མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལྷུག་པོར་བཞད་། བོད་རིགས་སྤུན་ཟླས་ཁྲེང་ཏུའུ་ནས་འཚོ་བ་རོལ་སྟངས།

གངས་ལྗོངས་ཉི་གཞོན་ཚང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-27


ལས་འཁྱུར་ངལ་གསོ་བྱས་ཀྱང་ལས་དོན་མི་དོར་བའི་གྲོང་ཁྱེར་ནང་གི་བོད་མི་སེམས་བཟང་ཞིག །

ཚེ་བློས་ཏང་ཡོན་རྒན་པར་འཚམས་འདྲི་གནང་བཞིན་པ།

ཁྲེང་ཏུའུ་གྲོང་ཁྱེར་ཧྲོང་ལིའུ་ཆུས་ཏུང་ཧྲེང་ཁྲོམ་ལམ་པེ་ཧོ་སྤྱི་ཁུལ་ཨོའུ་ཁྲེང་ལྡུམ་རའི་གཞིས་ཁུལ་དུ། ནམ་རྒྱུན་གཞིས་ཁུལ་གྱི་ཁང་བདག་ཚོའི་དཀའ་གནད་སེལ་ཐབས་ལ་འབད་འཐབ་བྱེད་བཞིན་པའི་བོད་མི་ཡ་རབས་ཤིག་ཡོད་དེ། ཁོང་ནི་གཞིས་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཁང་བདག་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་བློ་རེད། ལོ་ཤས་རིང་། ཁོང་གིས་བློ་གཅིག་སེམས་གཅིག་གིས་དོན་དངོས་བསྒྲུབས་ཅིང་།རྒྱུན་འཁྱོངས་ལྷོད་མེད་ཀྱིས་དོན་བཟང་སྤེལ་བར་མ་ཟད། ཐབས་བརྒྱ་ཇུས་སྟོང་གིས་དཀའ་གནད་སེལ་ཐབས་ལ་འབད་ནས། ལྷག་བསམ་ཟོལ་མེད་ཀྱིས་གཞིས་ཁུལ་གྱི་ཁང་བདག་རེ་རེར་སྲུང་སྐྱོབ་བྱས་པས། ཨོའུ་ཁྲེང་ལྡུམ་རའི་གཞིས་ཁུལ་གྱི་ཁང་བདག་ཚོའི་སྙིང་གི་ནོར་བུ་ལྟ་བུ་ཞིག་ཏུ་གྱུར།

 

གསར་འགོད་པས་ཨོའུ་ཁྲེང་ལྡུམ་རའི་གཞིས་ཁུལ་གྱི་ཁྱིམ་བདག་ལྟ་བུ་དང་ཁང་བདག་ཚོའི་སྙིང་གི་ནོར་བུ་འདྲ་བའི་མི་དེ་མཐོང་སྐབས། ཁོང་ཆར་པའི་ཁྲོད་འགྲོ་ཞོར་དུ་ཁྱིམ་གྱི་ནོར་བུ་བགྲང་བ་ལྟར་གསར་འགོད་པ་ལ་གཞིས་ཁུལ་གྱི་གནས་ཚུལ་ངོ་སྤྲོད་གནང།

