྟེབ་སྐབས་ལག་པ་ཅུང་འདར་གྱིན་འདུག་མོད། དེ་ནི་ལོ་ན་རྒས་པས་ཡིན་ནམ་ལུས་པོ་གྲང་བས་ཡིན་པ་མི་རྟོགས། དེ་རྗེས་ཁོས་ཡང་བསྐྱར་ང་མལ་ཁྲིའི་མཐའ་རུ་སྡོད་དུ་བཅུག་ནས། ངས་ཁྱོད་ལ་ཆུ་ཁོལ་ཞིག་ལྡུག ཟེར་ནས་མར་སོང་སྟེ་ཅོག་ཙེའི་སྟེང་གི་ཤེལ་ཕོར་དང་ཇ་དེམ་བླངས་བྱུང་མོད། ཇ་དེམ་གྱི་ཡང་ལྕིར་བལྟས་ན་ནང་དུ་ཆུ་ཁོལ་ཡོད་མེད་ཀྱང་བཤད་དཀའ་འདུག
ང་མྱུར་མོར་ཡར་ལངས་ཏེ་ཁོས་ཆུ་ཁོལ་ལྡུག་པ་བཀག་ཅིང་། དེ་མུར་རུམ་དུ་ཡོད་པའི་འོ་མ་ཤེལ་དམ་གཉིས་དེ་དྲན་ནས་ཕྱིར་བླངས་ནས་ཁོ་ལ་བྱིན་པ་ན། ཁོས་ངག་ནས་དགོས་པ་མ་རེད་ཟེར་མོད་ལག་པ་གཉི་གའི་ནང་དུ་ཇ་དེམ་དང་ཤེལ་ཕོར་ཡོད་པས་ལེན་བློ་མི་འདུག ངས་མྱུར་མོར་ཁོའི་ཚབ་བྱས་ཏེ་འོ་མ་ཤེལ་དམ་གཉི་ག་ཅོག་ཙེ་སྟེང་དུ་བཞག་པ་ཡིན།
སློབ་གཙོས་མིག་ཤེལ་ནག་པོ་ལས་ཡང་ཡང་བལྟས་ཏེ། གཞི་ནས་ང་སུ་ཡིན་པ་ངོས་ཟིན་སོང་བ་འདྲ། ང་རང་སྔར་མལ་དུ་སྡོད་དུ་བཅུག་རྗེས། ཁོ་རང་ཡང་ལྕགས་ཐབ་རྩིབས་ཀྱི་འདུག་སྟེགས་ཆུང་ངུ་དེའི་སྟེང་དུ་བསྡད་བྱུང་མོད། ལྕགས་ཐབ་ནང་དུ་མེ་སྒོང་མེད་པས་ལྕགས་ཐབ་དེ་མཐོང་བ་ན་སྔར་བས་ཀྱང་སེམས་ཀྱི་གཏིང་རིམ་ཞིག་ནས་གྲང་བའི་ཚོར་སྣང་བྱིན་འོང་། ཁོས་ང་ལ་བལྟས་ཏེ། ཧེ། དེ་དུས་ཁྱོད་རང་སློབ་གྲྭར་མ་སོང་བ་དེ་ཧ་ཅང་འགྲིག་མ་སོང་། ཞེས་ཟེར་ནས་ཡིད་ཕངས་པར་བྱེད།
ཁོས་ད་དུང་ངའི་དོན་དེར་བློ་འགྱོད་བྱེད་ཀྱིན་འདུག་པས། ངའི་སེམས་ཀྱང་ཅུང་སྐྱོ་བར་གྱུར་སོང་། ཡིན་ནའང་ད་ལྟ་ང་རང་ཅིའི་ཕྱིར་སློབ་གྲྭར་འགྲོ་མ་ཐུབ་པ་དེ་ཁོ་ལ་གསལ་བཤད་བྱེད་དོན་མི་འདུག་པས། ངས་འདང་མི་དཔོག་པའི་ངང་། སློབ་གཙོ་ལགས། ད་ལྟ་ཁྱོད་རང་ལས་འཁྱུར་ངལ་གསོ་བྱས་ཡོད་པ་མིན་ནམ། ད་ནི་འདི་ལྟར་སྡུག་མྱོང་དོན་ཡོད་དམ། ཞེས་དྲིས།
སློབ་གཙོ་ནི་ངའི་དྲི་བ་དེར་ཡིད་ཤིན་ཏུ་འཐད་མ་བྱུང་། འདི་ལ་སྡུག་མྱོང་ཟེར་མི་རུང་། ལས་འཁྱུར་ངལ་གསོ་བྱས་པའི་རྐྱེན་གྱིས་ཧ་ཅང་ཁོམ་པར་གྱུར་སོང་། གང་ལྟར་ངལ་རྩོལ་བྱེད་དགོས་པ་རེད་པས། ངས་ནུས་པ་འདི་ཙམ་རེད། འདི་ལྟར་བྱས་ན་མ་མཐའ་ཡང་རང་ཉིད་ཀྱི་ཟ་རིན་འཐུང་རིན་ལ་འདང་རྒྱག་མི་འདུག མི་ཡིས་ངལ་རྩོལ་བྱེད་མ་ནུས་ན་ཚར་སོང་བ་རེད་ཟེར།
ང་ལ་རང་དབང་མེད་པར་དགོད་རྒྱུ་ཞིག་བྱུང་སོང་། སློབ་གཙོའང་ད་ནི་ནོར་གྱི་བྲན་གཡོག་ཏུ་འགྱུར་གྱིན་འདུག་སྙམ་ནས། དགོད་བཞིན་དུ། ཁྱོད་ལ་ད་དུང་ཟླ་ཕོགས་ཡོད་པ་མིན་ནམ། ཟ་འཐུང་ལ་འདང་རྒྱག་ཡོད་དམ། ཞེས་བཤད།
སློབ་གཙོས་མིག་ཤེལ་ནག་པོ་ཐད་ཀར་ངའི་གདོང་དུ་བསྐོར་ནས། ཕལ་ཆེར་ངས་ཅི་ཡང་ཤེས་ཀྱིན་མི་འདུག་སྙམ་པ་ལྟར། ཟླ་ཕོགས་གང་བྱུང་དུ་བཀོལ་མི་རུང་། རྒྱལ་ཁབ་ཀྱིས་ང་ལ་ལས་འཁྱུར་ངལ་གསོའི་ཟླ་ཕོགས་སྟེར་དོན་ཡང་། ད་ནས་བཟུང་ཁྱོད་ཀྱིས་ལས་ཀ་ལས་མི་དགོས་ཞེས་པའི་ནང་དོན་མ་རེད། ངས་ད་དུང་ལས་ཀ་ལས་ཏེ་རང་ཁ་རང་གསོ་བྱེད་ཐུབ་པས། སྒོར་མོ་ཆུད་ཟོས་སུ་བཏང་ནས་ཅི་བྱེད། སྒོར་མོ་ཉར་གསོག་བྱེད་ཤེས་དགོས་པ་རེད། ཁྱིམ་ཚང་ཞིག་ལ་མཚོན་ན་སྒོར་མོ་མེད་ཚེ། ཟ་མ་དང་འབུད་རྒྱུ། གྱོན་གོས་ཅི་ཡང་མེད་སོང་བ་རེད། དེའི་རྐྱེན་གྱིས་སྒོར་མོ་ལ་ལྟ་སྟངས་ཡང་དག་པ་འཛིན་དགོས་པ་རེད། ཅེས་བཤད་རྗེས། མིག་གིས་མེ་སྒོང་མེད་པའི་ལྕགས་ཐབ་ལ་ཅེར་བཞིན་རང་ཉིད་ཀྱི་འཆར་གཞི་ལ་ཕྱི་འདང་རྒྱག་པ་ལྟར། དབང་འགྲུབ་ཕྱིར་ཐོན་རྗེས་མནའ་མ་བླངས་ནས་ཁང་བ་ཉོ་དགོས་པ་རེད། འདི་ནི་ཨ་ཕ་ཞིག་གིས་ངེས་པར་དུ་བསྒྲུབ་དགོས་པའི་འོས་འགན་རེད། ངས་ད་དུང་ནུས་ཀྱི་འདུག་པས། ཅི་ལྕོགས་ཀྱིས་སྒོར་མོ་འགའ་འཚོལ་དགོས། ཞེས་བཤད་བྱུང་ལ། ཁོའི་བཤད་ཚུལ་ལ་བལྟས་ན། ལས་འཁྱུར་ངལ་གསོའི་ཟླ་ཕོགས་དེ་གཏན་ནས་ཁོ་ལ་དབང་མི་འོས་པ་དང་། ཁོས་འདི་ལྟར་ཟླ་ཕོགས་ལ་མ་ལྟོས་པར་རང་ཁ་རང་གསོ་བྱ་རྒྱུ་དེ་རང་ཉིད་ཀྱི་འོས་འགན་ཞིག་ཡིན་པ་ལྟ་བུའི་སྣང་བ་བྱིན་འོང་།
སྐབས་དེར་ངས་ཕ་རུ་གྱུར་པ་ཞིག་གིས་བུ་ལ་བཅངས་པའི་བརྩེ་དུང་ངོ་མ་དེ་མཐོང་བྱུང་བས། ངའི་སེམས་ལ་སྨྲ་མི་ཤེས་པའི་གཡོ་འགུལ་དྲག་པོ་ཞིག་ཐེབས་བྱུང་། འོན་ཀྱང་བུ་རུ་གྱུར་པ་དག་གིས་ནམ་ཡང་ཕ་ཡི་སེམས་དོན་དེ་གཏན་ནས་རྟོགས་མི་ཐུབ་པ་འདྲ་སྟེ། དཔེར་ན་ཁོང་གི་བུ་དབང་འགྲུབ་ལྟ་བུ་རེད། དེ་དུས་སློབ་གྲྭའི་ནང་དུ་ཡོད་དུས་ཀྱང་ཕ་རྒན་གྱིས་ཁོ་ལ་རེ་བ་ནན་མོ་ཅི་འདྲ་བཟུང་ཡང་། ཁོས་དེ་ལ་ལྡོག་ཕྱོགས་ཀྱི་གོ་བ་ལེན་གྱིན་པ་མ་ཡིན་ནམ། ང་རང་ཅུང་ཙམ་ལ་ཁུ་སིམ་མེར་བསྡད་རྗེས། སྐད་དམའ་མོས། དབང་འགྲུབ་ད་ལྟ་གང་དུ་ཡོད་པ་རེད། ཅེས་དྲིས།
སློབ་གཙོས་སྔོན་ཆད་ལྟ་བུའི་ཡིད་ཆད་ཀྱི་རྣམ་འགྱུར་ཅི་ཡང་བསྟན་མ་བྱུང་། དེ་མུར་མིག་ཤེལ་གདོང་ལས་བླངས་ཏེ་ཁུག་མའི་ནང་གི་ལག་ཕྱིས་ཀྱིས་འབྱིད་འབྱིད་བྱེད་བཞིན། སྐད་ཇེ་སྦོམ་དུ་བཏང་སྟེ། ལྷ་སར་སོང་ནས་བསྡད་ཡོད་པ་རེད། ལྷ་སར་སོང་ནས་ལོ་བདུན་འགོར་སོང་། ཁོ་མི་གཅིག་ལྷ་སར་སོང་ནས་ལོ་བདུན་ལ་འདུག་རྒྱུ་དེའང་སླ་མོ་མ་རེད་ཡ། ཟེར་བ་དང་། དེ་ནས་མིག་ཤེལ་ཕྱིར་བསྐྱོན་ནས་ཅུང་འགྱོད་པའི་ངང་དངན་པ་ཞིག་འཐེན་ཏེ་ན་རེ། སྤྱིར་ན་ཁོ་རང་དེ་ལྟར་ཕྱི་རོལ་ཏུ་འཁྱམས་དོན་མེད་མོད། དེའང་གཙོ་བོ་ང་ལན་པ་ཡིན། ངས་རྒྱུན་དུ་ཁོ་ལ་ནན་ཏན་བྱ་རྒྱུ་མང་དྲགས་པ་རེད། ཅེས་རང་ཉིད་ལ་ལེ་བདའ་བྱེད་པ་ལྟར་བཤད་བྱུང་།
ངས་ཁོ་ལ་སེམས་གསོའི་ཚུལ་དུ། ཕ་མས་བུ་ཕྲུག་ལ་ནན་ཏན་བྱེད་པ་དཔེ་རེད། དེ་ནི་ཁྱོད་ཀྱི་སྐྱོན་ཆ་མ་རེད། ད་ལྟ་ཁོས་ཁྱོད་ལ་འཕྲིན་ཡིག་གཏོང་གིན་འདུག་གམ། ལོ་མང་པོ་འགོར་འདུག་པས། ཁོ་དེ་གར་གཏན་སྡོད་བྱ་རྩིས་ཨེ་ཡིན་ནམ། ཞེས་དྲིས་ཤིང་། སེམས་ནས་ཤུབ་བུར། ད་ལྟ་དབང་འགྲུབ་ཀྱིས་ཁོའི་ཕ་རྒན་གྱི་སེམས་དོན་འདི་དག་རྟོགས་ཀྱིན་ཨེ་ཡོད་དམ་སྙམ།
