སྙན་ངག་ཚན་པ་ལྔ།
མི་ཉག་འོད་ཟེར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26
འོད་ཀྱི་དམུ་ཐག་ཅིག
རིགས་ཀྱི་བླ་སྲོག་ལ་བརྒྱུས་ཏེ།
བསྐལ་བ་ནས་བསྐལ་བའི་བར་དུ།
མེས་པོའི་གདོང་གི་རྒས་གཉེར་གྱི་རི་མོར་སིམ།
གནམ་སའི་གའུ་ཁ་ཕྱེས་པ་ནས།
ཁྱེད་ནི་ཉི་ཟླ་དང་ལྷན་སྐྱེས་སུ།
སྲིད་པའི་སྒོ་ངའི་སྦུབས་ལས་གྲོལ་ཏེ།
ས་སྒང་རིལ་མོ་འདིའི་གདོད་མའི་གཏམ་རྒྱུད་བསྐྲུན།
ཞང་ཞུང་ཕུག་གི་འོལ་མོ་ནས།
མེས་པོ་ཚོ་དཀའ་སྡུག་གི་འཕྲང་ལམ་བརྒྱུད་དེ།
ཁྱུང་ཆེན་སྒྲོ་ཐུལ་བརྐྱངས་འདྲའི་གཡང་གཞིས་འདི་ནས།
མི་རབས་ནས་མི་རབས་སུ་འཚོ།
ཤར་གྱི་རྒྱལ་མོ་དམུ་རྡོ།
གནམ་འདེགས་ཀྱི་ཀ་ཆེན་ཇི་བཞིན།
གངས་རིའི་ཤར་གྱི་རོང་ཆེན་ན།
གཡོ་མེད་དུ་བརྟན་ཞིང་བརྗིད།
རྒྱལ་མོའི་མཉེན་འཇམ་གྱི་སྐུ་ལུས་ལས།
ས་ལ་ཟགས་པའི་རྔུལ་ཆུའི་ཐིགས་པ་ཞིག་སྟེ།
ཆུ་བོ་རྒྱལ་མོ་རྔུལ་ཆུ།
ལོ་ཟླའི་རླབས་རྒྱུན་དང་བསྡོངས་ཏེ་རྒྱང་རིང་དུ་བཞུར།
2021ལོའི་ཟླ10བའི་ཚེས20ལ་པེ་ཅིང་ནས་ཁྲི་འདུའི་བར་གྱི་མཁའ་ལམ་དུ་བྲིས།
མགར་ཐར། ཞེ་ལ་ཐོགས་པའི་ཕ་ཡུལ།
ཕ་ས་སྨུག་པོ་འདི་སེམས་ལ་སྒོམ་དུས།
དྲོད་ཁོལ་དང་བརྩེ་བ་འཇམ་པོ་ཞིག་གིས་སྦྲུམ་པའི།
རྒྱང་རིང་རྒྱང་རིང་གི་ཕ་ཡུལ་ཏེ།
ང་དང་ཡུལ་གྱིས་བསྐལ་བའི་གཞིས་ཁྱིམ་དྲོན་མོ་དེ་
སླར་ཡང་ཡིད་ལ་འཁོར་བྱུང་།
ལོ་ཟླ་མང་པོ་ཞིག་ལ།
ཕ་ཡུལ་གྱི་པང་དུ་འཚོ་མ་ཐུབ་རུང་།
བྱམས་བརྩེས་འཚོ་བའི་ཡུལ་མི་ཚོའི་བཞིན་རས་དང་།
ད་དུང་། རི་ཆུ་ནགས་གསུམ་སོགས།
ཕ་ཡུལ་གྱི་རང་བྱུང་གི་བཀོད་པ་རྣམས་སེམས་ལ་
དྲན་ཐེངས་རེ་རེར།
སེམས་ཀྱི་སྨེང་བའམ་ན་ཟུག་དྲག་པོ་ཞིག
གློ་མཆིན་སྙིང་གསུམ་ནས་དལ་གྱིས་ལྡིང་ཡོང་།
མགར་ཐར།
ཆུ་བཞི་སྒང་དྲུག་གི་འཕྲེད་གཞུང་ན།
ཕྲ་རྒྱན་བཏབ་པའི་གསེར་གྱི་ཚོམ་བུ་ཇི་བཞིན།
མི་རིགས་འདིའི་དབུ་འཕངས་ས་ཆེན་གྱི་གཙུག་ན་འཕགས་དུས།
བཙན་པོའི་ཕ་མཁར་ནང་དུ།
མགར་སྟོང་བཙན་ཞེས་དཔའ་མཛངས་འཕྲུལ་ཅན་གྱི་
དགུང་བློན་འདི་ཉིད།
ཁྱེད་ཀྱི་བྲང་རུམ་ནས་བསྙོལ་བའི་རིགས་རུས་ཤིག་གི་
བུ་ཚ་ཡིན་སྐད།
ཟླ་བདུན་པའི་ལང་ཚོའི་ཁྲོད་དུ།
ཕ་ཡུལ་གྱི་པང་ཁུག་ནས་སེམས་པ་བརླན་ལ་སྦྱར་དུས།
ལྗང་མདོག་གིས་སྤུད་པའི་རི་ཀླུང་ཐང་གསུམ།
ན་ཆུང་མའི་འཛུམ་བག་ཇི་བཞིན།
ཕ་ཡུལ་གྱི་བཞིན་རས་འདི་ཇི་འདྲའི་སྙིང་དུ་སྡུག་ཨང་།
མགར་ཐར། ཞེ་ལ་ཐོགས་པའི་ཕ་ཡུལ།
2021ལོའི་ཟླ8པའི་ཚེས8ཀྱི་མཚན་མོར་བཅོས།
དོ་ནུབ། ཡང་གཉིད་ཁུག་མ་སོང་།
དོ་ནུབ།
ཡང་གཉིད་ཁུག་མ་སོང་།
བསམ་གཞིགས་སྣ་མང་ཞིག།
དྲན་པའི་ཡོལ་རས་སུ་སྤུངས་ཤིང་།
ཕྱིར་དྲན་དང་དགའ་སྐྱོའི་ཀློང་ནས།
སེམས་ཀྱི་རྟོག་འགྱུ་འདི།
ཧ་ཅང་རྒོད།
གོ་ཐོས་ལ།
ཕ་ཡུལ་དུ་ཁ་བ་བབས་འདུག་ཟེར།
དཀར་བོང་བོང་གི་ཕ་ཡུལ།
རུ་སྡེ་ཁྲ་མོ་འདི་ཡི་ངོ་གདོང་།
ནག་ནོག་གི་དྲི་མས་དབེན་ཞིང་།
དག་ཅིང་གཙང་།
རྨི་ལམ་ལ་གཤོག་པ་ཐོགས་པའི་ལོ་ཟླ།
ས་ཆེན་ལ་གསེར་མདོག་བྱུགས་པའི་དུས་ཚིགས།
ཕ་ཡུལ།
སེམས་ཀྱི་ཞིང་ས་ན།
མངོན་ཆུང་གིས་འཛུམ།
2021ལོའི་ཟླ11པའི་ཚེས11གི་མཚན་གུང་ལ་བྲིས།
ལི་ཐང་། ན་ཆུང་མའི་མཆུ་སྒྲོས་སུ་བཞད་པའི་མེ་ཏོག་རྐང་གཅིག
གངས་རིའི་ཁོང་གསེང་གི།
གནམ་སའི་འདྲེས་མཚམས་ན་འགྱིང་བའི་ལི་ཐང་ནི།
ན་ཆུང་མའི་མཆུ་སྒྲོས་སུ་བཞད་པའི་མེ་ཏོག་རྐང་གཅིག་སྟེ།
སྙིང་དུ་སྡུག་ཅིང་དུངས་པས་བཟི།
ལི་ཐང་ནི།
ཁྲུང་ཁྲུང་དཀར་མོ་ཞིག་གི་གཤོག་ཟུང་སྟེ།
ཁྱེད་ཀྱི་ཁོད་ཡངས་པའི་བྲང་གཞུང་ནས།
འཁྲེང་ཞེན་དང་ཕྱི་མིག་གི་ཀློང་ན།
གནམ་འཕང་གཅོད་ཅིང་གཤོག་རྩལ་ངོམ།
ལི་ཐང་། གྲྭ་རྐྱང་འཁྱམ་པོ་ཞིག་གི་པིར་རྩེ་ནས་འཕྱོ་བའི་སྙན་ངག་དྭངས་མ།
གངས་རི་དཀར་པོའི་དབུ་གཙུག་ན་འཚེར་བའི་འོད་ཀྱི་མུ་ཏིག
ས་ཆེན་ཟླུམ་པོའི་ཐོད་དུ་བཅིངས་པའི་བྱུར་དམར་འཁྲི་ཤིང་།
ལི་ཐང།
སྒང་དྲུག་རི་བོའི་གཏོས་སུ།
ཁྱེད་ནི་སྲིད་པའི་གངས་རྒན་དང་ལྷན་དུ།
སྒོམ་ཚུགས་ཀྱིས་འགྲེང་ཞིང་།
ཡར་ཀླུང་གཞུང་གི་གསས་མཁར་ན།
དུད་དྲེག་གིས་སྦགས་པའི་གླེགས་བམ་ཁྲོད་དུ་ཁྱེད་རང་
གླེང་མཁན་བྱུང་འདུག་སྐད།
ཁྱེད་ཀྱི་བྲང་རུམ་ནས།