ཨོའུ་ཁྲེང་ལྡུམ་རའི་གཞིས་ཁུལ་ནི་མི་རིགས་མང་བའི་གཞིས་ཁུལ་ཞིག་ཡིན་ཞིང་། སྔོན་དོ་དམ་མི་ལེགས་པ་དང་ཁོར་ཡུག་ཞན་པ། ཁྱིམ་མཚེས་བར་འགལ་ཟླ་ཆེ་བ། ཁང་བདག་དང་གཞིས་ཁུལ་ལས་དོན་མི་སྣའི་བར་རྩོད་གླེང་མང་བ་སོགས་ཀྱི་དཀའ་ཚེགས་དུ་མ་དང་འཕྲད། སྐབས་དེར་ཨོའུ་ཁྲེང་ལྡུམ་རའི་གཞིས་ཁུལ་ལ་གྲངས་ཉུང་མི་རིགས་མང་བ་དང་ལས་འཁྱུར་ངལ་གསོ་བ་མང་བ། འགལ་ཟླ་དང་གནད་དོན་མང་བ་བཅས་ཀྱི་མང་བ་རྣམ་གསུམ་ཞེས་བརྗོད་སྲོལ་ཡོད། དེ་ནས་ཁང་བདག་ཚོས་གོང་ལ་ཞུ་གཏུག་ཡང་ཡང་བྱས་མཐར། སྤྱི་ལོ་2017ལོར་སྤྱི་ཁུལ་གྱིས་སྣེ་ཁྲིད་པ་ཞིག་བཙལ་ནས། ཨོའུ་ཁྲེང་ལྡུམ་རའི་གཞིས་ཁུལ་གྱི་ལོ་ངོ་དུ་མའི་རིང་གི་གནད་དོན་དེ་ཐག་གཅོད་བྱ་རྒྱུའི་སེམས་ཐག་བཅད། དེར་བརྟེན་པེ་ཧོ་སྤྱི་ཁུལ་ཏང་ཨུ་ཡིས་མང་ཚོགས་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པར་མ་ཟད། སྤྱི་ཁུལ་མང་ཚོགས་ལ་རྒྱུས་མངའ་ཤིན་ཏུ་ཆེ་ཞིང་། ལས་འཁྱུར་ངལ་གསོ་བྱས་མ་ཐག་པའི་ཚེ་བློའི་ཕྱོགས་སུ་དམིགས་འབེན་བཏད།

གསར་འགོད་པས་ཚེ་བློ་ལ་ཁྱེད་ལས་འཁྱུར་ངལ་གསོ་བྱས་མ་ཐག་སླར་ཡང་མུ་མཐུད་དུ་ལས་དོན་གཞན་ཞིག་ལ་ཞུགས་པ་རེད། སྤྱི་ཁུལ་ཏང་ཨུ་ཡིས་ཁྱེད་སླར་ཡང་ལས་དོན་ལ་ཞུགས་རྒྱུའི་རེ་བ་བཏོན་སྐབས། སྐབས་དེར་ཁྱེད་ཀྱིས་ཐེ་ཚོམ་བྱས་པ་ཡིན་ནམ་ཞེས་དྲིས་ཚེ། ཁོང་གིས་ཏང་ཡོན་རྒན་གྲས་ཤིག་ཡིན་པའི་ངོས་ནས་འགན་འཁྲི་ཁུར་ཞིང་རང་ནུས་ཕྱུང་དགོས་རྒྱུ་ནི་རང་ཉིད་ཀྱི་འདོར་ཐབས་མེད་པ་ཞིག་རེད། ཏང་ཀྲི་པུའུ་དང་ཁང་བདག་ཨུ་ལྷན་བཙུགས་མ་ཐག །ངའི་སེམས་སུ་དྲན་རྒྱུའང་ཏང་ཡོན་རྣམས་ཡིན། ངས་དུད་ཚང་རེ་རེ་བཞིན་བརྒྱུད་ནས་ཏང་ཡོན་ཚོ་ཉུག་རྗེས་སྙིང་གཏམ་བཤད་པ་དང་། དེ་ནས་ཁང་བདག་ཚོའི་ཁྲོད་དུ་འགན་ཁུར་ཕོད་པའི་ཏང་ཡོན་40ལྷག་ལ་སྐུལ་སློང་བྱས་ནས་མཉམ་དུ་གཞིས་ཁུལ་ལེགས་བཅོས་ཀྱི་ལམ་དུ་ཞུགས་པ་ཡིན་ཞེས་ཟེར།

 

ཚེ་བློས་གཞིས་ཁུལ་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་རྗེས། རྙོག་འཛིང་ཆེ་བའི་གནས་ཚུལ་ལ་ཁ་གཏད་ཅིང་། དུད་ཚང་སོ་སོའི་ཁྱིམ་དུ་སོང་ནས་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཏེ། གཞིས་ཁུལ་ལེགས་བཅོས་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་མཐར། “1+211+N”ཞེས་པའི་གཞིས་ཁུལ་ལེགས་བཅོས་ཀྱི་ལས་དོན་ལམ་སྲོལ་བཏོད་ནས་གཞིས་ཁུལ་བཅོས་སྐྱོང་གི་ལམ་ཁ་གསར་པར་བསྐྱོད་ཅིང་། གཞིས་ཁུལ་དེ་གོ་རིམ་མེད་པ་ནས་གོ་རིམ་ལྡན་པར་གྱུར།