ཁོས་མགོ་བོ་འཕྲེད་དུ་གཡུག་གིན། ཧ་ཅང་གདེང་ཚོད་ཡོད་པའི་ངང་། མི་སྲིད། བྱ་རྒོད་པོ་དགུང་ལ་འཕུར་ཡང་འབབ་ས་བྲག་ཟེར་བ་རེད། མི་ཚེ་གང་བོར་ཕྱི་རོལ་ནས་བསྡད་ན་ཕན་ཐོགས་ཡོད་པ་མ་རེད། ད་ནི་མི་འགྱངས་པར་ཁོའང་ཕྱིར་ཡོང་ངེས་ཡིན། ཕྱིར་ཐོན་འཕྲལ་ངས་ཁོ་ལ་མནའ་མ་བླངས་ནས་ཁང་བ་ཉོ་དགོས། དེ་ལྟར་བྱས་ན་ངའི་འགན་ཁུར་ཡང་འགྲུབ་པར་བརྩིས་ཆོག་པ་རེད། ཅེས་བཤད་རྗེས། ཅི་བྱུང་མེད་པར་ལག་གཡས་པའི་ཁུ་ཚུར་ཁ་སྒོར་ཁྱེར་ནས་གློ་ལུ་འགའ་བརྒྱབ་བྱུང་།
སློབ་གཙོས་སྔོན་ཆད་ཀྱང་གློ་ལུ་རྒྱག་པ་ཡིན་ཏེ། ལན་རེར་ཁོང་ཉིད་སློབ་གྲྭའི་ར་སྐོར་ནང་དུ་འགྲོ་དུས་ཀྱང་བསྟུད་མར་གློ་ལུ་རྒྱག་ཡོང་ཞིང་། གློ་ལུ་རྒྱག་དུས་ལག་གཡས་པའི་ཁུ་ཚུར་དེ་སྐད་སྦུག་བཞིན་ཁ་སྒོར་ཁྱེར་ནས་ལུ་བར་བྱེད་པས། ཕལ་ཆེར་ཁོའི་ལུ་སྐད་དེ་སྒྲ་ཆུང་དུ་གཏོང་བའི་སྐད་སྦུག་ཅིག་ཏུ་བཅུག་ནས་དེ་མལ་དུ་རྨེག་མེད་དུ་གཏོང་གིན་ཡོད་པ་དང་མཚུངས་མོད། ཡིན་ནའང་ཐེངས་འདིའི་གློ་ལུ་དེ་ཧ་ཅང་རྒྱུན་ལྡན་མ་ཡིན་པ་ཞིག་སྟེ། ཕལ་ཆེར་ཧ་ཅང་བཙན་ཚུགས་ཀྱིས་ལུ་བ་དང་འདྲ། རྒྱུ་མཚན་ཡང་དབང་འགྲུབ་ཕྱིར་ཡོང་མིན་ཐད་ཁོ་རང་ལའང་གདེང་ཚོད་ཅི་ཡང་མེད་ནའང་། ཁོ་རང་གིས་རང་སེམས་གསོ་ཆེད་དུ་སྐད་ཆ་དེ་འདྲ་ཞིག་བཤད་ཅིང་། སེམས་གཏིང་གི་སོམ་ཉི་དག་གློ་ལུ་རྒྱག་པའི་ལུ་སྒྲ་དང་ལྷན་དུ་ཁུ་ཚུར་གྱི་སྐད་སྦུག་ཏུ་བཅུག་ནས་ཡལ་ཐབས་བྱེད་ཀྱིན་པར་སྣང་།
ངས་སླར་ཡང་འདང་ཞིག་བརྒྱབ་སྟེ། ཧ་ཅང་དོགས་མི་བདེ་བའི་ངང་། འོ་ན་ཀུན་དགའ་ད་ལྟ་གང་དུ་ཡོད་པ་རེད། ཅེས་དྲིས།
ཁོའི་གདོང་ལ་གློ་བུར་བའི་ངའོ་སྙམ་པའི་ཉམས་ཤིག་མངོན་བཞིན། སྤོབས་པ་དང་བཅས། ཀུན་དགའ་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས་གྲོང་ཁྱེར་དུ་བྱ་བ་སྒྲུབ་ཀྱིན་ཡོད་པ་རེད། ཁོའི་ཨ་མ་ཡང་དེ་གར་ཡོད། ཁོ་ཚོ་ཐེངས་འགར་ཡོང་སྟེ་ང་ཡང་གྲོང་ཁྱེར་དུ་འགྲོ་ཟེར་མོད། ང་འགྲོ་མི་རུང་། འདི་གར་བསྡད་དེ་སྒོར་མོ་འགའ་འཚོལ་དགོས། དབང་འགྲུབ་ཀྱང་མྱུར་མོར་ཕྱིར་ཡོང་ངེས་རེད་པས། ཁོ་ཡོང་དུས་ང་མེད་ན་ག་ལ་འགྲིག ཟེར་ནས་ཡང་བསྐྱར་གློ་ལུ་འགའ་བྱས་ཤིང་། དེ་ནས་ང་གྲང་གིན་འདུག་སྙམ་པའམ་ཡང་ན་ཁོ་རང་གྲང་བྱུང་བ་གང་ཡིན་མི་ཤེས་ཀྱང་། ང་ལ་བལྟས་ཏེ། ཁྱོད་ཨེ་གྲང་གི རས་གུར་ནང་ཧ་ཅང་འཁྱག་པས། ངས་མེ་ཁ་ཞིག་གསོས་ནས་ཇ་བསྐོལ། ཟེར་ནས་ཡར་ལངས་རྩིས་བྱས་བྱུང་།
བཟོ་ལྟར་བལྟས་ནས་ཁོ་རང་ལའང་ཆམ་པ་ཕོག་གིན་པར་སྣང་བས། ང་མྱུར་དུ་ལངས་ཏེ། ཁྱོད་རང་ལངས་མི་དགོས། ངས་མེ་ཁ་གསོས་ཆོག ཅེས་བཤད་དེ་ཁོ་རང་ཕྱིར་ཙོག་ཏུ་བཅུག་པ་ན། ཁོས་དེ་ལྟར་བྱ་མི་དགོས་ཞེས་ལན་འགའ་བཤད་ཀྱང་ངས་མ་ཉན་པ་ཡིན། དེ་བས་ཁོ་ཐབས་ཟད་དེ། ཨ་ཧོ། དེ་ལྟར་བྱ་སྲོལ་ཅི་ཡོད། ཡ་ཡ། མེ་ཁ་གསོ་བྱེད་དང་འབུད་རྒྱུ་དག་རས་གུར་གྱི་སྒོ་ཁ་ན་ཡོད་ཟེར།
ངས་ལྕགས་ཐབ་ནང་དུ་མེ་ཁ་གསོ་རྩིས་བྱེད་དུས། ཁོ་ལ་འབུད་རྒྱུའང་མང་པོ་མི་འདུག་པ་མཐོང་བྱུང་། སྒོའི་ཕྱི་རོལ་ཏུ་རྡོ་སོལ་གྲུ་བཞི་མ་བཅུ་ཕྲག་ཅིག་དང་། ཨོང་བ་སྒྱེ་མོ་ཕྱེད་ཙམ་ལས་མི་འདུག་པས། ང་རང་དབང་མེད་པར་དེ་གར་འགྲེང་ནས་སྡོད་དགོས་བྱུང་། འབུད་རྒྱུ་འདི་ཙམ་ཞིག་གིས་དགུན་ཟླ་རིང་མོ་ཇི་ལྟར་བསྐྱལ་བ་ཡིན་ནམ། ད་དུང་ཡང་དཔྱིད་ཐོན་རྒྱུར་དེ་འདྲའི་རིང་བོ་ཡོད་པས། ཁོས་གད་པ་སུམ་མདོའི་ལྷགས་ངར་གྱི་ཁ་གཏད་ཇི་ལྟར་གཅོག་གམ། གལ་ཏེ་དཔྱིད་ཀ་ཐོན་པའི་དབང་དུ་བཏང་ནའང་། ཁོས་ད་དུང་མེ་བུས་ཏེ་ཟ་མ་བསྐོལ་མི་དགོས་སམ། ཁོས་རང་ཉིད་ཀྱི་ལ་རྒྱ་ཤོར་དུ་མ་བཅུག་པར། ཁ་ནས་སྒོར་མོ་འཚོལ་དགོས་དང་ཚོང་རྒྱག་དགོས་ཞེས་སྐད་ཆ་ཚོན་པོ་བཤད་ཡོང་བ་མ་གཏོགས། ངས་ངོ་མ་ཁོས་ད་བར་དུ་ཉི་མ་ཇི་ལྟར་བསྐྱལ་ཡོང་བར་ཡང་ཡིད་མི་ཆེས་པར་འདུག དྲང་མོར་བཤད་ན་འདི་ནི་ཡིབ་སྐུང་གི་རྣམ་པ་ཞིག་རེད། འདི་ནི་ནུས་མེད་ཀྱི་མཚོན་རྟགས་ཤིག་རེད། ངའི་མིག་ཀོང་གི་མཆི་མ་མགྲིན་པའི་ཕུག་པ་བརྒྱུད་ནས་ཁོག་པའི་ནང་དུ་བཞུར་སོང་། ངའི་མགྲིན་པ་ཅི་ཞིག་གིས་བསྒགས་སོང་བའི་ཚོར་སྣང་བྱུང་སོང་། མཇུག་མཐར་ངས་ཐལ་གཞོང་ནང་དུ་རྡོ་སོལ་ཧྲུག་དུམ་འགའ་དང་ཨོང་བ་སྒྱེ་མོ་ཕྱེད་དེ་ཁྱེར་ཡོང་རྩིས་བྱས་མོད། ཁོ་ལ་ཨོང་བ་ཉུང་ཙམ་དེ་ལས་མེད་པས་གྲོན་ཆུང་བྱས་ཏེ་ཕྱི་རོལ་གྱི་ཤོག་སྒམ་དག་གཤགས་ནས་ལྕགས་ཐབ་ནང་དུ་མེ་ཁ་གསོས་པ་ཡིན།
སློབ་གཙོས་ངས་མེ་ཁ་གསོ་བར་ལྟ་བཞིན་དུ་ད་ལོའི་ནམ་ཟླ་ལ་འཁང་ར་བྱས་བྱུང་བ་སྟེ། དོ་ཚིགས་ཀྱི་འདི་ཅི་ཡིན་ནམ། ནམ་ཟླ་ལོ་རྒྱུན་ལས་ཧ་ཅང་འཁྱག་པོ་འདུག ནམ་རྒྱུན་ཡིན་ན་ཉི་མ་དྲོ་དུས་ང་རང་ཕྱི་རོལ་ཏུ་སོང་ནས་ཨོང་བ་བཏུས་པ་ཡིན་མོད། ད་ལོ་ཁ་བ་བབས་པའི་དབང་གིས་ཨོང་བའང་འཐུ་རྒྱུ་མི་འདུག ཁེ་སྔོན་བཟང་ས་ཚང་ཞིག་གིས་ང་ལ་ཨོང་བ་སྒྱེ་མོ་དོ་ཁྱེར་ཡོང་རྒྱུ་བྱས་ཡོད་མོད། ད་དུང་མ་ཐོན་ཐལ་ཟེར།
ངས་ཁོ་ལ། ངས་ཁྱོད་རང་འདི་གར་ཡོད་པ་མ་ཤེས་པ་རེད། དེ་མ་གཏོགས་ཨོང་བ་ངས་ཁྱོད་ལ་བསྐྱལ་ཡོང་ཆོག ཅེེས་བཤད།
ཁོས་ཀྱང་ང་ལ། ངས་ཀྱང་ཁྱོད་སྡེ་བ་གང་གི་ཡིན་པ་བརྗེད་ཟིན་འདུག དེ་མ་གཏོགས་ཁྱོད་ལ་སྐད་བཏང་ཡང་ཆོག་པ་རེད་ཟེར།
ལྕགས་ཐབ་ནང་དུ་མེ་སྒོང་སྟེ་དུ་བ་འཕྱུར་བ་དེས་ཁོའི་རས་གུར་གོག་པོ་འདིར་གསོན་ཤུགས་ཤིག་བསྣན་པ་དང་མཚུངས་ལ། ལྕགས་ཐབ་ནང་གི་མེ་ལྕེ་འུར་འུར་དུ་འབར་བ་དེས་མི་སེམས་ལ་སྤོབས་པ་དང་དྲོད་ཁོལ་ཞིག་རྒྱས་སུ་བཅུག་བྱུང་། ངས་སླར་ཡང་ཟངས་དེམ་གྱི་ནང་དུ་ཆུ་ཞིག་བླུགས་ནས་ལྕགས་ཐབ་ཀྱི་ཐོག་ཏུ་བསྐྱོན་རྗེས། ང་ལ་གློ་བུར་བའི་འཆར་སྣང་ཞིག་བྱུང་སྟེ། སློབ་གཙོ་ལགས། ཁྱོད་རང་གཅིག་པུ་ལས་མེད་པས། ཚོང་ལེན་དུ་འགྲོ་དུས་ཚོང་ཁང་ཅི་བྱས་པ་ཡིན། བདག་མེད་དུ་བསྐྱུར་ན་རྐུན་མའང་ཡོད་རྒྱུ་རེད་ཨང་། ཞེས་དྲིས།
སློབ་གཙོ་དགོད་ཙམ་བྱས་ནས། དེར་སྐྱོན་མེད། རྫོང་མཁར་ན་ང་ལ་བཟང་ས་མང་། དེ་རིང་ཅི་དགོས་པ་དག་ཡི་གེར་བྲིས་ཏེ་སྤྱི་སྤྱོད་རླངས་འཁོར་ལ་བསྐུར་བ་ན། ཕྱི་ཉིན་ཁོ་ཚོས་དངོས་པོ་དག་ཕྱིར་སྤྱི་སྤྱོད་རླངས་འཁོར་ལ་སྐུར་གྱིན་ཡོད། ཚོད་མ་དང་སྣུམ་དང་གོ་རེ་སོགས་ཀྱང་དེ་ལྟར་སྐུར་གྱིན་ཡོད། ང་རང་འགྲོ་དགོས་མེད། ཟེར།
འོ་ན་ལོ་སར་གྱི་སྐབས་སུའང་ཁྱོད་གཅིག་པུ་འདི་གར་བསྡད་པ་ཡིན་ནམ། ང་རང་ཅུང་ཡིད་མི་ཆེས་པར་གྱུར། ཁོ་ལ་ཚོང་རྫས་ཉུང་བའི་ཁར་ཉོ་རུ་ཡོང་མཁན་ཡང་མི་འདུག་ཟེར་བས། ཁོ་དོན་མེད་དུ་ས་སྟོང་ནས་ལོ་སར་དོན་ཅི་ཡོད་སྙམ།
སློབ་གཙོ་མུ་མཐུད་དུ་བགད་བྱུང་། ཡིན་ནའང་དགོད་སྒྲའི་ཁྲོད་དུ་འུ་ཐུག་གི་གདངས་དབྱངས་ཤིག་འདུག ཁོས་མགོ་བོ་འཕྲེད་དུ་གཡུག་གཡུག་བྱེད་བཞིན་རང་མགོ་རང་གིས་གཡོགས་པ་ལྟ་བུའི་གནས་ལུགས་བཤད་བྱུང་། ཁོས་ཅི་མི་སྙམ་པ་ལྟར། ལོ་སར་ལ་དགའ་བ་ནི་བྱིས་པ་དག་གི་རང་གཤིས་རེད། ང་ནི་ལོ་རྒས་པས་ལོ་སར་ལ་སྤྲོ་བ་མི་འདུག ལོ་སར་སྐབས་སུ་གྲོགས་པོ་ཚོས་གོར་དམར་རེ་བཙོས་ནས་བསྐུར་ཡོང་གིན་འདུག གང་ལྟར་རྟེན་འབྲེལ་ཙམ་གྱིས་ཆོག་པ་རེད། གོར་དམར་གྱི་སྡེར་ཁ་ཆུང་ཆུང་ཞིག་བཅོས་ནས། རང་ཉིད་གཅིག་པུས་ལོ་སར་ལ་རོལ་བ་ཡིན། ཟེར་བ་དང་། དེ་ནས་གློ་བུར་དུ་ཅི་ཞིག་དྲན་པ་ལྟར། མཛུབ་མོས་ཕར་ཕྱོགས་ཀྱི་ཇ་སྣོད་ང་ལ་སྟོན་བཞིན་དུ། ཇ་གན་ན་ཡོད། ཁྱོད་ཀྱིས་འོ་མ་ཁྱེར་ཡོང་བ་དེ་བསྐོལ་དང་། ངས་ད་དུང་དྲོས་ཇའང་འཐུང་མེད། ངེད་གཉིས་ཀྱིས་དྲོས་ཇ་འཐུང་བཞིན་དུ་ཁ་བརྡ་བྱེད། ཟེར་བཞིན་ཡར་ལངས་ཏེ་རས་གུར་གྱི་ཡར་ཕུག་ཏུ་སོང་ཞིང་། ཤོག་སྒམ་ཞིག་ལས་ཉིན་འགའི་སྔོན་གྱི་ལོས་ཡིན་སྙམ་པའི་ཅོང་རྡོག་འཁངས་ཏོ་འགའ་ཁྱེར་ཡོང་ནས། ལྕགས་ཐབ་ཀྱི་སྟེང་དུ་བཞག་ནས་དྲོས་སུ་བཅུག་སོང་།
ཁོས་ཡང་བསྐྱར་རྫུན་གཏམ་བྱུང་། ད་སྔོན་ང་འདི་གར་ཡོང་དུས་ཁོ་རང་ད་སོ་མར་མལ་ལས་ལངས་པ་ཡིན་ཟེར་བས། ཁོས་ད་བར་དུ་ནངས་ཇའང་འཐུང་མེད་པ་ངས་ཁ་ཚོན་བཅད་ནས་བཤད་ཐུབ། ཕལ་ཆེར་ཁོ་རང་ཉིན་བཞིན་ཉིན་གུང་གི་བར་དུ་ཉལ་ནས་བསྡད་ཅིང་། ཉིན་གུང་ཡར་ལངས་ཏེ་ནངས་ཇ་དང་དྲོས་ཇ་གཅིག་བྱས་ནས་འཐུངས་རྗེས། གཞི་ནས་ཉིན་གཅིག་གི་འགོ་བརྩམས་པར་བརྩིས་པ་ཡིན་ནམ།
འོ་ཇ་བསྐོལ་རྗེས། ངས་ངེད་གཉིས་ལ་འོ་ཇ་ཤེལ་ཕོར་གང་རེ་བླུགས་པ་ན། ལྕགས་ཐབ་སྟེང་གི་ཅོང་རྡོག་དག་ཀྱང་དྲོས་འདུག ཁོས་ཅོང་རྡོག་གཅིག་བླངས་ནས་ངའི་ལག་ཏུ་གཏད་ནས་ཟོ་ཟེར་མོད། ངས་ཡོང་ཁར་དྲོས་ཇ་འཐུངས་ཟིན་པས་ཁོ་རང་ཉིད་ལ་བཟའ་རུ་བཅུག་པ་ཡིན། ཁོའི་དྲོས་ཇ་ནི་འདི་ཡིན་འདུག ཡིན་ནའང་དེ་རིང་འོ་ཇ་ཡོད་པ་རེད། དུས་རྒྱུན་དུ་ཁོས་ཆུ་ཁོལ་ལ་ལྕིབས་ཏེ་ཅོང་རྡོག་བཟས་ནས་བསྡད་པ་ཡིན་རྒྱུ་རེད་ཨང་སྙམ་པའི་མུར། ཡ་ཆུང་བྱང་བའི་སྟོད་དུ་དབུགས་ཀྱིས་ཁེངས་འོང་། ལོ་ན་འདི་འདྲ་ཞིག་གིས་ནམ་རྒྱུན་ཆུ་ནག་སྐྱ་སྐོལ་དང་ཅོང་རྡོག་སྐྱ་ཟ་བྱས་ན་ལུས་པོས་ཀྱང་ག་ལ་ལྕོགས། སྔོན་ཆད་སློབ་དེབ་ནང་དུ་གྲང་ལྟོགས་གཉིས་མནར་གྱི་འཚོ་བ་རོལ་ཞེས་པ་ཞིག་ཡོད་པ་བཞིན། ད་ལྟ་ཁོས་རོལ་བཞིན་པ་ནི་དངོས་གནས་གྲང་ལྟོགས་གཉིས་མནར་གྱི་འཚོ་བ་དེ་མ་ཡིན་ནམ།
ངས་སེམས་ཀྱིས་མ་བཟོད་པར། སློབ་གཙོ་ལགས། ཁྱོད་ཀྱིས་འདི་ལྟར་ཆུ་ཁོལ་དང་ཅོང་རྡོག་བཟས་ནས་བསྡད་ན་ལུས་པོས་ཀྱང་ལྕོགས་ཀྱིན་འདུག་གམ། ཞེས་བཤད་དགོས་བྱུང་།
ཁོས་ལག་པ་འཕྲེད་དུ་གཡུག་ཙམ་བྱས་ཏེ། མར་ཞོལ་ས་ཐོག་ཏུ་གཏོར་ཡོད་པའི་ཡུངས་མ་འགའ་དང་བཙོང་རྐང་དེ་ཚོ་བསྟན་ནས། ཁོམ་པ་ཡོད་དུས་ཚོད་མ་བརྔོས་པ་ཡིན། ཡིན་ཡང་ཁེ་ཉིན་ནས་བཟུང་སྣུམ་ཚར་སོང་། ངས་གྲོགས་པོར་སྐད་བསྐུར་ཟིན་པས། ད་ནི་བསྐུར་ཡོང་རྒྱུ་རེད་ཟེར།
ཁོས་དེ་ལྟར་བཤད་བཞིན་ཁམ་བུ་ཆེན་པོ་བྱས་ཏེ་ཅོང་རྡོག་ཟས་བྱུང་ལ། བཟས་པའང་ཅི་འདྲའི་ཞིམ་པོ་ཞིག་ཡིན་ཨང་སྙམ་པའི་སྣང་བ་ཞིག་བྱིན་འགྲོ ཁོ་ལ་མཚོན་ན། ཁོས་ཁམ་བུ་ཆེན་པོའི་ཅོང་རྡོག་བཟའ་བ་དེ་ནི་འབྲོག་པ་ཚོས་ཁ་འགྲམ་ནས་ཚིལ་ཁུ་བཞུར་བཞིན་ཤ་ཚོན་པོ་ཁམ་བུ་ཆེན་པོ་གང་རེ་གང་རེ་བཟའ་བ་དང་གཅིག་མཚུངས་ཡིན་པ་འདྲ།
བར་དེར་ངའི་སེམས་ལ་ཁོའི་ཚོང་ཁང་དུ་འགྲུལ་པ་ཡོང་མཁན་མི་འདུག་ཟེར་བ་དྲན་ནས། ངས་ཀུ་རེ་དང་དོན་གཏམ་འདྲེས་མའི་ཚུལ་གྱིས། འོ་ན་ཁྱོད་ཀྱིས་ཚོང་ཁང་གཞི་རྒྱ་ཇེ་ཆེར་བཏང་ནས། ཚོང་རྫས་ཀྱང་མང་པོ་བླངས་ན་མི་བཟང་ངམ། དེ་ལྟར་ན་ཉོ་མཁན་ཡང་ཇེ་མང་དུ་འགྱུར་ངེས་རེད། ཅེས་བཤད་པ་ན། ཁོ་དེ་མ་ཐག་ཏུ་ཧ་ཅང་སྐྲག་སོང་བ་ལྟར། མི་རུང་། ལྷག་པར་དུ་ཟས་རིགས་འཐུང་རིགས་ཀྱི་སྐོར་དག་དུས་ཚོད་ལས་འདའ་ངེས་པས། ཉེན་ཁ་ཧ་ཅང་ཆེ། ད་དུང་ངའི་འདི་ནི་རས་གུར་གྱི་ཚོང་ཁང་ཡིན་པས། བརླན་ཧ་ཅང་ཆེ། ཚོང་རྫས་དག་རུལ་སོང་ན་ཅི་བྱ་རྒྱུ། དེ་ལས་དངོས་རྫས་ཉུང་ཙམ་རེ་བླངས་ཤིང་། དེ་ཚར་རྗེས་ཡང་བསྐྱར་ཉུང་ཙམ་རེ་བླངས་ན་བཟང་བ་རེད། མང་པོ་ལེན་ག་ལ་རུང་། ཟེར་ནས་མགོ་བོ་འཕྲེད་དུ་གཡུག་གཡུག་བྱེད།
དེ་ལྟར་བཤད་ན་དེའང་བདེན་པ་འདྲ། ངས་གཞན་གྱིས་ཁང་བའི་ནང་དུ་ཚོང་རྫས་གྱ་ནོམ་པ་བཤམས་ཡོད་པ་དག་མིག་ལ་འཆར་བཞིན་དེ་ལྟར་བཤད་པ་ལས། དེའི་གཏིང་རིམ་གྱི་གནས་ལུགས་ཟབ་མོ་དེ་དག་ག་ལ་ཤེས།
ཉིན་དེར་སློབ་གཙོ་དང་ངེད་གཉིས་ཀྱིས་ཕྱི་དྲོའི་བར་དུ་ཁ་བརྡ་བྱས་ནས་བསྡད་པ་ཡིན་ལ། ང་ལྟ་བུའི་ཁ་བརྡ་བྱེད་རོགས་ཤིག་ཡོད་པས་ཁོ་རང་ཡང་ཧ་ཅང་དགའ་བཞིན་འདུག ཐ་ན་ཕྱི་དྲོ་ང་རང་ཕྱིར་ལྡོག་གིས་ལམ་ལ་ཆས་དུས་ཀྱང་། ཁོས་ང་རང་འཕྲུལ་རྟ་ལ་ཞོན་དུ་མི་འཇུག་པར་ཐག་རིང་ཙམ་ལ་སྐྱེལ་མ་བྱེད་པ་དང་། མཇུག་མཐར་སོ་སོར་གྱེས་དུས་ཁོས་མིག་ཤེལ་བླངས་ཏེ་ལག་ཕྱིས་ཀྱིས་མིག་ཆུ་འབྱིད་ཀྱིན་པ་མཐོང་བྱུང་།
ངའི་སེམས་ལའང་རང་དབང་མེད་པར་སྐྱོ་བ་ཞིག་སྐྱེས་བཞིན། ཁྱེད་རང་ཕྱིར་ཕེབས་ཤིག རྗེས་ནས་ང་རང་མུ་མཐུད་དུ་ཁྱེད་ལ་བལྟ་རུ་ཡོང་ངེས་ཡིན། ཞེས་བཤད།
སློབ་གཙོས་ཀྱང་མིག་ཤེལ་བསྐྱར་དུ་བསྐྱོན་ནས། ཡ་ཡ། རྗེས་ནས་ཡོང་དུས་ང་ལ་ཨོང་བ་ཞིག་ཁྱེར་ཤོག གཞན་པ་མཁོ་དངོས་ཅི་ཡང་མེད་ཟེར།
ང་རང་ཐག་རིང་བོའི་སར་ཐོན་པའི་བར་དུ་ཁོང་རང་ས་དེ་གར་ལངས་ནས་ངའི་ཕྱི་རྗེས་སུ་བལྟས་འདུག་ལ། མཇུག་མཐར་གཅིག་པུར་ཧ་ཅང་ཁེར་རྐྱང་ངང་རང་ཉིད་ཀྱི་ཚོང་ཁང་ངམ་རས་གུར་གྱི་ཕྱོགས་སུ་འགྲོ་བཞིན་པ་མཐོང་བྱུང་།
ཕྱི་ཉིན། ངས་ལག་སྐྱོར་འཁོར་ལོའི་ནང་དུ་རིལ་མ་དང་ཨོང་བ་གང་བཅུས་ནས་ཁོ་རང་གི་སར་བསྐྱལ་བ་ཡིན་ལ། ཁོ་ཧ་ཅང་དགའ་སྟེ། འདིས་ཕལ་ཆེར་ང་ལ་ཟླ་བ་འགར་འདང་ངེས་རེད་ཟེར། ཕྱིར་ལོག་ཁར་ད་དུང་ཁོའི་ཚོང་ཁང་ལས་ཀ་ར་ཤོག་ཁུག་ཕྱེད་ཙམ་ཁྱེར་ཡོང་སྟེ། འདི་ཁྱེར་ལ་ཁྱོད་ཀྱི་ཆུང་མ་དང་བྱིས་པ་ཚོར་བྱིན་ཅིག་ཟེར།
དེ་ནས་བཟུང་ངས་ནམ་རྒྱུན་ཁོ་ལ་ཨོང་བ་དང་རིལ་མ་བསྐྱལ་བ་ཡིན་ལ། ཡོང་ཐེངས་རེ་རེར་ཆུང་མས་གསར་དུ་བཅོས་པའི་ཀོ་རེ་དང་འོ་མ་ཤེལ་དམ་འགའ་རེ། མར་ཆུར་ཉུང་ཙམ། ལུག་བཤས་ཡོད་དུས་ཤ་སྐལ་རེ་ཁྱེར་ཡོང་བ་ཡིན་ལ། ཡོང་ཐེངས་རེ་རེར་དུས་ཚོད་ངེས་ཅན་ཞིག་ལ་ཁོ་དང་ལྷན་དུ་ཁ་བརྡ་བྱས་ཏེ། ཁོའི་ཁེར་རྐྱང་གི་སུན་སྣང་སེལ་ཐབས་བྱས་པ་ཡིན་པས། ཁོང་ཡང་ཧ་ཅང་དགའ་བཞིན་འདུག
ནམ་རྒྱུན་ངེད་གཉིས་ཀྱིས་ཁ་བརྡ་བྱེད་དུས། ཁོས་བཤད་ལོབས་སུ་གྱུར་པའི་ཚིག་དེ་བསྐྱར་ཟློས་བྱས་འོང་སྟེ། ཨ། ད་ནི་མི་འགྱངས་པར་དབང་འགྲུབ་ཀྱང་ཕྱིར་ལོག་ངེས་རེད། ཁོ་ཡོང་ན་མནའ་མ་བླངས་ཏེ་ཁང་བ་ཉོ་དགོས། དེ་ལྟར་ན་ངའི་འགན་ཁུར་ཡང་འགྲུབ་པར་བརྩིས་ཆོག་པ་རེད། ཟེར་ནས་ཁོའི་སྟོང་སེམས་ལྟ་བུའི་རེ་སྒུག་དེ་འགྲུབ་ལ་ཉེ་བ་ལྟར་བྱེད།
ལོ་གཉིས་ཙམ་འགོར་ཡང་། ཁོས་སྔར་བཞིན་སྐད་ཆ་དེ་བསྐྱར་ཟློས་བྱེད་ཀྱིན་འདུག་སྟེ། ཨ། ད་ནི་མི་འགྱངས་པར་དབང་འགྲུབ་ཀྱང་ཕྱིར་ལོག་ངེས་རེད། ཁོ་ཡོང་ན་མནའ་མ་བླངས་ཏེ་ཁང་བ་ཉོ་དགོས། དེ་ལྟར་ན་ངའི་འགན་ཁུར་ཡང་འགྲུབ་པར་བརྩིས་ཆོག་པ་རེད། ཟེར་མོད། ཡིན་ནའང་དབང་འགྲུབ་ད་དུང་ཡང་ཕྱིར་ཐོན་མ་བྱུང་བས། ངས་ལྐོག་ནས་ཁོ་ལ་གདུང་སེམས་འཆང་དགོས་བྱུང་། ཕལ་ཆེར་ཁོས་འདི་ལྟར་རང་མགོ་རང་གིས་གཡོག་པ་ལྟ་བུའི་རེ་སྒུག་ངང་མི་ཚེ་མཐར་བསྐྱལ་བ་ན། མཐར་ངལ་ལས་འདི་དག་ཡོད་ཚད་ཆུ་ཡི་ཝུ་བ་ལྟར་སྟོང་བར་གྱུར་ཏེ། རེ་སྒུག་དང་ཡིད་ཆད་ངང་གཅིག་པུར་མིག་ཟུམ་དགོས་པ་ཡིན་ཚེ། ཁོའི་སེམས་ཀྱི་སྡུག་བསྔལ་དེ་ད་ལྟ་ལས་ཀྱང་ལྡབ་བརྒྱ་སྟོང་གིས་ལྕི་བ་མ་རེད་དམ།
ལོ་འགའ་འགོར་རྗེས། སྲིད་གཞུང་གིས་ཀྱང་གཞི་ནས་སློབ་གཙོའི་མིག་རྒྱང་རིང་བ་དེ་ཚོར་རྟོགས་བྱུང་སོང་བ་འདྲ། ཁོ་ཚོས་ཀྱང་གད་པ་སུམ་མདོ་ནི་འགྲུལ་ལམ་གནད་ཆེ་ས་ཞིག་ཡིན་པ་དང་མ་འོངས་པར་དཔལ་འབྱོར་འཕེལ་རྒྱས་ཀྱི་ལྟེ་གནས་ཤིག་ཏུ་འགྱུར་ངེས་ཡིན་པ་ཤེས་ཏེ། དེ་གར་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་སྣ་ཚོགས་བྱེད་འགོ་བརྩམས་པ་དང་། ཅང་མ་འགོར་བར་སྨན་ཁང་དང་། ཚོང་ཁང་། ཟ་ཁང་། མགྲོན་ཁང་། འཕྲུལ་རྟ་ཞིག་གསོ་བྱེད་ས་སོགས་ལས་སྣ་མང་པོ་འཕྲོ་རིམ་འཕྲོར་དར་བྱུང་ལ། བཤད་ཡམས་ལྟར་ན། མི་འགྱངས་པར་ཡུལ་ཚོའི་སྲིད་གཞུང་དང་སློབ་གྲྭའང་དེ་གར་གནས་སྤོ་རྒྱུ་ཡིན་སྐད་འདུག
ཐེངས་ཤིག་ང་སློབ་གཙོའི་སར་ཕྱིན་པ་ན། ཁོང་གིས་དངན་པ་ཞིག་འཐེན་ནས། ད་ནི་ཁོ་ཚོས་ངའི་ལག་ནས་ས་འདི་འཕྲོག་སོང་བ་རེད། ས་འདི་འདྲའི་བཟང་བོ་ཞིག་བཙལ་ཡང་མི་རྙེད་ཡ། ད་ནས་བཟུང་ཁྱོད་ཀྱིས་ང་ལ་འབུད་རྒྱུ་དྲུད་ཡོང་མི་དགོས། ཁོ་ཚོས་སྡོད་དུ་མ་བཅུག་པ་རེད་པས། ངའང་ཕྱིར་རྫོང་མཁར་དུ་སོང་ནས་ཚོང་རྒྱག་ས་བློར་འབབ་ཅིག་འཚོལ་དགོས་ཟེར།
ང་ཅུང་ཡིད་མི་ཆེས་པར་གྱུར་སོང་། འདི་ག་སྔོན་ཆད་མི་མེད་ས་སྟོང་ཡིན་དུས་ཁོ་རང་གཅིག་པུ་དེ་ལྟར་གྲང་ལྟོགས་ལ་མ་འཛེམ་པར་བསྲན་ཚུགས་ཀྱིས་བསྡད་པ་ཡིན་ཡང་། ད་ལྟ་མི་ཚོགས་འདུ་སའི་ཁྲོམ་རར་འགྱུར་དུས་ཁོ་དེ་ལྟར་གྱེས་དོན་ཅི་ཡོད་སྙམ་ནས། ཁྱོད་ཕྱིར་རྫོང་མཁར་དུ་འགྲོ་ཟེར་བ་ཡིན་ནམ། ཞེས་དྲིས།
ཁོང་གིས་མགོ་ལྡེམ་ཙམ་བྱས་ཏེ། འོ་ལོས། འདི་གར་ལོ་མང་པོར་བསྡད་པ་རེད། ད་ནི་སྲིད་གཞུང་གིས་ཀྱང་སྐྱེལ་མ་བྱེད་ཀྱིན་འདུག ཅེས་ཀུ་རེ་ཞིག་རྩེ་བ་དང་། དེ་འཕྲལ་རྣམ་འགྱུར་སྤྲོ་སྣང་ཅན་དུ་གྱུར་ཏེ། ད་ནི་ཕྱིར་ལོག་རན་རེད། ཁེ་སྔོན་དབང་འགྲུབ་ཀྱིས་ཀྱང་འཕྲིན་ཡིག་འབྱོར་བྱུང་། ཁོའང་མི་འགྱངས་པར་ཡུལ་དུ་ཡོང་རྒྱུ་ཡིན་ཟེར། ཧ་ཧ་ཧ། ལྟས་ངན་དེས་ཆུང་མ་ཞིག་ཀྱང་བླངས་ཟིན་འདུག་པར་མ་ཟད་བུ་མོ་ཞིག་ཀྱང་ཡོད་འདུག ད་ནི་ང་ཕྱིར་སོང་སྟེ་ཁང་བ་ཉོ་དགོས་པ་རེད་ཡ། རྗེས་ཕྱོགས་ངེད་ཕ་བུ་ཚ་གསུམ་ལྷན་འཛོམས་ཀྱི་འཚོ་བ་རོལ་དགོས་པ་རེད། ཟེར་ནས་ཡུན་རིང་བོར་་བསགས་པའི་སེམས་ངལ་ཡོངས་རྫོགས་སྐད་ཅིག་ལ་ཕར་སྤྱུགས་པ་ལྟར་དབུགས་རིང་བོ་ཞིག་ཕྱིར་ཕྱུངས་སོང་ལ། དེ་ནི་ཁོས་ཡུན་རིང་དུ་རེ་སྒུག་བྱེད་པའི་འབྲས་བུ་དེ་ད་ནི་མངོན་དུ་འགྱུར་བར་ཉེ་བ་དང་། མཛེས་སྡུག་ལྡན་པའི་འཚོ་བ་ཞིག་མྱུར་བ་མྱུར་དུ་འགོ་རྩོམ་རྒྱུ་ཡིན་པའི་རེ་བ་དང་ཡིད་ཆེས་ཤིག་ཀྱང་ཡིན་འདུག
དེ་ནས་བཟུང་ད་ལོའི་དཔྱིད་ཀར་དབང་འགྲུབ་དང་ངེད་གཉིས་ངོ་འཕྲད་པའི་བར་དུ་ང་རང་སློབ་གཙོ་ཁོང་དང་མཇལ་མ་བྱུང་། ཐ་ན་དབང་འགྲུབ་ཀྱི་ངག་ནས་ཀྱང་ཁོང་གི་ད་ལྟ་གནས་ཚུལ་ཙམ་ཐོས་པ་དེ་རེད། དོན་ངོ་མར་བཤད་ན། ང་ལན་རེར་རྫོང་མཁར་དུ་ཡོང་ནའང་། སྟབས་ལེགས་ན་སློབ་གཙོར་མཇལ་ཨེ་ཡོང་ངམ་སྙམ་པའམ། ཁོང་གི་ད་ལྟའི་ཚོང་ཁང་དེ་གང་དུ་ཡོད་དམ་སྙམ་པ་ལས། ཡང་བསྐྱར་དབང་འགྲུབ་དང་ངོ་འཕྲད་ཨེ་ཡོང་བ་དེ་སེམས་ལའང་དྲན་གྱིན་མེད། འདི་ནི་ལས་དབང་ཟེར་བ་དེ་ཡིན་ཡང་སྲིད་དེ། དབང་འགྲུབ་དང་ངེད་གཉིས་ངོ་འཕྲད་ས་ནི་ཏག་ཏག་ཁོང་ཚང་གི་ཚོང་ཁང་ནང་ཡིན་སོང་།
ཉིན་དེར། ཚོང་ཁང་དེའི་ནང་ནས་ངས་ཚོང་རྫས་དག་ལ་མིག་ཉུལ་བྱེད་དུས། ཚོང་བདག་ཚོ་ལྟིག་དེས་སྔ་གཞུག་བར་དུ་ང་ལ་ཅེར་ནས་འདུག་ཅིང་། ཁོས་ཅེར་བ་དང་བསྟུན་ནས་ངས་ཀྱང་ཡང་དང་ཡང་དུ་ཁོ་ལ་མཉམ་འཇོག་བྱས་པ་ཡིན། ཕལ་ཆེར་མཐོང་མྱོང་མྱོང་འདྲ་ཡང་གང་ནས་འཕྲད་པ་མི་ཤེས་ལ་གང་ནས་མཐོང་བ་ཡང་མི་གསལ་བར་འདུག་པས། ངས་ཀྱང་ཚུར་ལ་ཚིག་གཅིག་ཨེ་བཤད་ལ་རེ་སྒུག་བྱེད་ཀྱིན་ཡོད། བར་དེར་གློ་བུར་དུ་མགོ་སྐྲ་སིལ་བུར་འཁྱིལ་བའི་བུད་མེད་དར་མ་ཞིག་ནང་དུ་ཐོན་བྱུང་། ངས་འགྲམ་ནས་བུད་མེད་དེར་ཞིབ་ལྟ་ཞིག་བྱས་པ་ན། ངོ་གདོང་རྩི་དཀར་གྱིས་བྱུགས་ཤིང་མཆུ་སྒྲོས་མཚལ་གྱིས་དམར་པོར་བསྒྱུར་བའི་ཟུར་དེ་མ་གཏོགས་མཐོང་མི་ནུས་མོད། ལུས་སྟོད་དུ་ནུ་མ་བསྒྲིབས་བྱེད་ཀྱི་གོ་ལས་མི་ཆོད་པའི་རྔུལ་ལེན་དོག་པོ་ཞིག་དང་ལུས་སྨད་དུ་བརླ་རྩར་རེག་པའི་དོར་ཐུང་ཞིག་ལས་གྱོན་མི་འདུག་པས། ད་ནི་ཡུན་རིང་མ་འགོར་བར་བུད་མེད་འདི་རིགས་དམར་རྗེན་དུའང་ལམ་ལ་བུད་ཨེ་འགྲོ་བའི་དོགས་པ་ཟ་དགོས་པ་ཞིག་འདུག
བུད་མེད་དེ་ནང་དུ་སླེབས་འཕྲལ་འཁུར་ཁུག་ཆུང་ངུ་ལས་ལྡེ་མིག་ཚོམ་བུ་ཞིག་བླངས་ཏེ། རྒྱ་སྐད་ཀྱིས། དབང་འགྲུབ། བུ་མོ་ཡོང་ན་ལྡེ་མིག་མོ་ལ་སྟེར་རོགས། ང་ཉིན་གུང་ཡུལ་དུ་འགྲོ་ཁོམ་མི་འདུག ཅེས་ལྡེ་མིག་དེ་སྦྱིན་བདག་ཚོ་ལྟིག་དེར་བྱིན་སོང་། ངས་དབང་འགྲུབ་ཅེས་པའི་མིང་དེ་ཐོས་མ་ཐག་གཞི་ནས་སློབ་ཆུང་སྐབས་ཀྱི་ཁོའི་ངོ་གདོང་དེ་ཡིད་དུ་འཁོར་བྱུང་། ངས་དེ་དུས་ཀྱི་ཁོའི་ངོ་གདོང་གི་སྐར་ཆེན་ལྟར་གསལ་བའི་མིག་ཟུང་དེ་ཡིད་དུ་འཁོར་བྱུང་། ངས་དེ་དུས་ཀྱི་ང་ཚོའི་ཁྲོད་ཀྱི་ཁྲ་ཐོ་ཞེས་པའི་མཚང་མིང་དེ་ཡིད་དུ་འཁོར་བྱུང་།
བུད་མེད་དེས་ལྡེ་མིག་སྤྲད་འཕྲལ། ཁོ་མོར་མཛའ་བོ་སུ་ཞིག་གིས་དུས་ཆད་བཏབ་ཡོད་པ་བཞིན་དུ། རང་ཉིད་ཀྱི་འཕོངས་ཤ་གཉིས་གཙུབ་ནས་བྲེལ་འཚུབ་ངང་ཕྱི་རོལ་བསྙེགས་ནས་བུད་སོང་ལ། ཤུལ་དུ་ཁོ་མོའི་ལུས་ལས་མཆེད་པའི་བསུང་ཆུའི་དྲི་མ་སྐྱུར་བོ་ཞིག་བསྐྱིལ་བྱུང་།
ངས་རང་དབང་མེད་པར་བུད་མེད་དེའི་རྗེས་སུ་ཕྱི་མིག་ཅིག་བལྟས་རྗེས། སེམས་སུ་གློ་བུར་བའི་དུངས་སེམས་ཀྱི་རླུང་བུ་ཞིག་གཡོས་ཏེ། ཁྱོད་དབང་འགྲུབ་ཁྲ་ཐོ་མ་ཡིན་ནམ། ཞེས་ཁོའི་དངོས་མིང་དང་མཚང་མིང་ལྷན་དུ་སྦྱར་ཏེ་དེ་ལྟར་དྲིས་པ་ཡིན། ངས་ཁྲ་ཐོ་ཞེས་པའི་མཚང་མིང་སྦྱོར་དོན་ཡང་དབང་འགྲུབ་ཅེས་པའི་མི་འདི་ངའི་སློབ་གྲོགས་དབང་འགྲུབ་ཡིན་མིན་ལ་གསལ་ཁ་འབྱེད་ཆེད་ཡིན་པས། ངོ་མ་ཁོ་ཡིན་པའི་དབང་དུ་བཏང་ནའང་མི་དགའ་བ་ཡོང་མི་སྲིད་སྙམ་པ་ཡིན།
ངས་དེ་ལྟར་དྲིས་འཕྲལ་ཁ་གཏད་ཀྱི་ཁོ་ཡང་ཡ་མཚར་བ་ལྟར་གྱུར་སོང་། ཕལ་ཆེར་ངའི་ངོ་གདོང་གི་སྔོན་ནས་ཡལ་བར་གྱུར་པའི་ཁྱད་རྟགས་ཤིག་བསྐྱར་འཚོལ་བྱེད་པ་ལྟར། སྐར་ཆེན་ལྟ་བུའི་མིག་ཟུང་དེ་ཆེ་རུ་ཅེར་ནས་ང་ལ་ཞིབ་ལྟ་བྱེད་བཞིན། ཅུང་ཐེ་ཚོམ་དང་བཅས། ཨ་ཙི་ཙི། ཁྱོད་ནི་སློབ་གྲོགས་གཡག་རྒན་མ་ཡིན་ནམ། ཟེར་ནས་གདོང་སྐྱིའི་གཏིང་རུམ་ནས་འཛུམ་ཞིག་ལངས་བྱུང་།
དེ་དུས་ང་རང་ལ་ཨུ་ཚུགས་ཆེ་བས་སློབ་གྲོགས་ཚོས་ནམ་རྒྱུན་གཡག་རྒན་ཞེས་འབོད་པ་ཡིན། དེ་དུས་མཚང་མིང་དེ་ཧ་ཅང་སྙན་པོ་ཞིག་མ་རེད་པས་རྣ་བར་ཉན་མི་སྤྲོ་བ་ཡིན་མོད། ཡིན་ནའང་ང་ལ་ཡུན་རིང་བོར་དེ་ལྟར་མཚང་མིང་གིས་འབོད་མ་མྱོང་བས་ངའི་ལུས་སྟེང་གི་སློབ་མའི་རྗེས་ཤུལ་དག་ཡལ་བ་བཞིན་དུ། ཕལ་ཆེར་རང་ཉིད་ཀྱི་མཚང་མིང་དེའང་དེ་དག་དང་ལྷན་དུ་བརྗེད་ཟིན་འདུག་མོད། ད་ལྟ་སློབ་གྲྭའི་ནང་གི་མཚང་མིང་དེ་བསྐྱར་དུ་ཐོས་པ་ན། ང་རང་ལ་ཅི་བྱུང་མེད་པར་ཡང་བསྐྱར་བྱིས་པའི་དུས་སུ་སླེབས་པ་ལྟར་སྨྲ་མི་ཤེས་ཤིང་ཡིད་སེམས་འགུལ་བའི་ཚོར་སྣང་ཞིག་སྐྱེས་བྱུང་།
ཉིན་དེར་ངེད་གཉིས་དེ་ལྟར་གློ་བུར་དུ་ངོ་འཕྲད་ཅིང་། སློབ་མའི་དུས་ལྟར་ཡང་བསྐྱར་ཕན་ཚུན་གྱི་མཚང་མིང་གིས་འབོད་རེས་ཀྱིས་འཚམས་འདྲི་དང་ཁ་བརྡ་ཉུང་ཙམ་བྱས་རྗེས། ཁོས་བུ་མོའི་དགེ་རྒན་ལ་ཁ་པར་བཏང་སྟེ། ཚོང་ཁང་དུ་མི་མེད་པས་ཁོ་མོ་ཐད་ཀར་ཡུལ་དུ་ཡོང་དགོས་པའི་སྐད་བསྐུར་ཞིང་། དེ་ནས་དགའ་སྣང་ཆེན་པོའི་ངང་། འགྲོ ཆུང་མ་ཉིན་གུང་ཡུལ་དུ་ཡོང་ཐུབ་རྒྱུ་མ་རེད་པས། བུ་མོ་ཁྲིད་དེ་ང་ཚོ་ཟ་ཁང་དུ་ཟ་མ་ཟ་རུ་འགྲོ། ཡུན་རིང་དུ་ངོ་མ་འཕྲད་པས་ཟ་མ་བཟའ་ཞོར་དུ་ཁ་བརྡ་བྱེད་ཟེར།
ཁོས་དེ་ལྟར་ཟེར་བས་ང་རང་ཅུང་ཧ་ལས་པར་གྱུར་སོང་། སེམས་ལ་ད་སྔོན་ལྡེ་མིག་སྟེར་བའི་བུད་མེད་དེ་ནི་ཁོའི་ཆུང་མ་ཨེ་ཡིན་ནམ་སྙམ། ཁོ་མོའི་ལུས་ཀྱི་ཆ་བྱད་དང་བཤད་པའི་སྐད་ཆ་དག་ལ་བལྟས་ན་བོད་མོ་ཞིག་དང་གཏན་ནས་མི་མཚུངས་པར་འདུག་པས། ཁོའི་ཕ་རྒན་གྱིས་ཆ་བྱད་འདི་ལྟ་བུའི་མནའ་མ་ཞིག་དང་ལེན་བྱ་ཨེ་སྲིད་དམ་སྙམ། སྤྱིར་ན་ཉིན་འདིར་ང་རང་རྫོང་མཁར་དུ་དངོས་རྫས་རྩག་རྩིག་ཅིག་ཉོ་རུ་ཡོང་བ་ཡིན་ཞིང་། རྒྱ་སྲང་ནས་ཟ་མ་ཟ་བཞིན་ཁ་བརྡ་བྱས་ནས་འདུག་ཁོམ་གཏན་ནས་མེད་མོད། དབང་འགྲུབ་ཀྱིས་ཨུ་ཚུགས་མཐར་སྐྱེལ་བྱས་པས་ཐབས་མ་བྱུང་བ་ཡིན། ཁོས་ཚོང་ཁང་གི་སྒོར་ཟྭ་བརྒྱབ་རྗེས་འཁྲིས་སུ་ཡོད་པའི་ཨོ་ཏིས་རྟགས་ཅན་གྱི་རླངས་འཁོར་དེའི་སྒོ་ཕྱེ་སྟེ་ང་རང་ནང་དུ་སྡོད་དུ་བཅུག་བྱུང་། ངེད་གཉིས་མཉམ་དུ་ཁོང་ཚང་གི་ཁྱིམ་དུ་འགྲོ་བའི་དུས་སུའང་ངས་ད་དུང་ད་སྔོན་གྱི་བུད་མེད་དེའི་ཆ་བྱད་ལ་ཕྱིར་དྲན་བྱེད་ཀྱིན་ཡོད།
ལམ་དུ་འགྲོ་ཞོར་དུ་ངས་ཡང་བསྐྱར་ཁོའི་ཕ་རྒན་སློབ་གཙོ་དྲན་བྱུང་བས། ཁྱོད་ཀྱི་ཕ་རྒན་བདེ་མོ་ཡིན་ནམ། ཁོང་གིས་ད་ལྟ་ཅི་ཞིག་བྱེད་ཀྱིན་འདུག ཅེས་དྲིས།
དབང་འགྲུབ་ཀྱི་གདོང་ལ་དེ་མུར་སྐྱོ་ཉམས་ཤིག་ཤར་ཏེ། བདེ་མོ་འདུག ཡིན་ཡང་ཁོ་ད་ལྟ་ཕྱིར་ཁོའི་ཕ་ཡུལ་དུ་ལོག་སོང་། དེའི་སྐོར་ངེད་གཉིས་ཀྱིས་དལ་མོ་བྱས་ནས་ཁ་བརྡ་བྱེད། ཟེར་ནས་ལག་གཡས་པའི་ཁུ་ཚུར་གྱིས་ཁ་ལོ་སྒྱུར་བྱེད་ཀྱི་སྟེང་ལ་རྡེག་ཙམ་བྱས་བྱུང་ལ། རླངས་འཁོར་གྱིས་ཀྱང་དེའི་ན་ཟུག་མ་བཟོད་པ་ལྟར་དུང་སྐད་འཛེར་བོ་ཞིག་བཏོན་བྱུང་།
བཤད་མི་དགོས་འདུག གང་ལྟར་ངས་དྲི་བ་དེས་ཁོའི་ཡིད་ལ་མི་སྐྱིད་པའི་ཚོར་བ་ཞིག་བྱིན་སོང་བ་ཐག་ཆོད་རེད་པས། ངས་ཀྱང་མུ་མཐུད་དུ་སྐད་ཆ་འདྲི་མི་བདེ་བར་གྱུར།
དབང་འགྲུབ་ཚང་གི་ཁྱིམ་ནི་རྫོང་སྲིད་གཞུང་གི་གཡས་ཟུར་གྱི་ཐོག་སོ་དྲུག་ཅན་གྱི་གཞིས་ཁྱིམ་ཐོག་ཁང་དེའི་ནང་དུ་འདུག་ཅིང་། ཐོག་སོ་བཞི་བའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་བརྒྱ་དང་ལྔ་བཅུ་ཡོད་པའི་ཁང་བ་ཞིག་རེད། ང་རང་ད་བར་དུ་ཐོག་ཁང་དུ་སྡོད་པའི་ཁྱིམ་ཚང་ཞིག་ཏུ་འགྲོ་མ་མྱོང་བས། ནང་དུ་འཛུལ་མ་ཐག་ངའི་མིག་འཁྲུལ་བར་བྱས་སོང་། དེ་སྔ་ངས་དཔེ་ཆ་ལས་མཐོང་བའི་ལྷའི་གཞལ་ཡས་ཁང་ཟེར་བ་དེའང་མཐར་གཏུགས་ན་འདི་འདྲ་ཞིག་ཡིན་རྒྱུ་རེད་ཨང་སྙམ་བྱུང་། ད་དུང་ནང་དུ་བསྒྲིགས་པའི་ཅ་ལག་དག་ཀྱང་རྩ་ཆེན་ཤ་སྟག་ཡིན་པར་སྣང་སྟེ། མཐིལ་ཤིང་གི་སྟེང་དུ་བལ་གྱི་ས་གདན་བཏིང་ཡོད་པ་དང་འབོལ་ཁྲི་ཀོ་ཡིས་བཏུམས་ཤིང་ཆ་སྒམ་ཤེལ་གྱིས་གྲུབ་པར་བྱས་ཡོད་པར་སྣང་བས། ནང་དུ་གོམ་པ་སྤོ་བར་ཡང་འཚེར་སྣང་སྐྱེས་དགོས་པ་ཞིག་འདུག
དབང་འགྲུབ་ཀྱིས་ང་རང་མཚར་འདུག་པ་མཐོང་ནས་དགོད་བཞིན་དུ་ཚུར་ཡོང་ནས། ཁང་བ་དང་བཅས་པའི་ཅ་ལག་འདི་དག་ཡོད་ཚད་ཕ་རྒན་གྱིས་ང་ལ་ཉོས་པ་རེད། ཁོའི་ད་བར་གྱི་གསོག་དངུལ་ཡོད་ཚད་ཀྱང་ང་ལ་བསྐྱུར་སོང་། སྤྱིར་ན་ང་རང་ཉིད་ཀྱིས་ཀྱང་ལྷ་ས་ནས་ཚོང་རྒྱག་ཁུལ་བྱས་ཏེ་གསོག་དངུལ་མི་ཉུང་བ་ཞིག་ཡོད་མོད། ཁོས་རྗེས་ནས་བུ་མོ་ནར་སོན་ན་མཁོ་བ་རེད་ཟེར་ནས་དེ་དག་ལ་ལག་པ་རེག་ཏུ་མི་འཇུག ཟེར་བཞིན་ང་རང་ཁྲིད་ནས་ཁང་བ་རེ་རེའི་ནང་དུ་ལྟ་རུ་བཅུག་ཅིང་། གློག་ཆས་རེ་རེའི་བསྟན་ནས་དེ་དག་གི་མིང་དང་རིན་གོང་བཅས་པ་ང་ལ་ངོ་སྤྲོད་བྱས་བྱུང་མོད། ངས་དེ་དག་གི་མིང་དང་སྤྱོད་སྒོ་ཅི་ཡིན་པའང་ག་ལ་རྟོགས། ཡིན་ནའང་རིན་གོང་བཤད་ཚེ་ངོ་མ་ཧ་ལས་ཏེ་ཁ་གདངས་དགོས་པ་ཞིག་ཏུ་གྱུར་འགྲོ
སྐབས་དེར། དབང་འགྲུབ་ཀྱི་བུ་མོའང་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ཐོན་བྱུང་། ཁོ་མོ་ཕལ་ཆེར་ལོ་བརྒྱད་དགུ་ཙམ་ལ་སོན་འདུག་ཅིང་། ངོ་གདོང་དཀར་ཞིང་མིག་ཟུང་ཆེ་ལ་རྣམ་རིག་བཀྲ་བ་ཞིག་འདུག་པས་ཧ་ཅང་སྙིང་རྗེ་བོ་འདུག
དབང་འགྲུབ་ཀྱིས་མོ་བསྟན་ནས། ཁོ་མོ་ངའི་བུ་མོ་ཡིན། ད་ལོ་ལོ་དགུ་ལ་སོན་པ་རེད། ལོ་རིམ་གསུམ་པའི་སློབ་མ་ཡིན། ཟེར་བ་དང་། ཡང་བུ་མོར་ང་བསྟན་ནས། ཨ་ཁུ་འདི་ཨ་ཕའི་སློབ་གྲོགས་རེད། ཅེས་བཤད་པ་ན།
བུ་མོས་ཁོག་སྟོད་སྒུར་ཙམ་གྱིས། ཨ་ཁུ་བདེ་མོ། ཞེས་འཚམས་འདྲི་བྱས་སོང་།
ང་ཚོ་གསུམ་པོ་ཁོང་ཚང་གི་ཁྱིམ་དང་གྱེས་ཏེ་སྒོར་ཡོང་བ་ན། དབང་འགྲུབ་ཀྱིས་འདང་རྒྱག་ཙམ་བྱས་ཏེ། མུ་མཐུད་དུ་རླངས་འཁོར་མ་བསྐོར་བར། བུ་མོ་དང་ངེད་གཉིས་ཀ་ཁྲིད་དེ་ཁོང་ཚང་གི་ཁ་གཏད་ཀྱི་སྲང་ལམ་དུ་ཡོད་པའི་བོད་ཟས་ཟ་ཁང་སྟེ། སྒོ་བྱང་སྟེང་དུ་ཨ་མའི་ལག་ཟས་ཞེས་བྲིས་ཡོད་པ་དེའི་ནང་དུ་ཁྲིད་སོང་། ཟ་ཁང་དེའི་ནང་གི་མཛེས་སྤྲས་དང་སྒྲིག་ཆས་ཡོད་ཚད་ཀྱང་བོད་ལུགས་ཤ་སྟག་གིས་བྱས་འདུག་པས། ནང་དུ་འཛུལ་མ་ཐག་ཏུ་བོད་ཁྱིམ་ཕྱུག་པོ་ཞིག་ཏུ་ཐོན་པ་ལྟ་བུའི་སྣང་བ་བྱིན་འོང་།
ང་ཚོ་ཡར་ཕུག་གི་ཆོད་ཁང་ཞིག་གི་ནང་དུ་སོང་སྟེ། ཅོག་ཙེ་ནར་མོ་འགྲམ་གཉིས་སུ་འདུག་སྟེགས་ཕྲུག་གདན་གྱིས་བཏུམས་ཡོད་པ་དེའི་སྟེང་དུ་བསྡད་པ་ན། འཁྱུག་ལྕག་དོད་པོའི་ཞབས་ཞུ་བུ་མོ་ཞིག་མྱུར་བ་མྱུར་དུ་ཡོང་སྟེ་ང་ཚོར་ཇ་བླུགས་པ་དང་། དེ་ནས་ཟས་བྱང་དང་འབྲི་ཤོག་ཁྱེར་ཡོང་སྟེ་ང་ཚོར་ཟ་མ་གདམ་དུ་བཅུག་བྱུང་། དབང་འགྲུབ་ཀྱིས་ཟས་བྱང་ང་ལ་གཏད་དེ་ཁྱོད་ཀྱིས་འདེམས་ཟེར་བས། ངས་ང་རང་ཟ་ཁང་འདི་རིགས་ཀྱི་ནང་དུ་ཡོང་མ་མྱོང་བས་འབྲི་མི་ཤེས། ཞེས་བཤད་ནས་ཁོ་རང་ལ་གདམ་དུ་བཅུག
བུ་མོས་འགྲམ་ནས། ངས་ལུག་ཤའི་བག་ལེབ་ཟ་རྒྱུ་ཡིན། ཟེར་བས། ཞབས་ཞུ་བུ་མོའང་དགོད་བཞིན་དུ། ཡ་ཡ། ཨ་ནེས་བྲིས་ཟིན་ཟེར།
འཕྲོར་མཐུད་ནས་དབང་འགྲུབ་ཀྱིས་ཟས་བྱང་ཕར་སློག་ཚུར་སློག་བྱེད་བཞིན་མང་པོ་ཞིག་འབྲི་རུ་བཅུག་བྱུང་བས། ངས་མྱུར་དུ་ཚོད་འཛིན་བྱེད་དུ་བཅུག་པ་ཡིན། མཇུག་མཐར་ཁོས་ད་དུང་ཝུ་ཆང་ཤེལ་དམ་འགའ་ཁྱེར་ཤོག་ཟེར་བས། ཁོའི་བུ་མོ་དེ་འཕྲལ་ཡར་ལངས་ཏེ། ཡང་ཆང་འཐུང་རྒྱུ་ཡིན་ནམ། ངས་ཨ་མ་ལ་བཤད་རྒྱུ་ཡིན། ཟེར་བས་ཞབས་ཞུ་བུ་མོ་བགད་ནས་ཁ་ཟུམ་མི་ཐུབ་པར་གྱུར།
དབང་འགྲུབ་ཀྱིས་བུ་མོར་གནང་བ་ཞུ་བའི་ཚུལ་གྱིས། དེ་རིང་ཨ་ཕའི་སློབ་གྲོགས་ཡོང་ཡོད་པ་མིན་ནམ། ཉུང་ཙམ་འཐུང་ན་སྐྱོན་ཡོད་པ་མ་རེད་ཟེར།
ངས་མྱུར་མོར་ཆང་འཐུང་གི་མེད་ལུགས་བཤད་པ་ན། དབང་འགྲུབ་ཀྱིས། དེས་ན་དམ་བི་གཉིས་ཁྱེར་ཤོག་དང་ཆོག་ཟེར།
ཝུ་ཆང་དམ་བི་གཉིས་དང་ཤེལ་ཕོར་གཉིས་དེ་མ་ཉིད་དུ་ཁྱེར་ཐོན་བྱུང་བས། དབང་འགྲུབ་ཀྱིས་དེ་མུར་ཁོ་རང་ལ་ཤེལ་ཕོར་གང་བླུགས་རྗེས། ངའི་ཇ་ཕོར་ལ་ཐོ་གཏུག་བརྒྱབ་རྗེས་ཝུ་ཆང་ཤེལ་ཕོར་གང་བོ་ཞབས་དག་བརྒྱབ་བྱུང་ལ། དེ་ནས་སྐོམ་སོད་སོང་བ་ལྟར་ཡང་བསྐྱར་ཤེལ་ཕོར་ནང་དུ་གང་བླུགས་རྗེས་མདུན་དུ་བཞག་སྟེ་ཁ་བརྡ་བྱས་བྱུང་།
ཁོས་ལག་པ་གཉིས་མདུན་ཅོག་སྟེང་དུ་བསྙེས་ཏེ། རེད་ཡ། ད་སྔོན་ཁྱོད་ཀྱིས་ངའི་ཨ་ཕའི་རྒྱུ་མཚན་དྲིས་པ་མིན་ནམ། ཁོ་ད་ལྟ་འདི་གར་མེད། ཕྱིར་ཁོའི་ཕ་ཡུལ་དུ་བུད་སོང་། ཁོས་ནམ་རྒྱུན་ཁྱོད་གླེང་གིན་འདུག ཁྱོད་ཀྱིས་འབྲོག་ཁུལ་ནས་ཁོ་ལ་རོགས་རམ་བྱས་ཚུལ་གླེང་གིན་འདུག ད་དུང་དེ་དུས་ཁྱོད་སློབ་གྲྭར་མ་སོང་བར་ཡིད་ཕངས་བྱེད་ཀྱིན་འདུག ཁྱོད་ཀྱིས་ངའི་ཕ་རྒན་ལ་དེ་ལྟར་རོགས་རམ་བྱས་པར་ངོ་མ་བཀའ་དྲིན་ཆེ། སྤྱིར་ན་ངས་ཁྱོད་ལ་ཆང་ཞིག་དྲངས་ཏེ་བཀའ་དྲིན་ཞུས་ན་འགྲིག་མོད། འོན་ཀྱང་ཁྱོད་ཀྱིས་ཆང་མི་འཐུང་བར་འདུག་ཟེར།
ངས་བྲེལ་འཚབ་ངང་། དེ་ལྟར་བཤད་སྲོལ་ག་ལ་ཡོད། ཁོ་ནི་ངའི་སློབ་གཙོ་རེད། ཡང་གཅིག་བཤད་ན་ངས་ཀྱང་རོགས་ཆེན་པོ་ཞིག་བྱ་ཐུབ་མེད། ཅེས་བཤད།
དབང་འགྲུབ་ཀྱིས་མུ་མཐུད་དུ་ཝུ་ཆང་ཉུང་ཙམ་འཐུང་སྟེ། མགོ་བོ་འཕྲེད་དུ་གཡུག་གཡུག་ཅིག་བྱས་ཏེ། ངོ་མ་བཤད་ན་ངས་ད་བར་དུ་ཅི་ཡང་མ་ཤེས་པར་འདུག ངས་ད་བར་དུ་ཕ་རྒན་གྱིས་ང་ལ་བཅངས་པའི་སེམས་དེ་མ་རྟོགས་པར་འདུག དྲིན་ཕ་མ་བཟང་བོའི་བཀའ་དྲིན་འདི། །ལོ་མ་རྒས་བར་དུ་མི་ཤེས་ཀི །ཟེར་བ་དངོས་གནས་བདེན་འདུག ད་ལྟ་བལྟས་ན་ཁོས་མི་ཚེ་འདིར་སྐྱིད་ཅི་ཡང་རྒྱག་མ་ཐུབ་པར་འདུག ཟེར་ནས་མིག་ཆུ་ཐིགས་པ་འགའ་འགྲིལ་བྱུང་།
ངས་ཀྱང་ཁོ་ལ་ཇི་ལྟར་སེམས་གསོ་བྱ་དགོས་པ་མི་ཤེས་པས། ད་ལྟ་ཤེས་ནའང་འཕྱི་ཡོད་པ་མ་རེད། ཁྱོད་ཀྱི་ཕ་རྒན་ད་དུང་གསོན་ཡོད་པ་མིན་ནམ། ངོ་མ་བཤད་ན། དེ་དུས་ངའི་ཕ་རྒན་ཚེ་ལས་འདས་པའི་རྐྱེན་གྱིས་ང་སློབ་གྲྭར་འགྲོ་མ་ཐུབ་པ་རེད། ཁྱིམ་ནང་དུ་བུ་ང་གཅིག་པུ་ལས་མེད་པས། ངས་ཨ་མ་གཅིག་པུ་ཤུལ་དུ་བསྐྱུར་སྲོལ་མི་འདུག་ཨང་། ཞེས་བཤད།
སྐད་ཆ་དེ་ཁོའི་རྣར་འགྲོ་ཡིན་མེད་པ་འདྲ། ཧྲིག་གེར་ང་ལ་ལྟ་བཞིན། འོ་ན་ཕ་རྒན་གྱིས་དེ་ལྟར་བཤད་མ་བྱུང་། ཁོའི་སེམས་ནས་ཁྱོད་ཀྱིས་གང་བྱུང་ངང་གོ་སྐབས་འཕྲོ་བརླག་ཏུ་བཏང་སོང་སྙམ་གྱིན་འདུག ཟེར་ནས་ད་དུང་ངའི་སྐད་ཆའི་བདེན་རྫུན་ལ་བརྟག་པ་ལྟར་འདུག
ངས་མགོ་ལྡེམ་ཙམ་བྱས་ཏེ། བདེན། དེ་དུས་ངས་ཀྱང་ཁོང་ལ་དེ་དག་གསལ་བོར་མ་བཤད། བཤད་ཀྱང་དོན་སྙིང་ཅི་ཞིག་ཡོད་དམ། ཡང་གཅིག་བཤད་ན་འདི་དག་ཡོད་ཚད་ལས་དབང་གི་བཀོད་སྒྲིག་ཅིག་རེད། གལ་ཏེ་ངའང་མུ་མཐུད་དུ་སློབ་གྲྭར་སོང་ཡོད་ཚེ། ད་ལྟ་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་གྱུར་ནས་ཟླ་ཕོགས་ལེན་གྱིན་ཡོད་ཅིང་། ད་དུང་སློབ་གཙོ་དང་ངེད་གཉིས་ཡང་བསྐྱར་ངོ་འཕྲད་མིན་ཡང་སུ་ཞིག་གིས་ཤེས་རྒྱུ། ཞེས་བཤད།
དབང་འགྲུབ་དེ་མུར་དགོད་ཙམ་བྱས་ཏེ། དེའང་བདེན་འདུག འོན་ཀྱང་ངས་ནི་སྐྱིད་མ་ཐེག་པ་རེད། ཆུང་དུས་སུ་ཕ་རྒན་གྱིས་ནམ་རྒྱུན་རེ་བ་ནན་མོ་འཛིན་པ་དེར་སྙིང་ནད་འཆང་གིན་འདུག ད་དུང་དུས་རྒྱུན་དུ་ལྐོག་ནས་ཁོ་ལ་ངན་བཤད་བྱས་པ་རེད། ངོ་མ་འདི་ནི་ལས་རྒྱུ་འབྲས་ལའང་མི་རུང་བ་ཞིག་ཡིན་རྒྱུ་རེད། ཟེར་ནས་མགོ་བོ་འཕྲེད་དུ་གཡུག་བཞིན་ཝུ་ཆང་ཤེལ་ཕོར་གང་དེ་ཞབས་དག་བྱས་སོང་།
ཁོས་ཝུ་ཆང་འཐུང་བ་དེར་ཧ་ཅང་ཞིམ་སྣང་ཞིག་འདུག་པས། ངས་ཀྱང་ཇ་ཕོར་བླངས་ཏེ་ཁམ་འགའ་འཐུང་དགོས་བྱུང་། དེ་ནས་འདང་ཞིག་བརྒྱབ་སྟེ། དེས་ན་ཁྱོད་རང་ལྷ་སར་འབྲོ་དོན་ཅི་ཡིན། ཞེས་དྲིས།
དབང་འགྲུབ་ཀྱིས་ཝུ་ཆང་ཤེལ་དམ་གཞན་དེ་བླངས་ནས་ཤེལ་ཕོར་དུ་གང་བླུགས་ཀྱང་། ཐེངས་འདིར་ཁོས་དེ་མ་ཐག་ཏུ་འཐུང་མ་བྱུང་། ཁོས་བཤད་རྒྱུར། ད་ལྟ་འདང་བརྒྱབ་ན་ངོ་མ་རྣར་མི་འགྲོ་བ་ཞིག་རེད། དེ་དུས་རྒྱུགས་མ་འཕྲོད་པས་ཕ་རྒན་གྱིས་ང་དམག་ཁྲོད་དུ་བཅུག་པ་རེད། ང་དེར་འགྲོ་མ་འདོད་པར་གང་ས་གང་དུ་བྲོས་ནས་བསྡད། ཕ་རྒན་ཐེངས་དུ་མར་ང་འཚོལ་དུ་སོང་ནས་མཚན་མོ་ཐང་ནས་ཞག་ཏུ་ལུས་པའང་འདུག ཁོས་ང་རང་ཡུལ་ནས་འདུག་རྒྱུ་མ་རེད་སྙམ་སྟེ་མནའ་མ་ཞིག་བསླངས་བྱུང་། བར་དེར་དབང་འགྲུབ་སླར་ཡང་དགོད་ཙམ་བྱས་ཏེ། མནའ་མ་དེ་ཁྱོད་ཀྱིས་ཀྱང་ཤེས་པ་ཡིན། ཚེ་རིང་སྒྲོལ་མ་རེད། ཁྱོད་ཀྱིས་དྲན་གྱིན་ཨེ་འདུག དེ་དུས་ངས་ཁོ་མོར་འོ་བྱས་པས་ཁོ་མོས་ངའི་ཕ་རྒན་ལ་གཏུག་བཤེར་བྱས་པ་དེ་རེད། ཁོ་མོར་དེ་དུས་ནས་ཡག་མོ་སྒོ་འཛོམས་པོ་ཞིག་ཡོད་ཨང་། ཁོ་མོས་ཀྱང་རྒྱུགས་མ་འཕྲོད་པར་ཡུལ་དུ་བསྡད་འདུག ཡིན་ཡང་ངས་དེའང་དང་ལེན་མ་བྱས་པས། ཕ་རྒན་གྱིས་ང་ལ་གཅར་རྡུང་བྱས་པ་རེད། ང་གཞི་ནས་ལྷ་སར་བྲོས་པ་ཡིན་ཟེར།
ང་ལ་སེམས་གཏིང་ནས་དགོད་རྒྱུ་ཞིག་ལངས་བྱུང་། ཀུ་རེའི་ཚུལ་དུ། དེ་སྐྱིད་པོ་འདུག ངས་ད་བར་དུ་བུ་མོ་གནས་ལ་མ་སོང་བར་གཞན་དུ་བྲོས་ཚུལ་ཐོས་མྱོང་མོད། མནའ་མ་ལེན་རྒྱུ་ཟེར་ན་མག་པར་བྲོས་འགྲོ་བ་ཞིག་གོ་མ་མྱོང་། ཞེས་བཤད།
ཞབས་ཞུ་མས་བུ་མོས་ཟ་འདོད་པའི་ལུག་ཤའི་བག་ལེབ་ཁྱེར་ཐོན་བྱུང་བས། བུ་མོས་ཐལ་མོ་རྡེབ་བཞིན། ཨ། ངའི་ཟ་མ་སླེབས་བྱུང་། ཁྱོད་གཉིས་ཀྱི་ཟ་མ་ཐོན་མི་འདུག་ཟེར།
དབང་འགྲུབ་ཀྱིས་ཀྱང་དེ་མུར་བཤད་མཚམས་བཞག་ནས། ཟ་མ་ཐོན་བྱུང་འདུག འཁྱག་སོང་ན་མི་བཟང་བས་དྲོད་མ་ཡལ་བར་ཟོ། ཟེར་ནས་བག་ལེབ་གཅིག་བླངས་ནས་བུ་མོའི་ལག་ཏུ་བཞག་པ་དང་། ཡང་གཅིག་བླངས་ནས་ངའི་ལག་ཏུ་གཏད་བྱུང་།
ངས་ལུག་ཤའི་བག་ལེབ་དེ་ཟ་བཞིན་དུ། ལྷ་ས་ནས་ཅི་འདྲ་འདུག ཅེས་དྲིས།