སྒང་བ་ཚང་གི་སྙིང་གསོན་པོའི་འཕར་ལྡིང་གི་ཐག་སྒྲ་ཉན་ཆོག་ལ།
ཉི་ཟླ་དང་ཆེས་ཉེ་ས་ནས་དྭངས་གསལ་གྱི་མཁའ་དབྱིངས་ལ་
ལག་བྱུག་བྱེད་ཆོག།
ལི་ཐང་ནི།
ཕ་མེས་ཚོའི་རུས་རྐང་ན་འཁྱིལ་བའི་རིགས་ཀྱི་དབྱངས་རྟ་
འཇམ་པོ་དེ་ཡིན་ལ།
རྒྱང་རིང་གི་ངང་སྒུག་དང་དྲན་པའི་ཀློང་ནས་སྦྲུམ་པའི་
འཛུམ་མདངས་མངར་མོ་དེ་ཡིན།
ལི་ཐང་ནི།
འབྲོང་དར་མའི་ངུར་སྒྲས་མཆེད་པའི་ས་མཐོའི་ཡུལ་གྲུ་དེ་ཡིན་ཞིང་།
རྟ་འདོ་བའི་བང་རྩལ་གྱིས་བསྐྲུན་པའི་གདོད་མའི་ཕ་གཞིས་ཀྱང་ཡིན་ནོ།།
རི་རྩེ་ལ་འཁྱུད་པའི་ཉི་ཟེར།
—— དཔལ་དོན་གྲུབ་རྒྱལ་རྗེས་སུ་དྲན་པ།
དུས་རབས་ཉི་ཤུའི་རླབས་རྩེ་ན།
དཔྱོད་མིག་གི་འོད་དཀར་ཁྱེད་ཀྱིས་སྒྲོན་དུས།
སུ་ཞིག་གིས་དཔུང་རོགས་མ་བྱས་ལ།
ལོ་རབས་བརྒྱད་ཅུ་བའི་བྲང་གཞུང་ནས་རྔུལ་ཆུ་དང་ལྷན་དུ་འགྲིལ་སྐབས།
གང་གིས་ཀྱང་གདེང་འཇོག་མ་གནང་།
རང་གྲོལ།
མི་ལོ་སུམ་ཅུའི་རིང་གི་ཉམས་མྱོང་དེ་དག
དགག་སྒྲུབ་ཀྱི་སྙིང་སྟོབས་ལ་བརྒྱུས་ཏེ།
ལྷགས་རླུང་རྒོད་པའི་རི་གྲོང་ན།
རྐང་རྗེས་ཙམ་ལས་མ་བསྐྱུར་བར་གང་དུ་བུད་སོང་།
རང་གྲོལ།
ལོ་རྒྱུས་ཀྱི་དཔང་པོ།
དཔྱོད་ཤེས་ཀྱི་ལྡེ་མིག
མི་རབས་ཤིག་གིས་ངོམ་ཆོག་ཆོག་གི་ང་རྒྱལ།
དུས་རབས་ཤིག་ལ་ཚང་འོས་པའི་ཡོད་ཚད།
གུ་དོག་དང་མཁྲེགས་འཛིན་གྱི་མིག་ལམ་ན་འཕྲེད་དུ་གནས་
པའི་གཟེར་བུ་རྣོན་པོ།
ཁྱེད་ཀྱིས་ལྷད་མ་འདྲེས་པའི་མི་སྐད་སྨྲས་པ་ནས།
བོད་ཡུལ་ལ་ན་གཞོན་གྱི་ཐ་སྙད་བྱུང་ཞིང་།
མི་ཡུལ་ལ་མཛེས་སྡུག་གི་ཁ་དོག་བསྣན།
རང་གྲོལ།
མི་ཁ་མཆིལ་ཞགས་ཀྱི་ཁུར་བོ་ཁྱེར་ཏེ།
མ་ངེས་པའི་དུར་ས་རུ་ཁྱེད་ཉིད་ཞུགས་པ་ནས།
རང་མོས་སྙན་ངག་གི་དུར་མཆོད་པ་གྲངས་མེད་ཅིག
ཁྱེད་དང་ཁྱེད་ཀྱི་སྙན་ངག་ལ་སྨོན་པ་འཆོར་བཞིན།
འཇིག་རྟེན་གྱི་བདེན་པ་བརྡར།
རང་གྲོལ།
མི་ཡུལ་གྱི་གནས་ལུགས་ལ་སྤར་འཇུ་བྱས་ཏེ།
ཆང་དུམ་གང་ལ་བརྩེ་བས་རོལ་བའི་ཁེར་རྐྱང་གི་སྙན་ངག་པ།
མི་སྐད་ཀྱི་ངག་གདངས་ལ་འོད་ཟེར་བྱུགས་ཏེ།
གཏོར་བཤིག་དང་འཛུགས་སྐྲུན་གྱི་སྙིང་སྟོབས་ཚང་བའི་གངས་ཅན་པ།