བོད་ཀྱི་དེང་རབས་སྒྲུང་གཏམ་གྱི་དོན་བརྗོད་དབྱངས་འགྲོས་ལ་དཔྱད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-26


———《སྒྲོལ་མ་ཉེར་གཅིག》དང་སྟག་འབུམ་རྒྱལ་གྱི“ཁྱི་སྒྲུང” “གྲོ་ཞིང་ཁ”བཅས་གཞིར་བཟུང་བ།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར། བཀྲ་བྷའི《སྒྲོལ་མ་ཉེར་གཅིག》དང་སྟག་འབུམ་རྒྱལ་གྱི“ཁྱི་སྒྲུང”ཁྲི་སེམས་དཔའི“གྲོ་ཞིང་ཁ”བཅས་དཔྱད་བྱའི་ཡུལ་དུ་བཟུང་སྟེ། མུ་འབྲེལ་སྒྲུང་གཏམ་དེ་དག་གི་དོན་བརྗོད་ཀྱི་དབྱངས་འགྲོས་ལས་སྐད་ཆའི་དབྱངས་འགྲོས་དང་དོན་བརྗོད་ཀྱི་དབྱངས་འགྲོས། བརྩམས་ཆོས་སྤྱིའི་དབྱངས་འགྲོས་བཅས་ལ་ཁྱད་ཆོས་ཅི་ཞིག་ཡོད་པ་དང་། ཁྱད་ཆོས་དེ་ཉིད་ཀྱིས་སྒྲུང་གཏམ་གྱི་དོན་བརྗོད་ལ་དགེ་མཚན་ཅི་འདྲ་ཞིག་ཐོན་ཡོད་ལུགས་ལ་དཔྱད་ཡོད།

མིང་བརྡ་གཙོ་བོ། དེང་རབས་སྒྲུང་གཏམ། དབྱངས་འགྲོས། མུ་འབྲེལ་སྒྲུང་གཏམ།

གླེང་གཞི།

སྤྱི་ལོ་སྔོན་གྱི་དུས་རབས་བཞི་བ་ཙམ་ཞིག་ལ། ས་ཁི་ཁྲེ་བཟི(苏格拉底)ཡིས“སྡུག་པ་དང་མི་སྡུག་པ་ནི་དབྱངས་འགྲོས་ཀྱི་རྗེས་སུ་འགྲོའོ”aཞེས་གསུངས་མྱོང་། ད་ལྟ་ཞིབ་ཏུ་བསམས་ན། སྡུག་མི་སྡུག་ནི་དབྱངས་འགྲོས་ཁོ་ནར་རག་ལས་པ་ཞིག་ཀྱང་མིན་མོད། འོན་ཏེ། སྒྱུ་རྩལ་བརྩམས་ཆོས་ཤིག་ལ་མཚོན་ན། དབྱངས་འགྲོས་ཀྱིས་མཛེས་དཔྱོད་ཀྱི་རིན་ཐང་ངེས་ཅན་ཞིག་བསྐྲུན་ནུས་པ་སུས་ཀྱང་བསྙོན་དུ་མེད། དེས་ན། ཁོ་བོའི་ངོས་འཛིན་དུ། སྒྲུང་གཏམ་ཞིག་ལ་མཚོན་ན་དབྱངས་འགྲོས་ཀྱི་སྡེ་ཚན་གསུམ་དུ་དབྱེ་ཆོག་པར་སྙམ་སྟེ། དང་པོ་ནི་སྐད་ཆའི་དབྱངས་འགྲོས་ཡིན་ལ། སྐད་ཆའི་དབྱངས་འགྲོས་ནི་སྒྲུང་གཏམ་ཞིག་གི་ཆེས་རྩ་བའི་དབྱངས་འགྲོས་སམ། ཡང་ན་དབྱངས་འགྲོས་ཀྱི་སྡེ་ཚན་ཆུང་ཤོས་དེ་ཡིན། སྐད་ཆའི་དབྱངས་འགྲོས་ངེས་ཅན་ཞིག་གིས་སྒྲུང་གཏམ་གྱི་དབྱངས་འགྲོས་འབྲིང་བ་སྟེ། དོན་བརྗོད་ཀྱི་དབྱངས་འགྲོས་གྲུབ་ཅིང་། དོན་བརྗོད་ཀྱི་དབྱངས་འགྲོས་ནི་སྒྲུང་གཏམ་གྱི་ཆེས་གལ་ཆེ་བའི་དབྱངས་འགྲོས་ཤིག་ཡིན། རྒྱུ་མཚན་ནི་དོན་བརྗོད་ཀྱི་དབྱངས་འགྲོས་ལེགས་མིན་ནི་ཐད་ཀར་སྒྲུང་གཏམ་གྱི་ཆེས་མཐའ་མའི་དབྱངས་འགྲོས་སམ། དབྱངས་འགྲོས་ཆེ་བ་སྟེ་བརྩམས་ཆོས་སྤྱིའི་དབྱངས་འགྲོས་ལ་རག་ལས་པས་སོ། །

དང་པོ། སྐད་ཆའི་དབྱངས་འགྲོས།

འདིར་སྐབས་སུ་བབ་པ་ནི་དབྱངས་འགྲོས་ཀྱི་སྡེ་ཚན་ཆུང་བ་སྟེ་སྐད་ཆའི་དབྱངས་འགྲོས་ཡིན། སྐད་ཆ་ལ་དབྱངས་འགྲོས་ངེས་ཅན་ཞིག་ཡོད་པ་ནི་ཚིགས་བཅད་ཀྱི་ཆ་ཡ་སྡེབ་སྟངས་དང་། སྒྲ་རྒྱན་གྱི་ཡི་གེ་བསྐོར་བའི་ཟུང་ལྡན་དང་དབྱངས་སོགས་ངེས་པའི་བྱ་དཀའ་བ་བཅས་ལས་རྟོགས་ཐུབ་མོད། འོན་ཏེ། སྒྲུང་གཏམ་གྱི་སྐད་ཆའི་དབྱངས་འགྲོས་ནི་དེ་འདྲའི་ལས་སླ་བོར་ངོས་འཛིན་ཐུབ་པ་ཞིག་གཏན་ནས་མིན། སྒྲུང་གཏམ་པ་རེ་ལ་རང་ཉིད་ཀྱི་ཚིག་སྦྱོར་སྤེལ་སྟངས་རེ་ཡོད་ལ། ཚིག་སྦྱོར་སྤེལ་སྟངས་རེར་རང་ཆས་སུ་མངའ་བའི་དབྱངས་འགྲོས་རེ་ཡོད་པས། སྒྲུང་གཏམ་གྱི་སྐད་ཆའི་དབྱངས་འགྲོས་ལ་ཚིགས་བཅད་སྙན་ངག་གི་དབྱངས་འགྲོས་ལྟར་སྡོམ་ཚིག་དགོད་པ་ནི་ཐལ་དྲགས་པའི་ཕོ་ཚོད་དུ་འགྲོ་ཉེན་མེད་རེ་སྐན། དེ་བས། འདིར་དབྱེ་ཞིབ་སྟབས་བདེ་ཞིག་གིས་འཐུས་པར་བྱ་སྟེ།

(ཀ་བ)ཁུ་ཚན་གྱི་འབྲེལ་བ་དེ་བཅད་དོ་ཟེར་ན་ཆད་འགྲོ་བ་ཞིག་ག་ལ་ཡིན། དཀོན་ཐོའི་ཕ་རྒན་གྱིས་ངུ་སྐད་དང་ཨག་སྐད་བཏོན་པར་མ་ལྟོས་པར་ཚ་མོ་ཆུང་ངུ་དམ་པོར་བཟུང་ནས་ལས་བྱེད་པ་དག་ལ་ཧཱ་པ་བཙན་འཕྲོག་བྱེད་དུ་བཅུག་ཅིང་ཕྱི་རོལ་ཏུ་ཁྱེར་ནས་མདེའུ་གཅིག་གིས་རྫོངས་པ་བྱས། མེ་མདའི་ཁ་གྲགས་པ་དང་ཚ་མོ་ཆུང་ངུ་ཡང་དཀོན་ཐོའི་ཕ་རྒན་གྱི་ལག་ནས་ཤོར་ཏེ་ཕྱི་རོལ་ཏུ་བརྒྱུགས་ཤིང་། ལག་པ་འདར་འདར་བྱེད་བཞིན་པའི་ཧཱ་པ་ཆུང་ངུའི་བེམ་པོར་འཐམས་ནས་སྙིང་བཏོན་པ་ལྟར་ངུས་ཏེ་བརྒྱལ་ལ་ཁད་བྱེད།

《 ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》 (སྟག་འབུམ་རྒྱལ་གྱི་ཁྱི་སྒྲུང་།)b

(ཁ་བ)ཁྱོད་ཀྱིས་ཕྱིར་འཁྱམས་པའི་རྣམ་ཤེས་བཀུག་སྟེ། སྒྲུང་གཏམ་གྱི་མཇུག་སྐྱོང་ཆེད་སྨྱུ་གུ་ཤོག་ངོས་ལ་བཙན་གྱིས་བཙུགས། འོན་ཀྱང་། མདང་དགོང་གི་འཚོ་བའི་སྟོང་ཆ་དེ་སེམས་སུ་གཏན་འདུག་བྱས་པས། ཡིད་ཁམས་སྟོང་ཧང་སེ་ཅི་ཡང་མི་དྲན།

མགྱོགས་པ་ལ་ཨང་། མིག་རྡེབ་དབང་ཙམ་གྱི་རིང་ལ་ལོ་མང་འདས། དེ་དུས་ཁྱོད་མོ་ལོ་བཅོ་བརྒྱད་ཡིན་ལ། སློབ་སྦྱོང་ལ་འབད་པའི་ཞོར་དུ། ཁོ་དང་ལྷན་དུ་འཁོར་བའི་སྙིང་བོ་ལོངས་སུ་སྤྱོད་བཞིན་ཡོད།

