ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་སློབ་ཆེན་དུ་རྟོག་ཞིབ་གནང་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 04-27
ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་25ཉིན་གྱི་སྔ་དྲོ་ཀྲུང་གོ་མི་དམངས་སློབ་ཆེན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་ཡོད།
ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་ཚོར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ཀྲུང་གོ་མི་དམངས་སློབ་ཆེན་གྱི་དགེ་སློབ་དང་ལས་བཟོ་པ་ཡོངས་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སློབ་གསོའི་ལས་དོན་པ་དང་གཞོན་ནུའི་ལས་དོན་པ་བཅས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་ཡོད། ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་རྣམས་ནས་ཏང་གི་བཀའ་སློབ་བློ་ལ་བརྟན་པོར་འཆང་ནས་མི་རིགས་བསྐྱར་དར་ཡོང་བའི་ཆོད་སེམས་འཇོག་དགོས་པ་དང་། ལང་ཚོ་དང་། དུས་རབས། མི་དམངས་བཅས་ཀྱི་རེ་བ་ཆུད་ཟོད་དུ་མི་གཏོང་བར། ལང་ཚོའི་འགྲན་ལམ་ཐོག་ནུས་ཤུགས་གང་ཡོད་ཀྱིས་འབད་འཐབ་བྱས་ཏེ་དེང་རབས་གཞོན་ནུའི་གྲུབ་འབྲས་ཡག་ཤོས་བརྩོན་ལེན་བྱ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། སུའི་ཆེད་དུ་མི་གསོ་སྐྱོང་དང་། མི་གང་ཞིག་གསོ་སྐྱོང་། ཇི་ལྟར་བྱས་ནས་མི་གསོ་སྐྱོང་བཅས་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་སློབ་གསོའི་རྩ་བའི་གནད་དོན་ཞིག་རེད། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་རྒྱུན་འཁྱོངས། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཞབས་ཞུ་སྒྲུབ་རྒྱུ་རྒྱུན་འཁྱོངས། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན། ཀྲུང་གོའི་ས་གཞི་ཆེན་མོར་གཞི་ཚུགས་ནས་སློབ་ཆེན་གཉེར་བ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཛམ་གླིང་གི་སློབ་ཆེན་རྩེ་གྲ་གཏོད་པའི་ལམ་བུ་གསར་པ་ཞིག་གི་ཐོག་ཏུ་བསྐྱོད་དགོས། རྒྱ་ཆེའི་གཞོན་ནུ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་དང་། ཁྱབ་སྤེལ་བྱེད་མཁན། མིག་དཔེ་འདོན་མཁན་བཅས་བྱས་ཐོག དཔའ་བོར་སློབ་སྦྱོང་དང་། རྒན་རབས་པར་སློབ་སྦྱོང་། མིག་དཔེར་སློབ་སྦྱོང་བཅས་བྱས་ནས། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་སྣ་གསར་པ་ཞིག་བྱ་རྒྱུའི་བརྩོན་ལེན་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་དུས་རབས་ཀྱི་རླབས་རྒྱུན་ཁྲོད་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