ཨོའུ་ཁྲེང་ལྡུམ་རའི་གཞིས་ཁུལ་གྱི་ཏང་ཀྲི་པུའུ་ཡི་ཁོངས་མི་ཕེང་ཧུང་གིས“1+211”ཡི་རང་སྐྱོང་ལས་དོན་ལམ་སྲོལ་ལག་བསྟར་བྱས་ནས་ལོ་གཅིག་ཙམ་འགོར་རྗེས། གཞིས་ཁུལ་གྱི་གནད་དོན་120ལྷག་ཐག་གཅོད་ཐུབ་ཡོད”ཅེས་ཟེར།

ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པའི་ཆ་ནས། ཚེ་བློའི་དམིགས་འབེན་ནི་ཞིབ་ཚགས་ལྡན་ལ། དོན་དངོས་དང་མཐུན་པ་སྟེ། དོན་ཆུང་གཞིས་ཁུལ་ལས་མི་བརྒལ། དོན་ཆེན་སྤྱི་ཁུལ་ལས་མི་བརྒལ་བ་བྱེད་ཐུབ་པར་མ་ཟད། ཁང་བདག་ཨུ་ལྷན་དང་ཕྱར་བ་གྲུ་འདེད་ཀྱིས་འཆམ་མཐུན་བརྟན་བརླིང་གི་བདེ་སྐྱིད་ལྡན་ཞིང་མཐུན་སྒྲིལ་ཆེ་བའི་གཞིས་ཁུལ་ཞིག་བསྐྲུན་པར་འབད་བཞིན་ཡོད། ཁོང་གི་བསམ་པར། རང་གིས་བྱ་བ་མང་ཙམ་བསྒྲུབ་ན། ཚང་མར་རོགས་རམ་ཕྲན་བུ་ཙམ་བྱེད་ཐུབ་བཞིན་འདུག་ལ། ཚང་མར་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཚེ། ཁང་བདག་རྣམས་ཀྱི་སེམས་སྐྱིད་པར་མ་ཟད། རང་ཉིད་ཀྱི་སེམས་ཀྱང་སྐྱིད་པོ་ཡོད་པར་འདོད།

གཞིས་ཁུལ་གྱི་ཁང་བདག་ཀྲུང་སུའུ་ཀྲེན་གྱིས་ཧྲུའུ་ཅི་ཚེ་བློས་ནམ་རྒྱུན་ཉེ་འཁོར་གྱི་བློ་མཐུན་དང་གཞིས་ཁུལ་གྱི་ཁང་བདག་ཚོ་ལ་ལྷག་བསམ་ཟོལ་མེད་བཅངས་བཞིན་ཡོད་པས། གཞིས་ཁུལ་གྱི་ཁང་བདག་རྣམས་ཁོང་ལ་ཡིད་ཆེས་ནས་བརྟེན་ས་ལྟར་ཆགས་ཤིང་། ཁོང་གིས་ང་ཚོའི་རེ་བ་ཚང་མ་སེམས་ལ་བཞག་པར་མ་ཟད། རང་ནུས་ཅི་ལྕོགས་ཀྱིས་ང་ཚོའི་དཀའ་ངལ་སེལ་ཐབས་བྱ་བཞིན་ཡོད་ཅེས་བཤད།