《 དཔྱིད་ཀྱི་ཉི་འོད》 (སྒྲོལ་མ་ཉེར་གཅིག་གི་བཅུ་བདུན་པ།)c(ག་བ)ཉིན་དེ་ནི་གཟའ་ཉི་མའི་ཞོགས་པ་ཞིག་སྟེ། ཉི་མ་སེར་ལམ་མེར་གྲོ་ཞིང་ཁའི་རྒྱབ་རི་དེའི་རི་རྩེ་ནས་མཐོ་ས་ཞིག་ནས་འཇུར་ཡོང་། གཟའ་ཉི་མའི་ཞོགས་པ་དེར་ང་ཁོམ་ནས་ལས་རྒྱུ་ཅི་ཡང་མེད་པས། ཁང་ཀླད་དུ་བུད་དེ་ཡར་ལྟ་མར་ལྟ་བྱེད་དུས། ངས་འགྱིག་ལྷམ་ཆད་པོ་དེའི་ཞབས་ཀྱི་ཁུང་བུ་ལས་སྔོན་ལ་རྒྱབ་རིའི་རྩེ་ནས་ཉི་མ་དལ་གྱིས་འཇུར་ཡོང་བ་མཐོང་ཞིང་། དེ་ནས་སྔགས་རྒན་རིག་འཛིན་གྱིས་རས་ལྭ་དམར་སྨུག་ཅིག་གཡང་ཤམ་བྱས་ཏེ་བསང་གཏོང་བ་མཐོང་།

《 མཐིལ་བརྡོལ་བའི་འགྱིག་ལྷམ་ཆ་གཅིག》(“གྲོ་ཞིང་ཁ”)d

དཔེར་བརྗོད་ཀ་བ་རུ། ཆེས་ཐུང་བའི་རྗོད་པར་ཡིག་འབྲུ17ཡོད་ལ། དེ་ནི་ཚིག་རྐང་དང་པོ་ཡིན། ཆེས་རིང་བའི་རྗོད་པར་ཡིག་འབྲུ47ཡོད་ཅིང་དེ་ནི་ཚིག་རྐང་གཉིས་པ་ཡིན། དེར་བརྟེན། ཀློག་པ་པོས་ཐོག་མར་ཡིག་འབྲུ17ཅན་གྱི་ཚིག་རྐང་ཅུང་ཐུང་ངུ་ཞིག་བཀླགས་ཚར་མ་ཐག དེའི་མུར་ཡིག་འབྲུ47ཡོད་པའི་ཚིག་རྐང་ཧ་ཅང་རིང་བོ་ཞིག་བཀླག་དགོས་པར་གྱུར་སྟབས། དེ་ནི《 མདོ་དབུས་མཐོ་སྒང》ཞེས་པའི་གཞས་དེ་གཏོང་དུས། ཐོག་མར“是谁带来远古的呼唤”ཞེས་བླངས་མུར། འཕྲལ་དུ“呀啦索,那就是青藏高原”ཞེས་མཐུད་དགོས་པར་གྱུར་པ་དང་འདྲ། སྤྱིར་འདི་ལྟར་དོ་མི་མཉམ་པར་བླངས་ཀྱང་མི་རུང་བ་ཅི་ཡང་མེད་མོད། འོན་ཏེ། ཐུན་མོང་བའི་སྣང་ངོར“དོ་མཉམ་པ”གང་དེ་མཛེས་པར་འཛིན་པས། རོལ་མོ་དང་སྒྲུང་གཏམ་གང་ཡིན་ཡང་དབྱངས་འགྲོས་ལ“དོ་མཉམ་པའི”ཆ་ཞིག་མཁོ་བར་སེམས། འོན་ཏེ། གོང་གསལ་གྱི་དཔེར་བརྗོད་ལས་མཚོན་པ་བཞིན། སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་གྱི་སྐད་ཆ་རུ། རྗོད་པ་ཕལ་མོ་ཆེ་ཤིན་ཏུ་རིང་ཞིང་། ཤིན་ཏུ་རིང་བ་དེ་དག་ལའང་ངེས་གཏན་གྱི་དབྱངས་འགྲོས་ཤིག་མེད་པའམ། ཡང་ན་དབྱངས་འགྲོས་འཆོལ་འདུག་པའི་ཚོར་བ་ཞིག་ནམ་ཡང་སྦྱིན་ཡོང་། དཔེར་བརྗོད་བྱེ་བྲག་པ་གཅིག་གིས་སྤྱི་ལ་ཁྱབ་པའི་ངེས་པ་གཏན་ནས་མེད་མོད། འོན་ཏེ། སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ཞིབ་ཏུ་ཀློག་དུས། དོན་བརྗོད་ཀྱི་སྐད་ཆ་ནི་རྣམ་ཀུན“ཐང་མ་བརྡལ་བའི”ཚུལ་དུའམ། ཡང་ན“རུས་སྦལ་ནག་འགྲོས”ཀྱི་ཟོལ་གྱིས་བརྗོད་འོངས་པས། ལྟ་ཀློག་གི་ངལ་དུབ་ངེས་ཅན་ཞིག་སྟེར་བར་སྙམ་པ་ནི་ཁོ་བོ་རང་གི་འདོད་ཚུལ་ཙམ་མོ། །

སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་གྱི་སྐད་ཆ་དང་ལྟོས་བཅོས་ཀྱིས་དཔྱད་ན། བཀྲ་བྷ་དང་སྒོ་མེ་ཚེ་རིང་བཀྲ་ཤིས་གཉིས་ཀྱི་སྐད་ཆ་ནི་སྤྱིར་བཏང་དུ་ཅུང་ཐུང་ཞིང་། དབྱངས་འགྲོས་དོ་མཉམ་པར་མངོན་ཏེ། དཔེར་བརྗོད་ཁ་བ་རུ་བཀྲ་བྷའི་ཚིག་རྐང་རེར་ཕལ་ཆེར་ཆ་སྙོམས་སུ་ཡིག་འབྲུ་བཅུ་ཕྲག་ལྷག་ལས་མེད་ལ། དཔེར་བརྗོད་ག་བའི་སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྐད་ཆར་ཡང་། ཆེས་རིང་བའི་རྗོད་པར་ཡིག་འབྲུ26དང་ཆེས་ཐུང་བའི་རྗོད་པར་ཡིག་འབྲུ10ཙམ་སྟེ། ཕལ་ཆེར་དོ་མཉམ་པའི་ཚུལ་དུ་ཡོད། གཞན་ཡང་བཀྲ་བྷ་དང་སྒོ་མེ་ཚེ་རིང་བཀྲ་ཤིས་གཉིས་ཀྱི་སྐད་ཆ་རུ། སྙན་ངག་གི་དབྱངས་འགྲོས་མངའ་བའི་རྗོད་པ་ཁ་ཤས་རེ་ཡང་རྒྱུན་དུ་འབྱུང་བས། སྒྲུང་གཏམ་གྱི་སྐད་ཆར་འཕྱོ་འཇགས་ངེས་ཅན་ཞིག་ལྡན་པའི་སྣང་བ་སྟེར་ལ། ཀློག་ལ་འཇུག་དུས་དེ་བས་ཀྱང་དབྱངས་འགྲོས་ཀྱི་བདེ་སྣང་གསལ་བོ་ཞིག་སྩོལ་བར་བྱེད་དོ། །

གཉིས་པ། དོན་བརྗོད་ཀྱི་

དབྱངས་འགྲོས།

ད་ནི་སྒྲུང་གཏམ་གྱི་དབྱངས་འགྲོས་འབྲིང་བ་དོན་བརྗོད་ཀྱི་དབྱངས་འགྲོས་ཅུང་ཟད་གླེང་ན། 《 སྒྲོལ་མ་ཉེར་གཅིག》དང་སྟག་འབུམ་རྒྱལ་གྱི“ཁྱི་སྒྲུང”“གྲོ་ཞིང་ཁ”བཅས་གང་ཡིན་ཡང་། དོན་བརྗོད་ཀྱི་དབྱངས་འགྲོས་རྣམ་ལྔ་སྟེ། སྡུད་པ(省略)དང་། རགས་བརྗོད(概略)ལྗོངས་བཀོད(场景)འགོར་འགྱང(减缓)སོར་གནས(停顿)བཅས་ཀྱིས་མ་ཁྱབ་པ་ཕལ་ཆེར་མེད་ལ། དོན་བརྗོད་རིག་པའི་ངོས་ནས་བཤད་ནའང་། འདི་དག་གིས་ད་གཟོད་སྒྲུང་གཏམ་ཞིག་གི་དོན་བརྗོད་ཀྱི་དབྱངས་འགྲོས་ལ་ཚོད་འཛིན་བྱེད་བཞིན་ཡོད་པས། གཤམ་ནས་དབྱངས་འགྲོས་ཀྱི་རྣམ་དབྱེ་འདི་དག་རེ་རེ་བཞིན་བརྗོད་པར་བྱ་སྟེ།

གཅིག སྡུད་པ།

ཉིན་འགའ་འགོར་རྗེས་ཀྱི་ཉིན་གུང་གི་ལས་ཀ་གྲོལ་ལ་ཉེ་བའི་དུས་ཤིག་ལ་ཧཱ་པ་ཡང་བསྐྱར་ངའི་གཞུང་ལས་ཁང་དུ་ཐོན་བྱུང་། ཁོས་ལུས་གུས་གུས་ངང“ཅུས་ཀྲང་ལགས། ཕྱི་དྲོ་བྱ་བ་ཅི་ཞིག་ཡོད”ཅེས་དྲིས་བྱུང་།

《 ཧཱ་པ་གསོས་པའི་ཟིན་བྲིས》 (“སྟག་འབུམ་རྒྱལ་གྱི་ཁྱི་སྒྲུང”)eལོ་མང་བོ་འགོར་བའི་དེ་རིང་། ང་རང་ཡང་བསྐྱར་ཕ་ཡུལ་དུ་ལོག་ཅིང་། སྤོ་བོ་སོང་མྱོང་བའི་རྐང་ལམ་དེད་ནས་སྡེ་འདབས་ཀྱི་མཚམས་ཁང་རྙིང་རལ་དེའི་འགྲམ་དུ་ཕྱིན་པ་ཡིན། མཚམས་ཁང་དེ་ནི་ད་དུང་ཡང་ལོ་རྒྱུས་ཀྱི་དོད་དུ་འགྱེལ་མ་ལངས་ཤིག་བྱས་ནས་ཁུ་སིམ་མེར་བསྡད་འདུག