ཀྲུང་གོ་མི་དམངས་སློབ་ཆེན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བཙུགས་པའི་ཚན་ལྡན་སློབ་ཆེན་གསར་པ་དང་པོ་དེ་ཡིན་ཞིང་། དེ་ནི་དེ་སྔ་སྤྱི་ལོ་1937ལོར་ལྗར་འགོག་དམག་འཁྲུག་གི་མེ་ལྕེའི་ཁྲོད་བཙུགས་པའི་ཧྲའན་པེ་སྤྱི་སློབ་ནས་འབྱུང་བ་དང་། ཕྱིས་སུ་ཧྭ་བྱང་མཉམ་འབྲེལ་སློབ་ཆེན་དང་། བྱང་ཕྱོགས་སློབ་ཆེན། ཧྭ་བྱང་སློབ་ཆེན་བཅས་སུ་འགྱུར་ཡོད་ཅིང་། དུས་ཡུན་རིང་པོའི་སློབ་གཉེར་ལག་ལེན་ཁྲོད་སྤྱི་ཚོགས་ཚན་རིག་གི་མཐོ་རིམ་སློབ་གསོ་དང་མར་ཁེ་སི་རིང་ལུགས་ཀྱི་སློབ་ཁྲིད་དང་ཞིབ་འཇུག་ལ་སྣང་ཆེན་བྱས་པས། རང་རྒྱལ་གྱི་སྤྱི་ཚོགས་ཚན་རིག་གི་མཐོ་རིམ་སློབ་གསོའི་ཁྱབ་ཁོངས་ཀྱི་དར་ཆ་ཞེས་པའི་མཚན་སྙན་ཡོད།
སྔ་དྲོའི་ཆུ་ཚོད་9དང་སྐར་མ་20ཙམ་ལ། ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཏུང་ཀང་དང་སློབ་སྤྱི་ལིའུ་ཝུའེ་ཡི་ཕེབས་རོགས་འོག ཐོག་མར་ལི་ཏེ་(སྤྱོད་སྐྱོང་)ཐོག་བརྩེགས་ཁང་དུ་ཕེབས་ནས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་རིག་ལྡན་སློབ་ཁང་གི་ཡུལ་དངོས་ཀྱི་སློབ་ཁྲིད་ལ་ལྟ་སྦྱོང་གནང་ཡོད། ཞི་ཅིན་ཕིང་གིས་གཞོན་སྐྱེས་སློབ་མ་ཚོ་དང་མཉམ་དུ་ནན་ཏན་ངང་སློབ་ཁྲིད་ལ་གསན་ཞིང་གྲོས་བསྡུར་ནང་ཞུགས་པ་དང་། སློབ་གྲྭས་རང་ངོས་ཀྱི་བཟང་ཆར་བརྟེན་ནས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་སྒྱུར་བཅོས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་ཆུ་ཚད་མཐོ་བའི་བསམ་བློ་ཆབ་སྲིད་སློབ་ཚན་གཏོད་པའི་བྱེད་སྟངས་ལ་གདེང་འཇོག་གང་ལེགས་གནང་ཡོད། ཁོང་གིས། བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཚན་གྱིས་ཀུན་སྤྱོད་ལེགས་སྐྱོང་དང་མི་སྣ་གསོ་སྐྱོང་བྱེད་པའི་ཁྲོད་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱེད་ཐུབ་མིན་གྱི་འགག་རྩ་ནི་མཐོང་ཆེན་བྱེད་མིན་དང་། འཚམ་མཐུན་ཡོད་མེད། ཡག་པོ་སྒྲུབ་ཐུབ་མིན་བཅས་ལ་བལྟ་དགོས། བསམ་བློ་ཆབ་སྲིད་སློབ་ཚན་གྱི་ངོ་བོ་ནི་གནས་ལུགས་བཤད་རྒྱུ་དེ་ཡིན་པས། བྱ་ཐབས་དང་བྱེད་སྟངས་ལ་སྣང་ཆེན་བྱས་ཏེ་གནས་ལུགས་ཟབ་མོ་ཤོད་པ་དང་། གསལ་པོ་ཤོད་པ། ཡག་པོ་ཤོད་པ་བཅས་བྱེད་དགོས་པ་དང་། དགེ་རྒན་གྱིས་བློ་གཅིག་སེམས་གཅིག་གིས་སློབ་ཁྲིད་བྱེད་པ་དང་སློབ་མ་ཚོས་སེམས་རྣལ་དུ་ཕབ་ནས་དེའི་གོ་དོན་རྟོགས་པ་བྱས་ཏེ། བསམ་ཚུལ་བརྗེ་རེས་ཐུབ་པ་དང་། བློ་སྒོ་འབྱེད་ཐུབ་པ། སེམས་ཁམས་གསོ་ཐུབ་པ། བློ་སྟོབས་འཕེལ་ཐུབ་པ་བཅས་བྱེད་དགོས། གཞོན་ནུ་ལོ་ཆུང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ནི་རྒྱུན་མཐུད་ཀྱི་བརྒྱུད་རིམ་ཞིག་ཡིན་པས། གཞོན་ནུ་ལོ་ཆུང་འཚར་ལོངས་ཡོང་བའི་དུས་རིམ་མི་འདྲ་བར་དམིགས་ནས་དམིགས་ས་ཡོད་པའི་སྒོ་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་རྒྱག་དགོས། མི་དམངས་སློབ་ཆེན་གྱིས་ནུས་ཤུགས་ཡོད་རྒུས་རྒྱུན་བསྲིངས་ལྷོད་མེད་ཀྱི་འབད་བརྩོན་བྱས་ཏེ་ཡག་ཐོག་ཡག་བརྩེགས་ངང་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