དབང་འགྲུབ་ཀྱིས་ཡང་བསྐྱར་མགོ་བོ་འཕྲེད་དུ་གཡུག་བྱུང་། སྐྱིད་རྒྱུ་ཅི་ཡོད། དང་ཐོག་གཞན་ལ་གླ་གཡོག་བྱས་པ་ཡིན། གཞན་གྱིས་གཤེ་གཤེ་གཏོང་མྱོང་། གཅར་རྡུང་མྱངས་མྱོང་། ལྟོགས་སྐོམ་མྱངས་མྱོང་། དེ་དག་ཚང་མ་རང་ཉོས་རྡོ་ལོག་རེད། ཡིན་ནའང་ཕ་རྒན་སྡུག་ལ་གཏད་པ་རེད། ཕ་རྒན་དང་ངེད་གཉིས་ངོ་འཕྲད་པའི་བར་དུ་ངས་ཁོ་རང་འདི་འདྲ་ཞིག་རྒས་ཡོད་པ་སེམས་ལའང་མ་དྲན། ངའི་སེམས་ནང་ནས་ཁོ་ད་དུང་དེ་དུས་ཀྱི་བཟོ་ལྟ་དེ་འདྲ་ཞིག་ཡིན་པར་ཀུན་རྟོག་བྱས་ཡོད། ད་ལྟ་བལྟས་པ་ན་རྒས་ཏེ་ལུས་པོ་སྒུར་འདུག ཁ་ཆུ་སྣ་ཆུ་བདག་བྱེད་ཐུབ་ཀྱི་མི་འདུག མགོ་སྐྲ་དང་སྨྲ་ར་དཀར་པོར་གྱུར་འདུག འདི་ཚང་མ་ངའི་བྱས་ཉེས་རེད། ཁོས་དེ་ལྟར་བཤད་བཞིན་ཟ་མ་ཟ་བའི་ཡི་གའང་མེད་པར་གྱུར་སོང་།
ཁོས་མུ་མཐུད་དུ་བཤད་རྒྱུར། སྤྱིར་ཡིན་ན་ང་ཕྱིར་ཡོང་བ་ནས་བཟུང་། ང་ཚོ་བཟའ་མི་གང་བོ་སྐྱིད་པོ་བདེ་མོ་བྱས་ཏེ་བསྡད་ན་སྙམ་གྱིན་ཡོད། ཡིན་ནའང་ངའི་ནག་མོར་ཁང་བ་མཁོ་བ་ལས་ལོ་ལོན་མི་དགོས་པར་འདུག ཁྱོད་ཀྱིས་མཐོང་ཨང་། ད་སྔོན་ཚོང་ཁང་ནང་དུ་ཡོང་བ་དེ་རེད། ཆུང་དུས་ནས་གྲོང་ཁྱེར་ནས་ནར་སོན་པ་རེད་པས། ནམ་རྒྱུན་ཕ་རྒན་ལ་སྡང་སྡིགས་སྣ་ཚོགས་སྟོན་གྱིན་འདུག ཕ་རྒན་མི་གསོ་ན་ང་ལའང་ཁོ་མོས་ཅི་བྱེད་དམ། ངས་ཐེངས་འགར་གཉེན་འཐོར་བྱེད་རྩིས་བྱས་མོད། ཕ་རྒན་རྩ་བ་ནས་འཐད་ཀྱིན་མི་འདུག གཉེན་འཐོར་བྱ་མི་རུང་། ཁྱོད་གཉིས་ལ་སྐྱོན་མེད་ཀྱང་བུ་མོ་གཅིག་པུ་སྡུག་འགྲོ། དེ་ལས་ཁོ་རང་རེ་ཞིག་རིང་ཕ་ཡུལ་དུ་སོང་ནས་སྡོད་འདོད་ཟེར། དོན་འདི་ངས་གཏན་ནས་དང་ལེན་བྱེད་མི་འདོད་མོད། ད་ནི་ཁོས་མུ་མཐུད་དུ་བུ་དང་ཚ་མོའི་དོན་དུ་སེམས་ཁུར་བྱེད་ནུས་རྒྱུ་མ་རེད་ཟེར་བས། མཇུག་མཐར་ཐབས་མ་བྱུང་བ་རེད་ཟེར།
ང་ལ་སྐད་ཆ་བཤད་རྒྱུ་ཅི་ཡང་མ་བྱུང་། རང་དབང་མེད་པར་། ཁོང་ནི་ངོ་མ་རླབས་ཆེན་གྱི་ཨ་ཕ་ཞིག་རེད། ཅེས་བཤད།
སྐབས་དེར་ཟས་སྣ་ཡོངས་རྫོགས་འཛོམས་འདུག་པས། ངེད་གཉིས་ཀྱིས་མུ་མཐུད་དུ་ཁ་བརྡ་མ་བྱས་པར་ཟ་མ་བཟས་པ་ཡིན། ཟ་ཁང་དེའི་ཟ་མ་ནི་ཧ་ཅང་བཟང་འདུག་སྟེ། ངས་ད་བར་དུ་རྒྱ་སྲང་གི་རྒྱ་ཐུག་དེ་དག་འཐུང་བ་ལས་འདི་ལྟ་བུའི་ཟ་ཁང་ཆེན་པོའི་ཟ་མ་བཟའ་མ་མྱོང་། ཡིན་ནའང་སློབ་གཙོས་ད་བར་དུ་ཁེར་རྐྱང་ངང་ངལ་ལས་སྣ་ཚོགས་མྱངས་ཏེ་རང་ཉིད་ཀྱི་བུ་ལ་རེ་སྒུག་གིས་མི་ཚེ་ཟད་པར་གྱུར་པ་དང་། མཇུག་མཐར་ཡོད་ཚད་བུ་དང་མནའ་མར་གཏད་རྗེས། རང་ཉིད་ལ་སྡོད་གནས་མེད་པར་སླར་ཡང་ཁེར་རྐྱང་ངང་ཕྱིར་ཕ་ཡུལ་དུ་ལོག་པའི་མཇུག་འབྲས་དེས། ངའི་ཟས་ཟ་བའི་ཡི་ག་རྩ་བ་ནས་འཆུས་པར་གྱུར་སོང་།
ང་ཚོ་ཟ་ཁང་དེ་ལས་སྒོར་འབུད་དུས་ཉིན་གུང་གི་ཆུ་ཚོད་གཅིག་ལ་བསླེབས་འདུག ངས་དབང་འགྲུབ་ཕ་བུ་གཉིས་ལ་གྱེས་ཕྱག་འབུལ་བཞིན་དུ། ནམ་ཞིག་སློབ་གཙོ་འདི་གར་ཡོང་ཚེ་ཁྱོད་ཀྱིས་ང་ལ་ཁ་པར་རྒྱོབས་དང་། ངས་ཁོ་ལ་བསྐོར་བ་ཞིག་བྱེད་འདོད། ཅེས་བཤད།
དབང་འགྲུབ་ཀྱིས་ངའི་ལག་པ་ནས་དམ་པོར་འཇུས་ཏེ། ཕ་རྒན་འདི་གར་ཐོན་ཚེ་ངས་ངེས་པར་དུ་ཁྱོད་ལ་ཁ་པར་རྒྱག་ངེས། ད་དུང་དུས་རྒྱུན་དུ་རྫོང་མཁར་དུ་ཡོང་ནའང་ངའི་ཚོང་ཁང་དང་ཁྱིམ་ཚང་ཡོད་ས་ཁྱོད་ཀྱིས་ཤེས་པ་ལྟར་རེད། ངེས་པར་དུ་ཡོང་དགོས་ཟེར།
ང་རང་རྫོང་མཁར་དུ་ཐོན་དུས་ཉིན་གུང་གི་སྐབས་སུ་འཁེལ་འདུག་པས། དབྱར་ཁའི་ཚ་གདུག་གིས་མདང་དགོང་གི་ཆར་ཤ་དྲག་པོ་དེའི་བརླན་གཤེར་ཤུལ་མེད་དུ་བསྐམས་ཏེ། རྒྱ་སྲང་ཧྲིལ་བོ་བལ་ལྟར་གཞོབ་ཐལ་དུ་བསྲེགས་འདོད་པའམ་ཡང་ན་བཞུས་ནས་མར་ཁུ་རུ་བསྒྱུར་འདོད་པ་ལྟར་ཚ་རླབས་འཕྱུར་གྱིན་འདུག་པས། ཕྱོགས་ཡར་མར་ནས་ཚོང་རྒྱག་ཏུ་ཡོང་བའི་མི་རྣམས་ནི་ཉི་མའི་ཚ་གདུག་གིས་མིག་འབྱེད་དཀའ་བར་གྱུར་པ་དང་། གོམ་པའང་འདེགས་མི་འདོད་པའི་ངང་ལྡབ་ལྡིབ་དང་སྒྱིད་ལུག་གིས་འགྲོ་འོང་བྱེད་པར་བལྟས་ན། ཁོ་ཚོ་སྐད་ཅིག་ལ་དེ་མལ་དུ་འགྱེལ་ཨེ་འགྲོ་དང་། ཡང་ན་གར་ཡོང་མི་ཤེས་པའི་རླངས་འཁོར་ཞིག་གིས་རྡུང་ག་འཁེལ་ཨེ་འགྲོ་ལ་སེམས་ཁུར་བྱེད་དགོས་པའི་ཚད་རེད། རྫོང་མཁར་དུ་སྡོད་པའི་མི་དག་ལ་མཚོན་ན། ཚ་གདུག་འདི་ལྟ་བུའི་ནང་དུ་ཆེད་དམིགས་ཀྱིས་མཁོ་དངོས་ཤིག་ཉོ་རུ་འགྲོ་དགོས་བྱུང་བ་མིན་ཚེ། འཕྱི་བས་དགུན་ཉལ་བྱེད་པ་ལྟར་ཁྱིམ་དུ་བསྡད་ནས་ཚ་བྱོལ་བྱེད་པ་ལས་ཕྱི་རུ་འབུད་མི་སྲིད།
ངས་གླ་འཁོར་རྙིང་བ་དེ་རླངས་འཁོར་འཇོག་སར་བཅོལ་ནས་རྒྱ་སྲང་དུ་སོང་། ངས་ཚོད་དཔག་བྱས་ན། ཁོ་རང་མདང་དགོང་ཕ་ཡུལ་ནས་ཐོན་པ་ཡིན་པས་དེ་རིང་ཚོང་ཁང་དུ་སོང་ཡོད་རྒྱུ་མ་རེད་སྙམ་མོད། འོན་ཀྱང་ཐག་ཆོད་དཀའ་མོ་རེད་པས། སྔོན་དུ་ཁོ་ལ་ཁ་པར་ཞིག་བཏང་།
ཁོས་ལན་དུ། ཁྱོད་ཐོན་བྱུང་ངམ། ངས་ཁྱིམ་ནང་དུ་ངལ་གསོས་ནས་ཡོད། འདི་གར་ཤོག ཁྱོད་ཡོང་ཤེས་ཨང་ཟེར།
ངས་ཡང་ལན་དུ། ལོས་ཤེས། དེ་སྔོན་ཁྱོད་ཀྱིས་ང་ཁྲིད་ནས་སོང་བ་མིན་ནམ་ཞེས་བཤད།
ང་རང་ཐག་ཉེ་ན་ཡོད་པའི་ཚོང་ཁང་ཞིག་གི་ནང་དུ་སོང་སྟེ། ཇ་བག་གཉིས་དང་ཁ་བཏགས་ཤིག་ཉོས་རྗེས། ཉིན་གུང་འདིའི་ཚ་གདུག་ཁྲོད་ནས་ཁུག་མ་ལག་ཏུ་བསྣམས་ཏེ་ཐད་ཀར་རྫོང་སྲིད་གཞུང་གི་གཡས་ཟུར་དུ་ཡོད་པའི་གཞིས་ཁྱིམ་ཐོག་ཁང་དེར་བསྙེགས་ནས་སོང་། རྒྱང་རིང་ས་ནས་བལྟས་ན། ཐོག་ཁང་དེ་ནི་གཟབ་འཕྱོར་རྒྱས་པར་སྤྲས་པའི་འཕྱོན་མ་ཞིག་གིས་སྒེག་པའི་ཉམས་ཀྱིས་ཐག་རིང་ནས་གཡབ་མོ་བྱེད་པ་ལྟར་ཧ་ཅང་མིག་ལ་བཀྲག་པ་ཞིག་འདུག་ཀྱང་། ཐག་ཇེ་ཉེར་སོང་གིན་དེའི་རྣམ་པ་རིམ་གྱིས་ཤོར་བར་གྱུར་ཏེ། བྱིས་པ་ཚོས་རྒྱུན་དུ་ལྟ་བར་དགའ་བའི་འགུལ་རིས་བརྙན་འཕྲིན་ཁྲོད་ཀྱི་གཟུགས་སྟོབས་རི་བོ་བཞིན་ཆེ་ཞིང་། ལུས་ཡོངས་ཁ་མིག་གིས་ཁེངས་ལ། ཡོད་ཚད་ཁོང་དུ་དྲངས་འགྲོ་བའི་གདོན་འདྲེ་ཡ་མ་གཟུགས་དེའི་དབྱིབས་སུ་འགྱུར་གྱིན་པའི་སྣང་བ་སྐྱེས་བྱུང་ངོ་།།