《 སྐྱེ་བ་གཉིས་ཀྱི་འདས་དོན》 (“གྲོ་ཞིང་ཁ”)f

རྒྱང་ཐག་རིང་བའི་ཤར་ཕྱོགས་ཀྱི་ལྷུན་པོའི་ཀླད་ན། སྤྲིན་དཀར་ལེབ་མོ་ཞིག་གཡོ་མེད་འགུལ་མེད་དུ་གནས་ཤིང་། ཚུགས་ཀ་ནི་ལོ་དྲུག་སྔོན་གྱི་དེ་རིང་དང་ཡང་དག་མཚུངས། སྤྲིན་པ་དེ་དྲ་མིག་བརྒྱུད་ནས་བལྟས་ན་གསལ་ལེར་མཐོང་ཡོང་།

《 ཤར་ཕྱོགས་ལྷུན་པོའི་ཀླད་ཀྱི་སྤྲིན་དཀར》(“སྒྲོལ་མ་ཉེར་གཅིག་གི་བཅུ་གཉིས་པ”)g

ཞེས་པ་རུ། “ཉིན་འགའ་འགོར་རྗེས”དང“ལོ་མང་བོ་འགོར་བའི་དེ་རིང”“ལོ་དྲུག་གི་སྔོན་གྱི་དེ་རིང”བཅས་ནི་དོན་བརྗོད་ཀྱི་སྡུད་རྒྱག་སྟངས་ཤིག་ཡིན་ལ། སྒྲུང་གཏམ་པས་ཡིག་འབྲུ་ཁ་ཤས་ཀྱི་གསལ་འདེབས་ཙམ་གྱིས་དུས་ཡུན་ངེས་ཅན་ཞིག་གི་བྱུང་བ་ཡོད་ཚད་དེ་ལྟར་བསྡུས་ཟིན་པ་རེད། སྤྱིར་ན“ཉིན་འགའ་འགོར་རྗེས”ཞེས་པའི་དུས་ཀྱི་བར་སྟོང་དེ་རུ་དོན་དག་མང་བོ་ཞིག་འབྱུང་ཆོག་ལ་བྱུང་ཡང་ཡོད་མོད། འོན་ཏེ། སྒྲུང་གཏམ་པས་ཡིག་ཚོགས་བསྐྱུང་ཆེད་དམ། ཡང་ན་བྱུང་རིམ་གཙོ་བོ་གང་དེ་མི་བསྒྲིབ་པའི་སླད་དུ“ལོ་མང་བོ་འགོར་བའི་དེ་རིང”ལྟ་བུའི་ཡིག་འབྲུ་འགའ་བཅུག་པ་ན། གཏམ་རྒྱུད་ཀྱི་དུས་ཚོད་ཆེས་ཆེར་བསྟུངས་ཟིན་པས། དོན་བརྗོད་ཀྱི་དབྱངས་འགྲོས་ཇེ་མགྱོགས་སུ་བཏང་བའམ། ཡང་ན། སྐབས་ཐོག་དེའི་དོན་བརྗོད་ཀྱི་དབྱངས་འགྲོས་སྒྲུང་གཏམ་ཧྲིལ་བོའི་དབྱངས་འགྲོས་ངེས་ཅན་ཞིག་དང་མཐུན་པར་བྱས་ཡོད། འདི་ནི་སྡུད་པ་ལས་བྱུང་བའི་དོན་བརྗོད་ཀྱི་དབྱངས་འགྲོས་ཤིག་ཡིན་ཏེ། གལ་སྲིད། དོན་བརྗོད་ཀྱི་གོ་རིམ་དུ་སྡུད་པ་ཞེས་པའི་ལག་ཐབས་འདི་མེད་ཚེ། ཆེས་སྤྱིར་བཏང་གི་སྒྲུང་ཐུང་རེའང་སྒྲུང་རིང་དུ་བྲི་ཆོག་གོ།

གཉིས། རགས་བརྗོད།

དཀོན་ཐོའི་ཕ་རྒན་འདས་པ་ནས་བཟུང་ཁུ་བོ་འཇིགས་མེད་ཀྱིས་དཀོན་ཐོ་མ་བུ་གཉིས་ཀར་བདག་བྱས་པ་ཡིན་ཀྱང་། ཨ་མའི་ཕྱོགས་ཞེན་ལྟར་ཞང་བོ་བློ་རྒྱམ་ཚང་ལ་རུ་སྐོར་ཁྱིམ་མཚེས་བྱས་ཏེ་ཁུ་བོ་དང་བར་ཐག་བཀྱེད་ཅིང་། འགན་གཙང་ལེན་བྱས་པ་ནས་བཟུང་། དཀོན་ཐོས་མུ་མཐུད་དུ་ཞང་བོའི་བཀོད་སྒྲིག་སྣ་ཚོགས་ལ་ཉན་འདོད་མ་བྱུང་བར་ཁེར་འབབ་བྱས་པས། ད་ལྟ་ཁུ་བོ་འཇིགས་མེད་ཀྱིས་ཀྱང་དཀོན་ཐོའི་བྱ་བར་ཐེ་གཏོགས་བྱེད་འདོད་མི་འདུག་པར་ཡང་ཁག་མི་འདུག་སྙམ།

《 ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》 (སྟག་འབུམ་རྒྱལ་གྱི་ཁྱི་སྒྲུང་།)h

སྒྲོལ་མའི་གཡོན་རྐང་ཤིན་ཏུ་ན་རུང་། ནམ་རྒྱུན་ལྟར་སྐྱ་རེངས་དང་པོ་དང་མཉམ་དུ་མལ་ལས་ལངས་ཏེ། གྱོལ་མ་ལྡིང་གིས་ཕྱུགས་རྫིར་འགྲོ་དགོས་པའི་བུ་མོར་ནངས་ཇ་བསྐོལ་རྗེས། གྱོལ་མ་ལྡིང་གིས་སྒོ་ཕྱུགས་ངན་ངོན་ལ་གཟན་ཆས་བྱིན། དེ་ནས་ཡང་གྱོལ་མ་ལྡིང་གིས་འབྲི་མོ་ཡར་མ་དེ་ཚོ་བཞོས་པ་ན། ཉི་མ་རི་རྩེ་ནས་དམར་ལམ་ལམ་ཡར་འཕགས་པས། མོས་གྱོལ་མ་ལྡིང་གིས་ནོར་ལུག་ལྷས་ནས་ཕུད་དེ། བུ་མོ་ཕྱུགས་རྫིར་མངགས།

《 སེམས་ཁོང་གི་ཟུག་གཟེར》 (སྒྲོལ་མ་ཉེར་གཅིག་གི་གསུམ་པ།)i

འཇིགས་མེད་ཁ་རྐོ་ཚང་གི་ཚོད་རའི་ནང་གི་ཉི་མ་འཁོར་གཅིག་ཀྱང་མ་ལུས་པར་སྐེ་གཅུས་ནས་ཅང་མ་འགོར་བར། སྟོབས་ལྡན་སྣ་འབིགས་ཚང་གི་གཡུལ་ཁའི་ནང་གི་གྲོ་རྩྭ་མེ་ལ་ཤོར་ཏེ་རྩ་མེད་དུ་བཏང་།

《 མཐིལ་བརྡོལ་བའི་འགྱིག་ལྷམ་ཆ་གཅིག》(“གྲོ་ཞིང་ཁ”)j

ཡས་ཀྱི་དཔེར་བརྗོད་སོ་སོར་བྱུང་རིམ་ངེས་ཅན་ཞིག་རྗོད་ཀྱིན་པ་ཧ་ཅང་གསལ་མོད། འོན་ཏེ། བྱུང་རིམ་གང་ཞིག་ཡིན་ཡང་རྩོམ་པ་པོས་ཞིབ་ཆ་ཅི་ཡང་བཏོད་མེད་དེ། “ཁུ་བོ་འཇིགས་མེད་ཀྱིས་དཀོན་ཐོ་མ་བུ་གཉིས་ཀར་བདག”ཇི་ལྟར་བྱས་པ་དང་། “དཀོན་ཐོ”ནར་ཇི་ལྟར་སོན་པ། ནར་སོན་རྗེས“ཁུ་བོ་དང་བར་ཐག”ཇི་ལྟར་བཀྱེད་པ་སོགས་རྩོམ་པ་པོས་རགས་ཙམ་ངོ་སྤྲོད་བྱས་པ་ལས། ཞིབ་ཕྲའི་གནད་ཅི་ཡང་སྤྲོས་མེད། དེ་བཞིན་དུ། སྒྲོལ་མ“སྐྱ་རེངས་དང་པོ་དང་མཉམ་དུ་མལ”ལས་ཇི་ལྟར་ལངས་པ་དང་། “ནངས་ཇ”ཇི་ལྟར་བསྐོལ་བ། “གཟན་ཆས”ཇི་ལྟར་བྱིན་པ། ད་དུང་འཇིགས་མེད་ཁ་རྐོ་ཚང་གི་ཉི་མ་འཁོར་གྱི་སྐེ་ཇི་ལྟར་གཅུས་པ་དང་། སྟོབས་ལྡན་སྣ་འབིགས་ཚང་གི་གྲོ་རྩྭ་མེ་རུ་ཇི་ལྟར་བསྲེགས་པ་སོགས་ལ་རྩོམ་པ་པོས་ཞིབ་ཅིང་ཕྲ་བའི་དོན་བརྗོད་ཅིག་གཏན་ནས་སྤེལ་མེད། ཡིན་ཡང་། རགས་བརྗོད་ཀྱི་ཚན་པ་ཞིག་རྫོགས་པའི་མུར། སྤྱིར་བཏང་དུ་ཞིབ་ཅིང་ཕྲ་བའི་དོན་བརྗོད་ཅིག་མཐུད་ངེས་ཡིན། དེ་བས། རགས་བརྗོད་ཀྱི་ལག་ཐབས་འདི་རིགས་ཀྱིས་དོན་བརྗོད་ཀྱི་དབྱངས་འགྲོས་སྤྱི་ལ་སྙོམ་སྒྲིག་གི་དགེ་མཚན་ངེས་ཅན་ཞིག་འདོན་ཐུབ་སྟེ། སྒྲུང་གཏམ་ཞིག་གི་བྱུང་རིམ་ཧྲིལ་བོ་སྒོ་ཀུན་ནས་ཞིབ་མོར་བརྗོད་ཐབས་མེད་པས། སྐབས་སྐབས་སུ་འདི་ལྟ་བུའི་རགས་བརྗོད་ཐུང་རེ་བཅུག་པ་དེས་དོན་བརྗོད་ཀྱི་དབྱངས་འགྲོས་ཧྲིལ་བོར་འཕྱོ་འཇགས་ངེས་ཅན་ཞིག་སྩོལ་བཏུབ། འོན་ཏེ། རགས་བརྗོད་ཀྱི་སྐབས་སུ་ཡིད་གཟབ་བྱ་དགོས་པ་ཞིག་ཡོད་པ་ནི། བྱུང་རིམ་གང་དག་ལ་རགས་བརྗོད་འཚམ་པ་དང་གང་དག་ལ་ཞིབ་བརྗོད་འཚམ་པའི་བཅད་མཚམས་རྟོགས་དགོས་པ་དེ་ཡིན།

གསུམ། ལྗོངས་བཀོད།

ལྗོངས་བཀོད་ནི་ཁོར་ཡུག་དང་མི་འདྲ་སྟེ། སྤྱིར་བཏང་གི་ཁོར་ཡུག་ཅེས་པ་ནི་རི་ར་བ་ཁང་ཁྱིམ་སོགས“གནས”ངེས་ཅན་ཞིག་གོ་བ་ཡིན་མོད། འོན་ཏེ། ལྗོངས་བཀོད་ཅེས་པ་འདིར་“གནས”ངེས་ཅན་ཞིག་ཡོད་པར་མ་ཟད། གནས་དེ་རུ“ལས”ག་གེ་མོ་ཞིག་རྩོམ་པའི་“མི་སྣ”ཞིག་དང་། “མི་སྣ”དེ་དང་དེའི“ལས”གང་རུང་ཞིག་བརྩམས་པ་ལས“བྱུང་རིམ”ངེས་ཅན་ཞིག་འབྱུང་སྲིད་པས། “གནས”དང“ལས”“མི་སྣ”“བྱུང་རིམ”བཅས་ཀྱིས་གྲུབ་པའི་ཚོགས་པ་དེ་ལྟ་བུ་ཞིག་ལ་ད་གཟོད་ལྗོངས་བཀོད་དུ་འབོད་པ་ཡིན།

ཁྱིམ་ཡོངས་རྫོགས་ཁུ་སིམ་གྱི་རྣམ་པ་ཅན་དུ་གྱུར་ཅིང་དོ་རྩར་རྒྱབ་ཁེན་པའི་བདག་པོས་མཛུབ་བར་གྱི་ཕྲེང་བ་ཉུག་ཙམ་ཉུག་ཙམ་གྱིས་འདྲེན་བཞིན་ལན་རེར་ཁ་ཆེན་པོར་གདངས་ཏེ་གླལ་བསྒྱིངས་དང་བཅས་ངོ་གདོང་ལག་པས་འབྱིད་ཙམ་བྱེད། བདག་པོའི་བུ་ཆུང་རྒྱུག་ཡོང་ནས་གཅེར་རྗེན་དུ་ངའི་སྐེ་ལ་ཞོན་ཏེ་རྟ་ཡིན་ཁུལ་གྱིས་རྩེད་མགོ་བརྩམས། ངོ་མ་ཚ་གཟེར་ཆེ།

《 སྒོ་ཁྱི》 (སྟག་འབུམ་རྒྱལ་གྱི་ཁྱི་སྒྲུང)kསྒོ་བརྡུངས་ནས་ཅུང་ཙམ་མ་འགོར་བར་བུ་མོ་ཆུང་ཆུང་དེས་སྒོ་ཕྱེ།

“ཨ་ཕ་ཡོད་དམ”

བུ་མོས་མགོ་བོ་ལྡེམ་ཙམ་བྱས་རྗེས་ཅི་ཡང་མི་བཤད་པར་ཕྱིར་འཁོར་བ་དང་། ཁང་སྒོ་ཡངས་པོར་ཕྱེ་བ་དང་བསྟུན་ནས་ཐོག་མར་འབོལ་ཁྲིའི་སྟེང་དུ་སྐྱེས་པ་ཞིག་གན་རྐྱལ་དུ་ལོག་ནས་ཐ་མག་འཐེན་བཞིན་པ་མཐོང་ཞིང་། དེ་ནས་སྒྲོལ་མས་ལྭ་བ་མང་བོ་གམ་ལ་སྤུངས་ནས་གྱོན་གོས་བཀྲུ་བཞིན་པ་རིག་མོའི་གཡོན་ཕྱོགས་ཀྱི་ཚེམ་བཟོ་འཁོར་ལོའི་སྟེང་དུ་དྲ་རས་མང་པོ་སྤུངས་ཡོད་ལ། ཕར་བལྟས་ན་མོས་ལྭ་གསར་བ་ཞིག་བཟོ་བཞིན་ཡོད་པ་འདྲ།

《 ཁྱིམ་མཚེས་ཚང་གི་ཁྱིམ་བདག་མ》 (སྒྲོལ་མ་ཉེར་གཅིག་གི་བཅུ་གཅིག་པ།)l

ངེད་གཉིས་ས་ཁང་དམའ་མོ་དེའི་ནང་དུ་ཕྱིན་པ་ན། སྣ་ལམ་དུ་དྲི་མ་ཁ་པོ་ཞིག་ཤུ་རུ་རུ་ལྡང་འོངས། དེ་ནི་གཅིན་དྲི་ཡིན་པ་འདྲ་ལ། སྐྱག་དྲི་ཡིན་པའང་འདྲ། གང་ལྟར་མི་ལ་ཞེ་མེར་སློང་བའི་དྲི་ངན་ཞིག་ས་ཁང་དམའ་མོའི་ནང་དུ་ཁྱབ་འདུག སྤོ་བོ“ར་ཐོང”ཚ་ཐབ་སྟེང་གན་རྐྱལ་དུ་ལོག་འདུག་ཅིང་ངེད་གཉིས་ཀྱི་སྐད་གོ་བས་མགོ་བོ་ཤུགས་ཀྱིས་ཡར་དགྱེ་ཙམ་བྱེད་མོད། འོན་ཀྱང་ཁོས་འབད་པ་ཇི་ལྟར་བྱས་ཀྱང་མགོ་བོ་ནི་རྡོ་ལོག་ལྕི་མོ་ཞིག་དང་འདྲ་བར་ཡར་མགྱོགས་མ་ཐུབ།

《 མར་མེ། རླུང་གིས་གཟིམས་སོང》(“གྲོ་ཞིང་ཁ”)m

སྒྲུང་གཏམ་པས་རྣམ་ཀུན་དོན་བརྗོད་ཀྱི་གོ་རིམ་དུ་ལྗོངས་བཀོད་གང་རུང་ཞིག་དྲངས་ཡོང་དུས། དོན་བརྗོད་ཀྱི་དབྱངས་འགྲོས་དེ་མར་ཇེ་དལ་དུ་འགྲོ་སྲིད་དེ། 《 སྒོ་ཁྱི》 རུ“ཁྱིམ་ཡོངས”ཀྱི་གནས་ཚུལ་རྗོད་ཀྱིན་པའི་དུས་ཐོག་དེར། སྒྲུང་གཏམ་གྱི་བྱུང་རིམ་ད་དུང་མདུན་ལ་སྐྱོད་ཀྱིན་ཡོད་མོད། འོན་ཏེ་བྱུང་རིམ་གཞན་དང་བསྡུར་ཚེ་མངོན་གསལ་གྱིས་ཇེ་དལ་དུ་སོང་ཡོད། དེ་བཞིན་དུ། 《 ཁྱིམ་མཚེས་ཚང་གི་ཁྱིམ་བདག་མ》རུ། དོན་བརྗོད་ཀྱི་དབྱངས་འགྲོས་ཅུང་བྲེལ་འཚུབ་འཚུབ་ཀྱིས་རྒྱུན་བསྐྱངས་ཏེ། ཏག་ཏག“ང”ཁྱིམ་མཚེས་ཚང་གི་ཁང་པ་རུ་འཛུལ་བ་ན། “འབོལ་ཁྲིའི་སྟེང་དུ་སྐྱེས་པ་ཞིག་གན་རྐྱལ་དུ་ལོག་ནས་ཐ་མག་འཐེན་བཞིན་པ”དང་། “སྒྲོལ་མས”ལྭ་བ་འཁྲུད་བཞིན་པ་བཅས་བསྟར་འོངས་དུས། དོན་བརྗོད་ཀྱི་དབྱངས་འགྲོས་ད་གཟོད་ལྷོད་ལ་བབས་ཏེ་དལ་བ་དལ་བུར་མདུན་ལ་སྲིང་འགོ་བརྩམས་ཡོད། ལྗོངས་བཀོད་ཀྱི་སྐབས་སུ་གཏམ་རྒྱུད་ཀྱི་དུས་ཚོད་དང་དོན་བརྗོད་ཀྱི་དུས་ཚོད་གཉིས་ཕལ་ཆེར་མཉམ་གཤིབ་ཀྱིས་མདུན་ལ་སྐྱོད་ཀྱིན་ཡོད་པས།“ཀློག་པ་པོར་མགྱོགས་དྲགས་པའི་ངལ་དུབ་མི་བསྐྱེད་ལ། དལ་འདྲོགས་པའི་སུན་སྣང་ཡང་མི་སྟེར”nབའི་ཡོན་ཏན་མཆིས་སོ།།