་ཐད་ཕན་ཐོགས་ཡོད་པའི་ནང་དོན་སྔར་བས་མང་བ་འཆད་ཁྲིད་ཐུབ་རྒྱུའི་རེ་བ་ཡོད། ས་གནས་ཁག་གི་མཐོ་སློབ་ཀྱིས་སློབ་གྲྭ་འབྲིང་ཆུང་དབར་བསམ་བློ་ཆབ་སྲིད་སློབ་ཚན་མཉམ་སྐྲུན་བྱ་རྒྱུར་སྐུལ་མ་ཧུར་ཐག་བཏང་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་འཛུགས་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་བ་དང་། ཞི་ཅིན་ཕིང་གིས་སློབ་མ་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བློ་སྤོབས་དང་། རིགས་པའི་གཞུང་ལུགས་ཀྱི་བློ་སྤོབས། ལམ་ལུགས་ཀྱི་བློ་སྤོབས། རིག་གནས་ཀྱི་བློ་སྤོབས་བཅས་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གདོང་ལེན་པ་བྱེད་ཕོད་པ་དང་བྱ་གཞག་གི་གདོང་མཆོངས་པ་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་ཡོད་པ་རེད།
ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་གྲྭའི་ལོ་རྒྱུས་འགྲེམས་སྟོན་དེ་སློབ་གྲྭའི་རྟེན་རྫས་བཤམས་སྟོན་ཁང་དུ་གཉེར་ཡོད། ཞི་ཅིན་ཕིང་དེ་གར་ཕེབས་ཏེ། སློབ་གྲྭའི་ལོ་རྒྱུས་འཕེལ་རིམ་དང་། འཛུགས་སྐྲུན་འཕེལ་རིམ། ཉེ་བའི་ལོའི་རིང་གི་སློབ་གསོ་ཚན་ཞིབ་ཀྱི་གྲུབ་འབྲས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་མི་དམངས་སློབ་ཆེན་ནི་ལྗར་འགོག་དམག་འཁྲུག་སྐབས་བཙུགས་པ་ཞིག་ཡིན་ཞིང་། ཏང་གི་ཐུགས་ཁུར་འོག་དར་རྒྱས་གོང་འཕེལ་ཕྱིན་པས། གཟི་བརྗིད་ཆེ་བའི་གསར་བརྗེའི་སྲོལ་རྒྱུན་དང་ཁྱད་ཆོས་འབུར་ཐོན་གྱི་གསར་བརྗེའི་སྙིང་སྟོབས་ལྡན་ཡོད། གཟི་བརྗིད་ཆེ་བའི་གསར་བརྗེའི་སྲོལ་རྒྱུན་དང་ཁྱད་ཆོས་འབུར་ཐོན་གྱི་གསར་བརྗེའི་སྙིང་སྟོབས་འདི་རྒྱུན་འཛིན་ཡག་པོ་བྱེད་པ་དང་། ཏང་གི་འཐབ་ས་གལ་ཆེན་འདི་བརྟན་སྲུང་ཡག་པོ་བྱེད་དགོས། སློབ་གྲྭའི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆ་སྔོག་འདོན་དང་། ལེགས་སྒྲིག ཞིབ་འཇུག་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། ཏང་གིས་མི་དམངས་སློབ་ཆེན་འཛུགས་པའི་གཏམ་རྒྱུད་ཡག་པོ་བརྗོད་པ། རྒྱ་ཆེའི་དགེ་སློབ་ཚོས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་རྒྱུར་ལྕག་སྐུལ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
རྟེན་རྫས་བཤམས་སྟོན་ཁང་གི་སྒོ་རྩའི་ཐང་ཆེན་ཐོག ཞི་ཅིན་ཕིང་གིས་དགེ་རྒན་ཆེ་མོ་རྒན་གྲས་དང་། རིག་གཅིག་མཁས་ཅན་རྒན་གྲས། གཞོན་དར་རྐང་འཛིན་དགེ་རྒན་སོགས་ཀྱི་འཐུས་མི་དང་ཐུག་འཕྲད་གནང་མ་ཟད། ཁོང་ཚོ་དང་མཛའ་བརྩེའི་ངང་ནས་བཀའ་མོལ་གནང་བ་རེད། དགེ་རྒན་ཆེ་མོ་རྒན་གྲས་དང་རིག་གཅིག་མཁས་ཅན་རྒན་གྲས་ཚོ་སྐུ་ན་བགྲེས་ཀྱང་སྐུ་གཟུགས་ཐང་ཞིང་ཐུགས་རིག་ཧ་ཅང་གསལ་བ་གཟིགས་སྐབས་ཞི་ཅིན་ཕིང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་རེད། ཁོང་གིས། ཀྲུང་གོ་མི་དམངས་སློབ་ཆེན་ནི་སྔར་ནས་བཟུང་ཤེས་ལྡན་མི་སྣ་གྲངས་མེད་ཐོན་ཞིང་མི་སྣ་གྲགས་ཅན་གཅིག་ཏུ་འདུ་ས་ཞིག་རེད། དགེ་རྒན་ཆེ་མོ་རྒན་གྲས་དང་རིག་གཅིག་མཁས་ཅན་རྒན་གྲས་ཚོས་ཏང་གི་སློབ་གསོའི་ལས་དོན་ཐད་སྐུ་ངལ་ཚད་མེད་བསྐྱོན་ཞིང་ལེགས་སྐྱེས་གལ་ཆེན་འབུལ་གནང་མཛད་ཡོད། གཞོན་དར་དགེ་རྒན་ཚོས་དགེ་རྒན་ཆེ་མོ་རྒན་གྲས་རྣམ་པར་སློབ་སྦྱོང་བྱས་ཏེ། སྐུ་ཡོན་ཆེ་བའི་སློབ་དཔོན་ཆེན་པོ་ཞིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱེད་དགོས་པ་དང་། སློབ་ཁྲིད་མི་སྐྱོང་དང་ཚན་ཞིབ་གསར་གཏོད་ཐད་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་འདུག
ཞི་ཅིན་ཕིང་གིས། འཛམ་གླིང་སྟེང་གི་ཆུ་ཚད་རྩེར་སོན་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་ཆེན་གཏོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་སྣེ་ཁྲིད་མཁན་གསོ་སྐྱོང་བྱེད་པར་སྔོན་ལ་མཚན་སྙན་སྲིད་རྩེར་ཁྱབ་ནུས་པའི་ཁྱད་འཕགས་ཀྱི་སློབ་དཔོན་ཆེན་པོ་ཡོད་དགོས། དགེ་རྒན་དཔུང་ཁག་གི་འཛུགས་སྐྱོང་ལ་སྣང་ཆེན་བྱེད་དགོས་པ་དང་། ཡང་སྒོས་གཞོན་དར་རྐང་འཛིན་དགེ་རྒན་གསོ་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས། མི་དམངས་སློབ་ཆེན་ཉིད་རང་རྒྱལ་གྱི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་དང་སློབ་ཁྲིད་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་ཞིག་ཏུ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གོ་མི་དམངས་སློབ་ཆེན་དཔེ་མཛོད་ཁང་ནི་སྤྱི་ཚོགས་ཚན་རིག་རིག་གཞུང་ཡིག་ཚགས་མང་པོ་གཙོ་བོར་ཉར་ཚགས་བྱས་པའི་དཔེ་མཛོད་ཁང་ཞིག་ཡིན་ཞིང་། ཁྱོན་དཔེ་ཆ་ཁྲི་410ལྷག་ཙམ་ཉར་ཚགས་བྱས་ཡོད། ཞི་ཅིན་ཕིང་དེ་གར་ཕེབས་ནས་ཉར་ཚགས་བྱས་པའི་གསར་བརྗེའི་ཡིག་ཚགས་དང་། གནའ་གཞུང་གཅིག་སྡུད་འགྲེམ་སྟོན་ལ་རྟོག་ཞིབ་གནང་བ་དང་། དེང་རབས་ཅན་གྱི་འཚོལ་བཤེར་སྟེགས་བུ་དང་ཚགས་པར་དང་དུས་དེབ་པར་རྒྱག་སོགས་གྲངས་འཛིན་ཅན་གྱི་རིག་གཞུང་ཐོན་ཁུངས་ལ་གཟིགས་ཞིབ་གནང་བ། སློབ་གྲྭས་ཡིག་ཚགས་དང་གནའ་གཞུང་སྲུང་སྐྱོང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་གྲུབ་འབྲས་བརྗེ་སྒྱུར་བེད་སྤྱོད་གཏོང་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཞི་ཅིན་ཕིང་གིས། མི་དམངས་སློབ་ཆེན་དུ་ཉར་ཚགས་བྱས་པའི་གསར་བརྗེའི་ཡིག་ཚགས་ཀྱིས་རང་རེའི་ཏང་གིས་ཚད་ལྡན་མཐོ་རིམ་སློབ་གསོ་གསར་འཛུགས་ཀྱི་དཀའ་ཚེགས་ཆེ་བའི་ལོ་ཟླར་དཔང་པོ་བྱས་ཡོད་པས་རིན་ཐང་ཤིན་ཏུ་ཆེ་བའི་གསར་བརྗེའི་འདས་དོན་ཡིན། དེར་སྲུང་སྐྱོབ་ཡག་པོ་དང་རིམ་པ་བཞིན་དུ་གྲངས་འཛིན་ཅན་དུ་འགྱུར་བ་བྱས་ཏེ། མི་དེ་བས་མང་བར་སློབ་གསོ་ཐེབས་སུ་འཇུག་དང་མི་དེ་བས་མང་བའི་བློ་སྒོ་འབྱེད་དགོས། དེང་རབས་ཚན་རྩལ་ལ་བརྟེན་ནས་གནའ་གཞུང་སྲུང་སྐྱོབ་ཉམས་གསོ་དང་ཕྱོགས་བསྡུས་བེད་སྤྱོད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། གནའ་གཞུང་ཁྲོད་ཀྱི་མཚན་ཉིད་རིག་པའི་བསམ་བློ་དང་། མི་ཆོས་སྙིང་སྟོབས། རིན་ཐང་འདུ་ཤེས། ཀུན་སྤྱོད་ཚད་ལྡན་བཅས་ལ་སློབ་སྦྱོང་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་ཅན་གྱི་བརྗེ་སྒྱུར་དང་། གསར་གཏོད་ཅན་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པ། རིག་གཞུང་ཐོན་ཁུངས་མཛོད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། རིག་གཞུང་ཡིག་ཚགས་ཆ་འཕྲིན་བརྒྱུད་སྤེལ་དང་། འཚོལ་བསྡུ། ལེགས་སྒྲིག རྩོམ་སྒྲིག རྒྱ་སྐྱེད། མཉམ་སྤྱོད་བཅས་ཀྱི་བྱེད་ནུས་འདོན་སྤེལ་ཡག་པོ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་འཛམ་གླིང་གི་རིག་གཞུང་ཐོན་ཁུངས་ཀྱི་ཆ་འཕྲིན་སྟེགས་བུ་རྩེར་སོན་ཞིག་བསྐྲུན་པ་དང་། རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
དེ་རྗེས། ཞི་ཅིན་ཕིང་དུས་རབས་ཁང་གི་ཚོམས་ཆེན་བྱང་མར་ཕེབས་ནས་ཀྲུང་གོ་མི་དམངས་སློབ་ཆེན་གྱི་དགེ་སློབ་ཀྱི་འཐུས་མི་དང་བཞུགས་མོལ་གནང་ཡོད། ཀྲུང་གོ་མི་དམངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཏུང་ཀང་དང་། མི་དམངས་སློབ་གསོ་མཁས་ཅན་གྱི་རྒྱལ་ཁབ་གཟི་བརྗིད་མཚན་སྙན་ཐོབ་མཁན་ཀའོ་མིང་ཤོན། དཔལ་འབྱོར་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཀྲའོ་ཧྥུང་། གསར་འགྱུར་རིག་པའི་སློབ་གླིང་གི་འབུམ་རམས་པ་ཀྲོའུ་ཞའོ་ཧུའེ། མཚན་ཉིད་རིག་པའི་སློབ་གླིང་གི་དངོས་གཞིའི་སློབ་མ་ཝང་ཧའེ་རུང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་དང་། བཞུགས་མོལ་གནང་ཡུལ་དུ་བབ་ཕེབས་ཤིང་དགའ་སྤྲོའི་རྣམ་པས་ཕྱུག་ཡོད།
ཚང་མའི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། རང་རྒྱལ་ལ་ཐུན་མིན་གྱི་ལོ་རྒྱུས་དང་། རིག་གནས། རྒྱལ་ཚུལ་བཅས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་འཛམ་གླིང་གི་རྩེར་སོན་དུ་འགྱུར་བའི་སློབ་ཆེན་འཛུགས་སྐྱོང་བྱེད་པར་གཞན་དཔེ་འདྲ་བཤུས་བྱས་ནས་འཇོག་མི་རུང་བ་དང་། ཕྱི་རྒྱལ་སློབ་ཆེན་དེ་སྟབས་བདེ་པོས་ཚད་གཞི་དང་དཔེ་དབྱིབས་ལ་བརྩི་མི་རུང་བར། ཀྲུང་གོའི་ས་གཞིར་གཞིས་ཚུགས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་འཛམ་གླིང་གི་རྩེར་སོན་དུ་འགྱུར་བའི་སློབ་ཆེན་འཛུགས་སྐྱོང་གི་ལམ་བུ་གསར་པ་ཞིག་གི་ཐོག་ཏུ་བསྐྱོད་དགོས། ཀྲུང་གོ་མི་དམངས་སློབ་ཆེན་དེ་ཉིད་ཧྲའན་པེ་སྤྱི་སློབ་འཛུགས་པའི་ཐོག་མའི་དུས་མཚམས་ནས་གསར་བརྗེའི་གདོང་ལེན་རུ་ཁག་གསོ་སྐྱོང་བྱེད་དགོས་ཞེས་ཁ་གསལ་བཏོན་པ་དང་། དེ་ནས་ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་མཚམས་སུ་རྒྱལ་སྐྱོང་ལས་བྱེད་ཁྲི་སྟོང་གསོ་སྐྱོང་བྱེད་དགོས་ཞེས་བཏོན་པའི་བར། བསྒྱུར་བཅོས་སྒོ་དབྱེའི་དུས་མཚམས་གསར་པའི་སྐབས་སུ་རྒྱལ་དམངས་ཀྱི་མིག་དཔེ་དང་སྤྱི་ཚོགས་ཀྱི་རྐང་འཛིན་མི་སྣ་གཙོ་སྐྱོང་བྱེད་དགོས་ཞེས་བཏོན་པའི་བར། དེ་ནས་དུས་རབས་གསར་པར་བསྐྱར་དར་གྱི་རྐང་འཛིན་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་གདོང་ལེན་པ་གསོ་སྐྱོང་བྱེད་དགོས་ཞེས་བཏོན་པའི་བར། མདོར་ན་སྔར་ནས་ད་བར་དུ་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པ་དེར་འགྱུར་བ་གཏོང་མྱོང་མེད་པར། ཏང་ནས་གཉེར་བའི་སློབ་ཆེན་གྱིས་ཏང་ཐུགས་བློ་བདེ་པོ་ཡོང་བ་དང་མི་དམངས་སློབ་ཆེན་གྱིས་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བའི་བསམ་པའི་གཤིས་སྤྱོད་མངོན་ཡོད། མི་དམངས་སློབ་ཆེན་གྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་དོན་ཐོག་ཏུ་འཁྱོལ་བ་བྱས་ནས། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་ཅིང་། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་དད་སེམས་དེ་ཉིད་མི་དམངས་སློབ་ཆེན་གྱི་དགེ་སློབ་ཚོའི་རང་རྟོགས་ངང་དོན་གཉེར་བྱེད་སར་འགྱུར་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། མཐོ་སློབ་ནི་རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་དཔུང་ཆེན་ལྔའི་ཁྲོད་ཀྱི་སྟོབས་ཤུགས་གཙོ་བོ་ཞིག་ཡིན། མིག་སྔར། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བར་མྱུར་དུ་ཐག་གཅོད་བྱ་དགོས་པའི་གནད་དོན་གསར་པ་འབོར་ཆེན་འཕྲད་ཡོད་པ་དང་། འཛམ་གླིང་ལ་ལོ་བརྒྱར་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ། འཛམ་གླིང་དེ་ཉིད་ཟང་ཟིང་འཕོ་འགྱུར་གྱི་དུས་མཚམས་གསར་པར་སླེབས་ཡོད་པས། འཛམ་གླིང་གང་བྱས་པ་ཡིན་ནམ། མིའི་རིགས་ཀྱི་མདུན་ལམ་གང་དུ་ཡོད་དམ་ཞེས་པའི་དུས་རབས་ཀྱི་འདྲི་གཞི་དེ་གཉིས་ལ་མྱུར་དུ་ལན་འདེབས་དགོས་ཀྱི་ཡོད། མར་ཁེ་སིའི་རིང་ལུགས་ཀྱི་རྩ་བའི་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཞི་ཚུགས་ཏེ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཛུགས་སྐྱོང་མགྱོགས་སུ་གཏོང་རྒྱུ་དེ་མཐར་གཏུགས་ནས་བཤད་ན་ཀྲུང་གོའི་རང་ཚུགས་ཀྱི་ཤེས་བྱའི་མ་ལག་འཛུགས་སྐྱོང་བྱ་རྒྱུ་དེ་རེད། ཀྲུང་གོ་མེ་ལོང་དུ་འཛིན་པ་དང་དུས་རབས་མེ་ལོང་དུ་འཛིན་པ་དང་། ཀྲུང་གོའི་དོན་དངོས་ལ་གཞི་ཚུགས་པ། ཀྲུང་གོའི་གནད་དོན་ཐག་གཅོད་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་འཕེལ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། ཤེས་བྱ་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། བྱ་ཐབས་གསར་གཏོད་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དེ་འཛམ་གླིང་རིག་གཞུང་གི་གར་སྟེགས་ཐོག་འགྱིང་ངེར་ལངས་ཐུབ་པ་བྱེད་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལས་བྱེད་མི་སྣས་ཁ་ཕྱོགས་གསལ་པོ་དང་། རིང་ལུགས་བདེན་པ། ཡོན་ཏན་གྱིས་ཕྱུག་པ། སྤྱོད་ལམ་ལེགས་པ་བཅས་བྱ་དགོས་ཤིང་། རང་རྟོགས་ངང་ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ལན་འདེབས་རྒྱུ་དེ་རིག་གཞུང་གི་ལས་འགན་དུ་བརྩི་བ་དང་། ཀྲུང་གོའི་ལམ་བུ་དང་། ཀྲུང་གོའི་བཅོས་སྐྱོང་། ཀྲུང་གོའི་གནས་ལུགས་བཅས་མངོན་པ་བྱ་རྒྱུ་དེ་བསམ་བློའི་དོན་གཉེར་དུ་བརྩིས་ནས། ཏང་དང་རྒྱལ་ཁབ་ཀྱི་གནས་བབ་ཧྲིལ་པོའི་རང་བཞིན་དང་། རྩ་བའི་རང་བཞིན། འགག་རྩའི་རང་བཞིན་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིབ་འཇུག་དང་ཐག་གཅོད་བྱེད་པའི་ཐད་འཇོན་ཐང་ངོ་མ་འདོན་པ་དང་གྲུབ་འབྲས་ཡག་པོ་ཐོབ་པ་བྱེད་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དེ་རྒྱལ་ཁབ་ཕྱི་ནང་ཀུན་གྱི་རིག་གནས་ཁྲོད་མཉམ་འདྲེས་ཐུབ་རྒྱུ་དང་། ཤེས་དཔལ་སྤེལ་རེས་ལེགས་སུ་གཏོང་བའི་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ། ཀྲུང་གོའི་སྐད་སྒྲ་དང་། ཀྲུང་གོའི་རིགས་པའི་གཞུང་ལུགས། ཀྲུང་གོའི་བསམ་བློ་བཅས་བརྒྱུད་བསྒྲགས་བྱས་ནས། འཛམ་གླིང་ནས་ཀྲུང་གོ་ཤེས་རྟོགས་དེ་བས་ལེགས་པ་ཐུབ་པ་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས་ཞེས་བསྟན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། སློབ་གྲྭ་ཡག་པོ་ཚང་མར་རང་སོའི་ཁྱད་ཆོས་རེ་ཡོད་མོད། འོན་ཀྱང་དེ་དག་ཐུན་མོང་ལ་དབང་བའི་ཁྱད་ཆོས་གཅིག་ཡོད་པ་ནི། ཕུལ་དུ་བྱུང་བའི་དགེ་རྒན་གྱི་དཔུང་ཁག་གཅིག་ཡོད་པ་དེ་ཡིན། དགེ་རྒན་ཞིག་གི་ངོས་ནས་བརྗོད་ན། སློབ་མ་མི་སྣ་གང་འདྲ་ཞིག་ཏུ་གསོ་སྐྱོང་བྱེད་པར་ཐོག་མར་དགེ་རྒན་རང་ཉིད་མི་དེ་འདྲ་ཞིག་ཏུ་འགྱུར་བ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་པར། ང་ཚོར་ཆེད་ལས་ཤེས་བྱར་བྱང་ཆུབ་པའི་ཡོངས་འཛིན་ལྟ་བུའི་དགེ་རྒན་དང་། ཡང་ཀུན་སྤྱོད་བཟང་བའི་མི་བྱེད་སྟངས་སློབ་མཁན་གྱི་དགེ་རྒན་བཟང་པོ་ཞིག་དགོས་པས། ཤེས་བྱ་སློབ་ཁྲིད་དང་ཀུན་སྤྱོད་གསོ་སྐྱོང་གཉིས་ཀ་ཧུར་ཐག་བྱེད་དགོས། སློབ་གསོ་ནི་བྱམས་དང་བརྩེ་བས་ཕྱུག་པའི་བྱ་གཞག་ཅིག་ཡིན་ཞིང་། བརྩེ་བ་ཡོད་ན་གཞི་ནས་འགན་འཁྲི་སླེབས་ཐུབ། རྒྱ་ཆེའི་དགེ་རྒན་ཚོས་བརྩེ་བ་དང་དམ་ནན་མཉམ་འཛིན་བྱེད་པ་དང་། རང་སྤེལ་གཞན་སྐྱོང་བྱེད་པ། མི་གཤིས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་བརྟེན་ནས་སློབ་མ་ཚོའི་སེམས་ཁམས་ལ་འོད་སྣང་སྦྱིན་པ་དང་། རིག་གཞུང་གི་ཡོན་ཚད་ལ་བརྟེན་ནས་སློབ་མ་ཚོའི་ཤེས་རིག་འཕེལ་བར་བྱེད་པ། རང་གི་དྲོ་སྐྱིད་དང་བརྩེ་སེམས་སློབ་མ་ཚང་མར་ཁྱབ་པ་བྱས་ཏེ། སློབ་མ་ཚང་མ་བདེ་ཐང་ངང་འཚར་ལོངས་དང་། ཕྲུ་གུར་ཚང་མར་མི་ཚེའི་མཚར་སྡུག་ངོམས་པའི་གོ་སྐབས་སྦྱིན་དགོས། རྒན་ལགས་ཚོས་བཤད་པའི་སྐད་ཆ་དོན་དུ་འཕེར་བ་དང་རང་གི་བྱ་སྤྱོད་ལ་ཚོད་འཛིན་བྱེད་ཐུབ་པའི་རང་རྟོགས་ཀྱི་སྒོ་ནས། རང་ངོས་ཀྱི་ཀུན་སྤྱོད་གསོ་སྦྱོང་ཟམ་མི་ཆད་པར་བྱས་ཏེ། དཔེ་སྟོན་གྱི་བྱ་སྤྱོད་ཐོག་ནས་སློབ་མ་ཚོར་ཤུགས་རྐྱེན་དང་སྐུལ་ཁྲིད་བྱེད་པ་དང་། སློབ་མ་ཚོས་སློབ་སྦྱོང་བྱེད་པ་དང་། བྱ་བ་སྒྲུབ་པ། མི་བྱེད་པ་བཅས་ཀྱི་སློབ་དཔོན་དུ་འགྱུར་བ་བྱེད་པ་བརྒྱུད་སྤྱི་ཚོགས་ཀྱི་བརྩི་བཀུར་ཐོབ་པའི་མིག་དཔེ་དང་མི་ཀུན་གྱི་མིག་དཔེར་འགྱུར་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པར་གཞི་རྐང་ཚུགས་ཐོག ཀྲུང་གོའི་གཞོན་ནུའི་འབད་འཐབ་ཀྱི་དམིགས་འབེན་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གཅིག་ཏུ་བསྒྲིལ་དགོས་ཤིང་། དེ་ཡང་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་མོ་འཁུར་མཁན་གྱི་དུས་རབས་ཀྱི་མི་སྣ་གསར་པར་འགྱུར་བ་བྱེད་དགོས། རྒྱ་ཆེའི་གཞོན་ནུ་ཚོས་རང་གི་རྐང་པ་གཉིས་ལ་བརྟེན་ནས་མེས་རྒྱལ་ས་གཞི་ཆེན་མོ་ཚད་འཇལ་བྱེད་པ་དང་། རང་གི་མིག་ཟུང་ལ་བརྟེན་ནས་ཀྲུང་གོའི་སྙིང་སྟོབས་ཤེས་རྟོགས་བྱེད་པ། རང་གི་རྣ་ལྕོག་གཉིས་ལ་བརྟེན་ནས་མི་དམངས་ཀྱི་འབོད་སྒྲར་ཉན་པ། རང་གི་སེམས་ཀྱི་གཏིང་རུམ་ནས་དུས་རབས་ཀྱི་འཕེལ་ཕྱོགས་ཚོར་བ་བཅས་བྱས་ཏེ། མེས་རྒྱལ་དང་གཅིག་སེམས་གཅིག་སྒྲིལ་བྱེད་པ་དང་། མི་དམངས་དང་ལས་དབང་མཉམ་འཛིན་བྱེད་པའི་བརྩེ་བ་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་། བྱ་གཞག་དོན་གཉེར་བྱེད་པའི་བརྒྱུད་རིམ་ཁྲོད་མཉམ་འདྲེས་ཐུབ་པའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་མཇུག་ཏུ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཏང་གི་བཀའ་སློབ་བློ་ལ་བརྟན་པོར་བཅངས་ནས་མི་རིགས་བསྐྱར་དར་ཡོང་བའི་ཆོད་སེམས་འཇོག་དགོས་པ་དང་། ལང་ཚོ་དང་། དུས་རབས། མི་དམངས་བཅས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ། ལང་ཚོའི་འགྲན་རའི་ཐོག་ནུས་ཤུགས་གང་ཡོད་ཀྱིས་འབད་འཐབ་བྱས་ཏེ་དེང་རབས་ཀྱི་གཞོན་ནུའི་གྲུབ་འབྲས་ཡག་ཤོས་བརྩོན་ལེན་བྱ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།
ཞི་ཅིན་ཕིང་སློབ་གྲྭ་ནས་ཞལ་གྱེས་སྐབས། གཞུང་ལམ་གྱི་གཞོགས་གཉིས་སུ་དགེ་སློབ་ཀྱིས་ཁེངས་ཡོད་པ་དང་། ཁོང་ཚོས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཤིང་ཚང་མས་མཉམ་དུ། ལང་ཚོ་ཏང་ལ་ཕྱོགས། མི་དམངས་ལ་ངོ་མི་གནོང་བ་བྱེད། བསྐྱར་དར་གྱི་ཀ་རྟེན་བྱེད། སྟོབས་ཆེའི་རྒྱལ་ཁབ་ཀྱི་མདུན་སྐྱོད་པ་བྱེད་ཅེས་འབོད་ཡོད། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ་དང་། ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲས་རེ་ཞིག་སློབ་རའི་བར་སྣང་ཁེངས་ཡོད།