བཞི། འགོར་འགྱངས།

རེ་ཥ་རི་ནའེ་ཐི་ཡིས(热拉尔·热奈特)མཱ་སེའོ·ཕུའུ་རའོ་སི་ཐི(马塞尔·普鲁斯特)ཡི་དོན་བརྗོད་ལ་ཉམས་ཞིབ་གནང་དུས། འགོར་འགྱང་ནི་དོན་བརྗོད་ཀྱི་འགུལ་སྐྱོད་རྣམ་བཞིའི(四个叙述运动)གྲས་སུ་བཞག་མི་འདུག་ལ། འདི་ནི་ཕྱིས་ཀྱི་མཁས་པ་དག་གིས་དོན་བརྗོད་ཀྱི་དབྱངས་འགྲོས་སུ་གསར་དུ་བསྣན་པ་ཞིག་རེད། འོན་ཏེ། སྒྲུང་གཏམ་གྱི་དོན་བརྗོད་ལ་ཞིབ་ཏུ་འཇུག་དུས། འགོར་འགྱང་གི་ལག་ཐབས་འདིས་དོན་བརྗོད་ཀྱི་དབྱངས་འགྲོས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཀྱིན་པ་ཧ་ཅང་གསལ།

སྐད་ཅིག་མ་དེའི་རིང་ལ་ལག་ཏུ་རྡོ་སོགས་རྙེད་པའི་མི་རྣམས་ཀྱིས་ཞེ་སྡང་བཅས“ཁྱོད་རང་འགྲོ་སར་མི་འགྲོ་བར་འདིར་ཅི་བྱེད་དུ་ཡོང་བ་ཡིན”ཟེར་བཞིན། ལག་ཏུ་ཅི་ཡོང་གིས་ཤུགས་ཀྱིས་བརྒྱབ་པ་ན། ནག་ཐིང་ཐིང་གི་དངོས་པོ་དེ་ཨག་རིང་ཞིག་དང་ཆབས་ཅིག་ཐང་སྟིག་སེ་འགྱེལ་སོང་། དེ་ནས་འགུལ་ཙམ་ཡང་མི་བྱེད། ཡིན་ཡང་མི་རྣམས་ནི་ཁ་མལ་དུ་བསྡད་དེ་དཔའ་སྐད་འཐེན་པ་ལས། ནག་ཐིང་ཐིང་གི་དངོས་པོ་དེའི་གམ་དུ་འགྲོ་ཕོད་མཁན་གཅིག་ཀྱང་མ་བྱུང་།

མི་རྣམས་ཀྱིས་དེ་ལྟར་དངོས་པོ་དེར་བལྟས་ནས་སྡོད་དུས། གནམ་སའི་ཧྲགས་བར་ག་ལེར་ཕྱེས་བྱུང་ལ། ནམ་ཡང་ཇེ་གསལ་ནས་ཇེ་གསལ་དུ་གྱུར། དེ་དུས་སྔགས་རྒན་རིག་འཛིན་གྱིས་མི་ཚོགས་ཀྱི་དཀྱིལ་བཤགས་ཏེ་མདུན་དུ་བུད་ཅིང་།

སྔགས་རྒན་རིག་འཛིན་གྱིས“རེད། རེད། ནོར་བུ་རེད”ཅེས་བསྒྲགས་རྗེས་སྡོང་སྐམ་ཞིག་དང་འདྲ་བར་འགུལ་ཙམ་ཡང་མི་བྱེད།

《 ཐེངས་གཉིས་ལ་ཤི་བའི་མི》(“གྲོ་ཞིང་ཁ”)oསྒྲུང་གཏམ་འདིའི་མཇུག་སྡུད་ཐབས་ལ། སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས་འགོར་འགྱང་གི་ལག་ཐབས་སྤྱད་ཡོད་པར་སྙམ་སྟེ། སྤྱིར་ཡིན་ན“ལག་ཏུ་ཅི་ཡོང་གིས་ཤུགས་ཀྱིས་བརྒྱབ་པ་ན། ནག་ཐིང་ཐིང་གི་དངོས་པོ་དེ་ཨག་རིང་ཞིག་དང་ཆབས་ཅིག་ཐང་ལ་སྟིག་སེ་འགྱེལ་སོང”ཞེས་པའི་མཚམས་འདིར། སྒྲུང་གཏམ་འདི་གཞི་ནས་མཇུག་རྫོགས་ཟིན་པ་ཡིན་མོད། འོན་ཏེ། རྩོམ་པ་པོས་སྐབས་ཐོག་དེའི་མི་རྣམས་ཀྱི་བྱ་སྤྱོད་བཀོད་འབྲི(“མི་རྣམས་ནི་ཁ་མལ་དུ་བསྡད་དེ་དཔའ་སྐད་འཐེན་པ”“མི་རྣམས་ཀྱིས་དེ་ལྟར་དངོས་པོ་དེར་བལྟས་ནས་སྡོད་དུས”)དང་། སེམས་ཁམས་བཀོད་འབྲི(“གམ་དུ་བཅར་ཐུབ་མཁན་གཅིག་ཀྱང་མ་བྱུང”)། གཞན་ད་དུང་ཁོར་ཡུག་བཀོད་འབྲི(“ནམ་ཡང་ཇེ་གསལ་ནས་ཇེ་གསལ་དུ་གྱུར”)སོགས་རིམ་གྱིས་སྤྲོས་ཏེ། དོན་བརྗོད་ཀྱི་དུས་ཚོད་བསྒྱང་ཅི་ཐུབ་བྱས་ཤིང་། ཕལ་ཆེར་ཡིག་གྲངས་སུམ་བརྒྱ་ལྷག་གི་གཞུང་ཚད་སོང་རྗེས་ད་གཟོད་གཞི་ནས་སྒྲུང་གཏམ་གྱི་མཇུག་བསྡུས་ཡོད་པ་རེད། འདི་ལྟ་བུའི་འགོར་འགྱང་གིས་དོན་བརྗོད་ཀྱི་དབྱངས་འགྲོས་གློ་བུར་དུ་བསྒྲིམས་ཤིང་གྲིམ་པར་བྱེད་པས། ཀློག་པ་པོས་དབུགས་ཁོག་ཏུ་དྲིལ་ནས་མཐའ་འབྲས་གང་དེ་རྔམ་ཀློག་བྱ་བར་བསླུ་གཟན་ལྟ་བུའི་དགེ་མཚན་ངེས་ཅན་ཞིག་འཐོན་ཐུབ་པ་འདྲ། འགོར་འགྱང་གི་ལག་ཐབས་འདི་ནི་སྒྲུང་གཏམ་གྱི་མཇུག་ཏུ་མཚར་སྣང་བསྐྱེད་པའི་ཕྱིར་དུ་ཐོན་པ་ཅུང་མང་མོད། འོན་ཏེ། གནས་སྐབས་གཞན་དག་ཏུ་རྣམ་པ་ཀུན་ཏུ་འཐོན་མི་སྲིད་པའང་མ་ཡིན་ཏེ། བཀྲ་བྷའི《 ཨ་མ》ཞེས་པ་རུ།

“ཧ་ཅང་བཟང”མཁའ་འགྲོ་མ་མཁའ་སྤྱོད་དབང་མོས་དེ་ལྟར་གསུང་རྗེས། ཟླ་བར་ཞིབ་གཟིགས་ལན་ཞིག་བྱས་པ་དང་། དེ་ནས་ཨོ་རྒྱན་སྒྲོལ་མའི་གདོང་ལ་ཅེར་ཏེ་ཅི་ཞིག་དྲན་པ་ལྟར“ཨ་མ་དྲན་ནམ”ཞེས་དྲིས་བྱུང་།

“ལགས། མི་དྲན་ལགས།”

ཞེས་པ་ནས“ཟླ་གསུམ་གྱི་སྔོན་ལ། ཨ་མ་ཚེ་ལས་འདས་པའི་འཕྲིན་ཡིག་འབྱོར་མ་ཐག”ཅེས་པའི་བར་ཤོག་ངོས་གཉིས་ལྷག་གི་གཞུང་ཚད་སྤྱད་ཡོད་ལ། དེའི་ཡུན་ལ“མཁའ་འགྲོ་མ་མཁའ་སྤྱོད་དབང་མོ”དང་བཙུན་མ“ཨོ་རྒྱན་སྒྲོལ་མ”གཉིས་ཀས“ཨ་མ”དང་འབྲེལ་བའི་གཏམ་གླེང་བྱེད་པའམ། ཡང་ན“ཨོ་རྒྱན་སྒྲོལ་མ”ཨ་མར་བལྟ་རུ་འགྲོ་བའི་དགོངས་པ་འཁྲོལ་བ་སོགས་སྒྲུང་གཏམ་གྱི་དོན་བརྗོད་ཡོད་ཚད“ཨ་མ”ཞེས་པ་ནས་ཕྱོགས་ཕྱོགས་སུ་འཕྲོས་ཏེ། ཀློག་པ་པོར“ཨ་མ”དང་འབྲེལ་བའི་དོན་གང་ཞིག་འབྱུང་སྲིད་པའི་བརྡ་སྟོན་གྱིན་ཡོད་མོད། འོན་ཏེ་ཡང་སྙིང་དོན་དག་ཅི་ཞིག་འབྱུང་སྲིད་པ་ཡེ་ནས་མ་བརྗོད་པར། ཏག་ཏག་ཤོག་ངོས་གཉིས་ལྷག་གི་དོན་བརྗོད་སོང་རྗེས་གཞི་ནས“ཨ་མ”ཤི་སོང་བ་བསྟན་ཡོད། སྐབས་ཐོག་འདིར་དོན་བརྗོད་ཀྱི་དུས་ཚོད་ནི་གཏམ་རྒྱུད་ཀྱི་དུས་ཚོད་ལས་ཆེས་ཆེར་བསྒྱངས་ཡོད་པས། སྒྲུང་གཏམ་གྱི་དབྱངས་འགྲོས་ཀྱང་སྔར་བས་ཇེ་དལ་དུ་ཕྱིན་ཡོད།

ལྔ། སོར་གནས།

སྤྱིར་སོར་གནས་ནི་དོན་བརྗོད་ཀྱི་གོ་རིམ་དུ། དོན་བརྗོད་མ་ཡིན་པའི་ངག་གི་སྦྱོར་བའི་རིགས་འཐོན་པའི་སྐབས་སུ་འབྱུང་སྲིད་པ་ཞིག་ཡིན་ཏེ། དཔེར་ན། བཀོད་འབྲི་དང་གསལ་བཤད། རྩོམ་པ་པོ་མི་སྒེར་གྱི་ལྟ་ཚུལ་སོགས་ཐོན་པའི་སྐབས་སུ་སྒྲུང་གཏམ་གྱི་བྱུང་རིམ་མམ། ཡང་ན་དོན་བརྗོད་ཀྱི་དབྱངས་འགྲོས་ལ་སྤྱིར་བཏང་དུ་འགྱུར་བ་ཅི་ཡང་མེད་པར“སོ་ན་གནས”པས། རྣམ་ཀུན་གནས་སྐབས་འདི་ལྟ་བུར་སོར་གནས་ཀྱི་དབྱངས་འགྲོས་འབྱུང་བ་ཡིན།

རང་ཉིད་ཀྱིས་ཐོག་དང་པོར་ཧཱ་པ་དེ་གསོས་པར་འགྱོད་པ་སྐྱེས་འོང་། དོན་ངོ་མར་རང་ཉིད་ལ་ཧཱ་པ་ཞིག་མཁོ་དོན་ཅི་ཡོད་དམ། ཧཱ་པ་དེའི་རིགས་ནི་ཁྱིམ་ནང་དུ་ཕུང་དཀྲུག་སློང་བྱེད་ཁོ་ན་ཙམ་དུ་ཟད་དེ། གཙང་བཙོག་གི་དབྱེ་བ་མེད་པར་ཉ་ཉུང་བསྲེ་བར་བྱེད་པར་མ་ཟད། བདག་པོར་ཡིད་སེམས་རྩེ་གཅིག་ཏུ་མི་གཏོད་པར་ངོ་གཉིས་མའི་ངང་ཚུལ་འཛིན་ལ། མི་མཐོང་ཚད་ལ་ངོ་དགའ་སྤྲེལ་ལད་བྱེད་པ་དང་བདག་པོ་གཅིག་དོར་ནས་བདག་པོ་གཞན་ཞིག་ལ་སྐྱབས་བཅོལ་བྱེད་པའི་སྲོག་ཆགས་ཐ་ཤལ་ཞིག་ཡིན་པ་མིན་ནམ།

《 ཧཱ་པ་གསོས་པའི་ཟིན་བྲིས》(སྟག་འབུམ་རྒྱལ་གྱི་ཁྱི་སྒྲུང་།)p

ཕྱི་དྲོ་སློབ་གྲྭ་གྲོལ་རྗེས་སློབ་གྲོགས་ཚོ་སྡེ་འདབས་ཀྱི་རྐང་ལམ་དེའི་སྟེང་དུ་ཐར་ཐོར་ངང་ཡུལ་དུ་ལོག་གིན་འདུག དབྱར་གྱི་ཉི་མ་ནི་གནམ་མཐའི་གང་ཞིག་ཏུ་བཏགས་པ་དང་འདྲ་བར་འགུལ་མེད་དུ་ལུས་པས། མི་ལ་ཉིན་དཀར་ནི་ཤིན་ཏུ་རིང་བའི་སྣང་བ་སྟེར། གྲོ་ཞིང་ཁ་སྡེ་བ་ནི་ཉིན་ཁར་ཆགས་ཡོད་པས་ཕྱི་དྲོའི་མཚམས་སུ་བསླེབས་ཀྱང་། སེར་ལམ་ལམ་གྱི་ཉི་མས་རི་གྲོང་སྐྱ་བོ་དེ་གཞོབ་ལ་ཁད་བྱེད། ལམ་འགྲམ་གྱི་གད་པ་དེའི་ཁར་ཐར་ཐོར་དུ་བཞད་པའི་རེ་ལྕག་པའི་མེ་ཏོག་དང་། གྲེ་མའི་མེ་ཏོག ད་དུང་མིང་མི་ཐོགས་པའི་མེ་ཏོག་གཞན་ཀྱང་ཤིན་ཏུ་ཚ་བའི་ཉི་འོད་འོག་ཏུ་མགོ་བོ་བསྣར་ནས་བཀྲག་མདངས་ཡོངས་སུ་ཤོར།

《 1986ལོའི་ཆར་ལྭ》 (“གྲོ་ཞིང་ཁ”)q

དོན་བརྗོད་ཀྱི་གོ་རིམ་དུ། གོང་གསལ་གྱི་དཔེར་བརྗོད་འདི་གཉིས་ལྟ་བུ་བྱུང་ཚེ། སྐབས་ཐོག་དེར་སྒྲུང་གཏམ་གཞི་ནས་བསྡད་ཟིན་པ་ཡིན། མཚམས་འདིར་སྒྲུང་གཏམ་གྱི་བྱུང་རིམ་བསྡད་ཟིན་ལ། དོན་བརྗོད་ཀྱི་དབྱངས་འགྲོས་ཀྱང“ཐིག་ལེ”ཡི་གནས་སྐབས་ཤིག་ཏུ་བརྩིས་ཆོག“ཧྭ་པ་དེ་གསོས་པར་འགྱོད་པ་སྐྱེས”པ་དང་། ཧཱ་པ་དེ་ནི“ཕུང་དཀྲུག་སློང་བྱེད”ཅིག་གམ། “ཉ་ཉུང་བསྲེ་བར་བྱེད”མཁན་ཞིག“སྲོག་ཆགས་ཐ་ཤལ་ཞིག”བཅས་ཡིན་པ་ནི“རང་ཉིད”ཀྱི་འདོད་ཚུལ་ཙམ་ཡིན་ཏེ། འདོད་ཚུལ་འདི་དག་བརྗོད་ཡོང་དུས། སྒྲུང་གཏམ་གྱི་བྱུང་རིམ་ཆད་ཟིན་ལ། དོན་བརྗོད་ཀྱི་དབྱངས་འགྲོས་ལའང་འགྱུར་བ་ཅི་ཡང་མེད། ཡོད་ཚད་སྔར་བཞིན་“སོ་ན་གནས་”པས། འདི་ནི་དབྱངས་འགྲོས་ཀྱི“ངལ་གསོ”ཞིག་ཏུ་བརྩིས་ཀྱང་ཆོག དེ་བཞིན་དུ། “དབྱར་གྱི་ཉི་མ་ནི་གནམ་མཐའི་གང་ཞིག་ཏུ་བཏགས་པ”ལྟ་བུའམ། ལམ་འགྲམ་གྱི་གད་པའི་ཁ་རུ“རེ་ལྕག་པའི་མེ་ཏོག”དང་། “གྲེ་མའི་མེ་ཏོག”སོགས་བཞད་པར་བརྗོད་པའང་ཁོར་ཡུག་བཀོད་འབྲི་ཙམ་ཡིན་པས། སྒྲུང་གཏམ་གྱི་བྱུང་རིམ་མཚམས་འདིར་བསླེབས་དུས། གཏམ་རྒྱུད་བསྡད་ཟིན་ལ། དོན་བརྗོད་ཀྱང་བསྡད་ཟིན། ཐ་ན་ཀློག་པ་པོའི་ལྟ་ཀློག་ཀྱང་བསྡད་ཟིན་པར་བརྗོད་ཆོག་སྟེ། ཏག་ཏག་བར་གླགས་འདིར་བྱུང་རིམ་ཅི་ཡང་མེད་པས་སོ། །འོན་ཏེ། བར་མཚམས་འདིར། ཀློག་པ་པོའི་བག་ཆགས་སུ་ད་དུང་བྱུང་རིམ་སྔ་མ་དང་དབྱངས་འགྲོས་སྔ་མ་སོགས་གཤགས་ནས་ཡོད་པས། ཁོས་མཚམས་འདིར་སྒྲུང་གཏམ་བསྡད་ཟིན་པ་གཏན་ནས་ཚོར་མི་སྲིད། དེར་བརྟེན། སོར་གནས་ཞེས་པའི་ལག་ཐབས་འདི་ནི་དབྱངས་འགྲོས་སྔ་མ་ཞིག་གི“ངལ་གསོ”དང་། དབྱངས་འགྲོས་ཕྱི་མ་ཞིག་གི“སྟ་གོན”དུ་གྱུར་ཡོད།

གསུམ་པ། བརྩམས་ཆོས་སྤྱིའི་

དབྱངས་འགྲོས།

“མི་རིགས་སོ་སོར་རང་གི་དབྱངས་འགྲོས་རེ་ཡོད་པས། ང་ཚོས་རྩོམ་འབྲི་སྐབས་རང་མི་རིགས་ཀྱི་དབྱངས་འགྲོས་ལྟར་འབྲི་བ་ལས་རྒྱ་དང་ཕྱི་རྒྱལ་བའི་དབྱངས་འགྲོས་ལྟར་འབྲི་མི་རུང་སྟེ། དེའང་བོད་ཀྱི་སྐོར་བྲོ་ཕྱི་རྒྱལ་གྱི་དབྱངས་འགྲོས་ལ་སྦྱར་ནས་འཁྲབ་ཏུ་མི་རུང་བ་ལྟ་བུ་རེད”rཅེས་པའི་བཀྲ་བྷའི་སྐད་ཆ་འདིས་སྣེ་དྲངས་ཏེ། སྒྲུང་གཏམ་གྱི་དབྱངས་འགྲོས་ཆེ་བའམ། བརྩམས་ཆོས་སྤྱིའི་དབྱངས་འགྲོས་ལ་དབབ་པར་བྱའོ།།

གོང་གི་སྐད་ཆ་དེ་ལས་བཀྲ་བྷས་དབྱངས་འགྲོས་ཀྱི་བཅད་མཚམས་ཤིག་སྟོན་གྱིན་ཡོད་པ་ལས། “ཕྱི་རྒྱལ་གྱི་དབྱངས་འགྲོས་དང་སྦྱར་ནས་འཁྲབ་ཏུ་མི་རུང་བའི”བོད་རང་གི་དབྱངས་འགྲོས་ནི་ཇི་ལྟ་བུ་ཞིག་ཡིན་མིན་བསྟན་མེད། འོན་ཏེ། བཀྲ་བྷར་ད་དུང་སྐད་ཆ་གཞན་ཞིག་ཡོད་དེ། “ང་ཚོས་སོག་པོའི་གླུ་དབྱངས་ལ་ཉན་སྐབས་ཁོད་ཡངས་པའི་སྤང་ཐང་ན་འགྲོ་བའི་སྣང་བ་སྟེར་ལ། ང་ཚོའི་གླུ་དབྱངས་ལ་ཉན་ན་རི་མཐོ་ལ་གཟར་བརྒྱུད་པའི་སྣང་བ་སྟེར”sཞེས་པ་འདི་རེད། འདིར་བརྗོད་པའི“རི་མཐོ་ལ་གཟར་བརྒྱུད་པའི་སྣང་བ”ཞེས་པ་ནི་ད་གཟོད་བཀྲ་བྷས་བོད་ཀྱི་དབྱངས་འགྲོས་ལ་བཟུང་བའི་ངོས་འཛིན་དེ་མིན་ནམ་སྙམ། འདི་ནི་ཕྱི་སྣོད་ཀྱི་བཀོད་པ་ལ་ལྟོས་པའི་དབྱངས་འགྲོས་ཀྱི་འགྲེལ་སྟངས་ཤིག་རེད་ལ། མཛེས་དཔྱོད་རིག་པའི་ཆ་ནས་བཤད་ན། འགྲེལ་ལུགས་འདི་ཡང་ཁུངས་མེད་པ་ཞིག་མ་ཡིན་ཏེ། “ཕྱི་སྣོད་ཀྱི་བཀོད་པ་དང་རང་བྱུང་སྐྱེ་དངོས་སོགས་ཀྱིས་མི་རིགས་ཤིག་གི་འཚོ་ཚིས་ཕྱིད་ཐབས་དང་བསམ་བློའི་འཁྱེར་སོར་ཤུགས་རྐྱེན་ཐེབས་སྲིད་ལ། འཚོ་ཚིས་ཕྱིད་ཐབས་དང་བསམ་བློ་འཁྱེར་སོ་འདི་ལྟ་བུས་མི་རིགས་ཤིག་གི་མཛེས་པའི་ཕྱོགས་ཞེན་དང་མཛེས་པའི་གོམས་གཤིས་ལ་ཤུགས་རྐྱེན་ཐེབས་ངེས”tན། དབྱངས་འགྲོས་ཀྱང་མི་རིགས་ཀྱི་མཛེས་པའི་གོམས་གཤིས་ཤིག་ཏུ་བརྩི་དགོས་པས། ཕྱི་སྣོད་ཀྱི་བཀོད་པ་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ལྟ་ཅི་སྨོས། དེས་ན། 《 སྒྲོལ་མ་ཉེར་གཅིག》དང་། སྟག་འབུམ་རྒྱལ་གྱི“ཁྱི་སྒྲུང” “གྲོ་ཞིང་ཁ”བཅས་ཀྱི་དབྱངས་འགྲོས་ལའང་ཁོར་ཡུག་གི་ཤུགས་རྐྱེན་གང་འཚམ་ཞིག་ཐེབས་ཡོད་དམ་ཞེ་ན། མཐའ་གཅིག་ཏུ་ཡོད་དོ་ཞེས་ཁ་ཚོན་གཅོད་མི་སྤོབས་མོད། འོན་ཏེ། ཆེས་མ་མཐའ་ཡང་སྟག་འབུམ་རྒྱལ་གྱི“ཁྱི་སྒྲུང”དག་གི་དབྱངས་འགྲོས་ལ་འཚོ་གནས་ཁོར་ཡུག་གིས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་མེད་གྲང་དོགས་ཏེ། སྟག་འབུམ་རྒྱལ་གྱི“ཁྱི་སྒྲུང”སོ་སོར་ཕྲལ་ནས་བརྩམས་ཆོས་བྱེ་བྲག་པ་རེའི་དབྱངས་འགྲོས་ལ་བརྟག་པའམ། ཡང་ན་བརྩམས་ཆོས་བྱེ་བྲག་པ་དེ་དག་གཅིག་ཏུ་དྲིལ་ནས་མུ་འབྲེལ་སྒྲུང་གཏམ་གྱི་དབྱངས་འགྲོས་སྤྱི་ལ་དཔྱོད་དུས། མུ་མཐའ་བྲལ་བའི་སྤང་ཐང་ཞིག་ཏུ་ཕྱུགས་ཟོག་ཐང་མར་བརྡལ་བ་ལྟ་བུའི་དབྱངས་འགྲོས་ཤིག་སྟེ། གཅིག་ནས་དལ་བའི་ཆ་དང་། གཉིས་ནས་རྒྱ་ཡན་(བཀོད་སྒྲིག་མེད་པ)དུ་བཏང་བའི་ཆ་ཞིག་ཡོད་སྣང་སྟེར། དཔེར་ན། 《 སྒོ་ཁྱི》 ལ་ཏག་ཏག་ཤོག་ངོས་ལྔ་ལས་མེད་ཅིང་། 《 ཧཱ་པ་གསོས་པའི་ཟིན་བྲིས》ལ་ཤོག་ངོས་ལྔ་བཅུ་སྟེ། 《 སྒོ་ཁྱི》 ཡི་ལྡབ་བཅུ་ཕྲག་གཅིག་ལྷག་ཡོད་པའི་གཞུང་ཚད་ཀྱི་ཧེ་བག་ཅིག་དང་། གཞན་ཡང《ཁྱི་སྨྱོན》དང《དོམ་བུ》 《 ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》སོགས་ཀྱི་གཏམ་རྒྱུད་ལ་མཚོན་ན། མི་ཚེ་ཕྱེད་ཀ་ལྷག་གི་དུས་ཀྱི་བརྒལ་སྟབས་རེ་ཡོད་མོད། འོན་ཀྱང་། 《 ཁྱི་རྒན》དང《ཁྱི་ལྡོམ》 《 ཁྱི་རྒན་ཆང་གིས་བཟི་སོང》སོགས་ཀྱི་བྱུང་རིམ་ལ་ཉིན་ཁ་ཤས་དང་ཟླ་ངོ་རེ་ཟུང་གི་དུས་ཡུན་ལས་མེད་པས། མུ་འབྲེལ་སྒྲུང་གཏམ་ཧྲིལ་བོའི་ཆ་ནས་བལྟས་ཚེ་དམིགས་བསལ་གྱི་བཀོད་སྒྲིག་མེད་པའི་རྒྱ་ཡན་གྱི་ཆ་ཞིག་ཡོད་ལ། བརྩམས་ཆོས་བྱེ་བྲག་པ་རེར་མཚོན་ན་དལ་ཅིང་འགོར་བའི་ཆ་ཞིག་ཀྱང་ཡོད། དེ་བས། སྟག་འབུམ་རྒྱལ་གྱི་དབྱངས་འགྲོས་འདི་ལྟ་བུར་སྣོད་ཀྱི་བཀོད་པས་ཤུགས་རྐྱེན་ཐེབས་པར་འགྲེལ་རུང་ངམ་སྙམ་མོད། འོན་ཏེ་མཐའ་གཅིག་ཏུ་མ་ཁྱབ། གཅིག་ཏུ་ན་འདི་ནི་རྩོམ་པ་པོའི་མི་གཤིས་དང་འབྲེལ་བ་ཡོད་ཀྱང་སྲིད་ལ། གཉིས་སུ་ན་འདི་ནི་དོན་བརྗོད་ཀྱི་གོམས་གཤིས་འབའ་ཞིག་ཡིན་པར་བཀྲལ་ཡང་མི་རུང་བ་ཅི་ཡང་མེད།

《 སྒྲོལ་མ་ཉེར་གཅིག》གི་དབྱངས་འགྲོས་ནི་སྟག་འབུམ་རྒྱལ་གྱི“ཁྱི་སྒྲུང”དང་ཅུང་མི་འདྲ་སྟེ། སྒྲུང་གཏམ་ཡིག་བརྒྱ་མ་ཉེར་གཅིག་གིས་གྲུབ་པའི་མུ་འབྲེལ་སྒྲུང་གཏམ་འདིར། བཀྲ་བྷ་རང་ཉིད་ཀྱིས་བཤད་པ་བཞིན“རི་མཐོ་ལ་གཟར་བརྒྱུད་པ”ལྟ་བུའི་ཟོར་ཡང་བའི་ཆ་ཞིག་ཡོད་དེ། ཟོར་ཡང་བའི་དབྱངས་འགྲོས་འདི་ནི་རྩོམ་པ་པོའི་ལས་རིགས་དང་འབྲེལ་བ་ངེས་ཅན་ཞིག་མེད་མི་སྲིད་སྙམ། རྒྱུ་མཚན། 《 སྒྲོལ་མ་ཉེར་གཅིག》བརྩམས་པའི་དུས་ནི་རྩོམ་པ་པོས“མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནས་ལོ་ངོ་བཅུ་གཉིས་ཀྱི་རིང་ལ་གསར་འགྱུར་གྱི་ལས་ཀ་གཉེར་པའི”uསྐབས་ལ་ཁེལ་ཡོད་ཅིང་། གསར་འགྱུར་རྩོམ་རིག་གི་གསར་རྩོམ་གོམས་གཤིས་ཀྱིས《སྒྲོལ་མ་ཉེར་གཅིག》ལའང“ཟོར་ཡང་བའི”དབྱངས་འགྲོས་ཤིག་གྲུབ་པ་མིན་ནམ་སྙམ་སྟེ། གཅིག་ནས་མུ་འབྲེལ་ཧྲིལ་བོ་བརྩམས་ཆོས་ཉེར་གཅིག་གིས་གྲུབ་ཅིང་། བརྩམས་ཆོས་དེ་དག་ཀྱང་སྒྲུང་ཐུང་ཡིག་བརྒྱ་མ་འབའ་ཞིག་ཡིན་པར་མ་ཟད། སྒྲུང་ཐུང་ཡིག་བརྒྱ་མ་དེ་དག་ཀྱང“སྒྲོལ་མར”འབོད་པའི་བུད་མེད་སྐོར་ཞིག་གིས་མུ་རུ་སྦྲེལ་ཡོད་པས་སྤྱིར་མུ་འབྲེལ་ཧྲིལ་བོའི་ཚགས་དམ་པ་དང་། གཉིས་ནས《ཕུགས་རེ》 དང《མགྲོན་པོ·གསང་བ》 《 མཚན་མོ་དེ》 ལྟ་བུ་སོགས་ལ་དུས་ཀྱི་བརྒལ་སྟབས་ཅུང་ཆེ་མོད། 《 མཁའ་མཐའི་ཉི་མ》དང་《སེམས་ཁོང་གི་ཟུག་གཟེར》 《 ཁྱིམ་མཚེས་ཚང་གི་ཁྱིམ་བདག་མ》བཅས་ནི་དུས་ཡུན་ཐུང་ཐུང་གི་གཏམ་རྒྱུད་རེ་ཡིན་ལ། གཞན《སྒྲོལ་མ་ཉེར་གཅིག》གི་བརྩམས་ཆོས་ཕལ་མོ་ཆེར་དངོས་ཡོད་རིང་ལུགས་ཀྱི་ཞད་ཆེ་མོད། འོན་ཏེ《 བོར་ཟིན་པ་དེ་འཚོལ་བ》དང《བྲག་སྲིན་མོར་མངལ་ཆགས་པའི་གཏམ་རྒྱུད》ལྟ་བུ་སོགས་ལ་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་ཞད་ཀྱང་ཡོད་པ་བཅས་བརྩམས་ཆོས་བྱེ་བྲག་པ་རེར་འཕྱོ་འཇགས་ཆེ་བ། གསུམ་ནས་བརྩམས་ཆོས་སོ་སོའི་གཞུང་ཚད་ཀྱང་ཆེན་པོ་མེད་པར་ཡིག་གྲངས་ཆིག་སྟོང་ལྷག་གི་སྒྲུང་ཐུང་ཡིག་བརྒྱ་མ་སྐོར་ཞིག་ཡིན་པ་བཅས་ཀྱིས《སྒྲོལ་མ་ཉེར་གཅིག》ལ་ཧ་ཅང་སྟབས་བདེ་བའམ་ཟོར་ཡང་བའི་དབྱངས་འགྲོས་ཤིག་གྲུབ་ཡོད།

སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི“གྲོ་ཞིང་ཁ”ནི་ཕལ་ཆེར་གཞུང་ཚད་དོ་མཉམ་པའི་སྒྲུང་ཐུང་བཅུ་གཉིས་ཀྱིས་གྲུབ་ཡོད་ཅིང་། སྒྲུང་ཐུང་བྱེ་བྲག་པ་རེ་ཧ་ལམ་ཤོག་ངོས20—30ཡི་བར་དུ་རྫོགས་པར་བྱས་འདུག་པས། ལྟ་ཀློག་ལ་ཡིག་ཚོགས་ཀྱི་ངལ་བ་ཆེར་མེད་པ་དང་། གཞན་ཡང་། 《 ཐག་པ་ཁྲ་ཁྲ་ཞིག》དང《ཉི་འོད་འོག་གི་ཁྱེའུ》 《 2010ལོའི་གསར་འགྱུར》གསུམ་ཕུད། སྒྲུང་གཏམ་བྱིངས་ནི་སྤྲོས་རྗོད་པ་བྱིས་པ་ཞིག་གི་མཐོང་སྣེ་ནས་བྲིས་ཡོད་པས། བྱུང་རིམ་གྱི་ཆ་ཤས་སུ་གྱུར་པའི་དོན་དག་ཙག་ཙིག་རེ་ལའང་བྱིས་པའི་འཇིག་རྟེན་གྱི་མཛེས་སྡུག་དང་མཚར་སྣང་གིས་ཁེངས་ཡོད(《མཐིལ་བརྡོལ་བའི་འགྱིག་ལྷམ་ཆ་གཅིག》ཏུ་ཐེངས་བདུན་ལ་བྲིས་པའི“ཨི་ཁུང”དེ་ལྟ་བུས་མཚོན)ལ། མཛེས་སྡུག་དང་མཚར་སྣང་དེ་དག་ཀྱང་རྩོམ་པ་པོས“ངའི་རི་མགོའི་ཉི་མ་ལྟ་སྤྱད་ཀྱི་ལྷམ་དེས། ངའི་སྡེ་འདབས་ཀྱི་གྲམ་ཆུར་ལྟ་སྤྱད་ཀྱི་ལྷམ་དེས། ངའི་འཕྲུལ་སྣང་མཐའ་དག་ལ་གཤོག་འཛུགས་སྤྱད་ལྷམ་དེས”vཞེས་པ་ལྟ་བུའི་སྙན་ངག་གི་ངག་སྒྲོས་ལས་བྲིས་ཡོད་པས། “གྲོ་ཞིང་ཁ”ཞེས་པའི་མུ་འབྲེལ་སྒྲུང་གཏམ་འདིའི་ཐོག་མཐའ་བར་གསུམ་དུ་སྙན་ངག་གི་རོ་སྙོམ་ངེས་ཅན་ཞིག་གཤགས་འདུག་ལ། ལྷག་པར་དུ་རང་མོས་སྙན་ངག་གི་ཚིག་རྐང་ལྟ་བུའི་འགོ་རྩོམ་སྟངས་དང་། དུངས་བརྗོད་སྙན་ངག་ལྟ་བུའི་མཇུག་སྡུད་སྟངས། ལྡོག་བརྗོད་དང་སྔོན་བརྗོད་རེས་མོས་སུ་སྤྱོད་པའི་དོན་བརྗོད་ཀྱི་འགྱུ་སྟབས་བཅས་ལས། “གྲོ་ཞིང་ཁ”ཞེས་པའི་མུ་འབྲེལ་སྒྲུང་གཏམ་འདིར་སྙན་ངག་གི་དབྱངས་འགྲོས་ངེས་ཅན་ཞིག་ཐོན་འདུག་པར་སྙམ། འདི་ནི་མཐའ་གཅིག་ཏུ་རྩོམ་པ་པོའི་སྙན་ངག་གསར་རྩོམ་གྱི་བརྒྱུད་མྱོང་འབའ་ཞིག་དང་འབྲེལ་བ་ཡོད་པར་སྨྲར་མི་བཏུབ་མོད། འོན་ཏེ། རྩོམ་ལུས་རྣམ་བཞི་ལས་དབྱངས་འགྲོས་ཀྱི་བླང་བྱ་ལྟོས་བཅོས་ཀྱིས་མཐོ་བའི་སྙན་ངག་ལ་སྦྱོང་བ་སྔོན་དུ་སོང་བ་དེས། རྩོམ་པ་པོའི་སྒྲུང་གཏམ་གསར་རྩོམ་ལའང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད་པ་ཆོས་ཉིད་མིན་གྲང་སེམས།

མཇུག་སྡོམ།

གོང་གསལ་མུ་འབྲེལ་སྒྲུང་གཏམ་དག་ལ་ཆ་
བཞག་ན། དབྱངས་འགྲོས་ལ་ཆེ་འབྲིང་ཆུང་གསུམ་གྱི་སྡེ་ཚན་གསུམ་སྟེ། སྐད་ཆའི་དབྱངས་འགྲོས་དང་དོན་བརྗོད་ཀྱི་དབྱངས་འགྲོས། བརྩམས་ཆོས་སྤྱིའི་དབྱངས་འགྲོས་བཅས་སུ་ཕྱེ་བ་ལས། སྟག་འབུམ་རྒྱལ་གྱི་སྐད་ཆ་ནི་རིང་བ་རིང་དྲགས་པ་དང་ཐུང་བ་ཐུང་དྲགས་པས་དོ་མི་མཉམ་པ་ལྟ་བུར་སྣང་ལ། བཀྲ་བྷ་དང་སྒོ་མེ་ཚེ་རིང་བཀྲ་ཤིས་གཉིས་ཀྱི་སྐད་ཆ་ནི་རིང་ཐུང་དོ་མཉམ་ཞིང་སྙན་ངག་གི་རོ་སྙོམ་ཡང་གང་འཚམ་རེ་འཛོམས་སྣང་སྟེར། དོན་བརྗོད་ཀྱི་དབྱངས་འགྲོས་ནི་མུ་འབྲེལ་སྒྲུང་གཏམ་འདི་གསུམ་གའི་གང་ལ་མཚོན་ནའང་། སྡུད་པ་དང་རགས་བརྗོད། ལྗོངས་བཀོད། འགོར་འགྱང་། སོར་གནས་བཅས་ཀྱིས་མ་ཁྱབ་པ་ཕལ་ཆེར་མེད་ལ། བརྩམས་ཆོས་ཀྱི་དབྱངས་འགྲོས་ལ་མཚོན་ན། སྟག་འབུམ་རྒྱལ་གྱི“ཁྱི་སྒྲུང”ལ་གཅིག་ནས་དལ་བའི་ཆ་དང་གཉིས་ནས་རྒྱ་ཡན་དུ་བཏང་བའི་ཆ་ཞིག་ཡོད་པ་དང་། 《 སྒྲོལ་མ་ཉེར་གཅིག》ལ་ཟོར་ཡང་བའི་ཆ་དང“གྲོ་ཞིང་ཁ”ལ་སྙན་ངག་གི་དབྱངས་འགྲོས་ངེས་ཅན་ཞིག་ཡོད་པར་སྙམ་མོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1