རྒྱུས་ལོན་བྱུང་བར་ལྟར་ན། གཞིས་ཁུལ་གྱི་ཐོན་ཁུངས་སྔོག་འདོན་བྱས་ནས་སྡོད་དམངས་ཀྱི་འཚོ་བའི་རྣམ་པ་གསར་དུ་བསྐྲུན། ཚེ་བློས་གཞིས་ཁུལ་དབུས་ཀྱི་གཟི་བརྗིད་ཀྱི་ལོ་རྒྱུས་ལྡན་པའི་གནམ་གྲུ་དབྱི་ཨར་—18(གནམ་གྲུ་རྙིང་པ)དེ་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་ཉོ་ཚོང་དང་ཉམས་ལེན་བྱེད་ཆོག་པའི་སྒོ་རྩིས་ཚོང་ཁང་ཞིག་ཏུ་བསྒྱུར། དུས་རྒྱུན་ཚེ་བློས་རང་འགུལ་ངང་གྲངས་ཉུང་མི་རིགས་ཀྱི་ཁང་བདག་ཚོའི་ཁྲོད་དུ་ཏང་གི་བཀའ་དྲིན་ཚོར་བ། མཐུན་སྒྲིལ་ལ་སྐུལ་མ་གཏོང་བའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་ནས། ཁོ་ཚོའི་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་ལ་དམིགས་ནས་སེམས་ཁུར་དང་རོགས་རམ་བྱེད་ཀྱི་ཡོད། མི་རིགས་ཁག་གི་གླུ་གར་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། རང་སྐྱོང་རྩ་འཛུགས་10ལྷག་བཙུགས་ནས། སྲོལ་རྒྱུན་གྱི་དུས་ཆེན་ཚེས་སྐབས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། བྱེད་སྒོར་བརྟེན་ནས་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། མི་རིགས་ཁག་གི་མཛའ་བརྩེའི་གསེར་ཟམ་གཅིག་ཏུ་སྦྲེལ། ཚེ་བློ་ལ་ཧྲོང་ལིའུ་ཆུས་མི་རིགས་མཐུན་སྒྲིལ་གྱི་མགྲིན་ཚབ་པ་དང་སེམས་འགུལ་ཐེབས་པའི་མི་སྣ་བཅུ། ཁྲེང་ཏུའུ་གྲོང་ཁྱེར་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་བཅས་ཀྱི་མི་སྒེར་གྱི་མཚན་སྙན་ཐོབ།

འབད་བརྩོན་ལྷོད་མེད་བྱས་པར་བརྒྱུད། ཨོའུ་ཁྲེང་ལྡུམ་རའི་གཞིས་ཁུལ་ལ་མི་རིགས་མཐུན་སྒྲིལ་ལས་དོན་སྤེལ་བའི་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་དེ། སྤྱི་ལོ་2020ལོར་ཨོའུ་ཁྲེང་ལྡུམ་རའི་གཞིས་ཁུལ་ལ་སི་ཁྲོན་ཞིང་ཆེན་གྱི་ཁག་ལྔ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྤྱི་ཚོགས་རྩ་འཛུགས་དཔེ་སྟོན་ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ། ཀྲུང་དབྱང་གི་འབྲེལ་ཡོད་འགོ་ཁྲིད་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་འཐུས་མི། ཞིང་ཆེན་དང་གྲོང་ཁྱེར་ཁག་གི་སློབ་སྦྱོང་རྟོག་ཞིབ་ཚོགས་པ་སོགས་རྩ་འཛུགས་དང་འབྲེལ་ཡོད་མི་སྣ་གང་མང་ཞིག་གཞིས་ཁུལ་དུ་ལྟ་སྐོར་དང་ཉམས་མྱོང་སྤེལ་རེས་ལ་ཐེངས་མང་ཕེབས།

ཨོའུ་ཁྲེང་ལྡུམ་རའི་གཞིས་ཁུལ་ཁང་བདག་ཨུ་ལྷན་གྱི་ཁོངས་མི་ཞའོ་ཀྲི་ཡུང་གིས་སྔོན་བཙོག་ཟིང་ཞན་གསུམ་འཛོམས་པའི་གཞིས་ཁུལ་དེ་ད་ལྟ་མཛེས་ཤིང་གཙང་ལ་ཇེ་ལེགས་སོང་ཡོད། སྔོན་བྱ་བ་ཙག་ཙིག་སྣ་ཚོགས་ཀྱིས་རྐྱེན་ནས་ཟིང་ཆ་ལངས་མོད། ད་ལྟ་འཁང་སེམས་ཀྱི་གནས་ཚུལ་མཐོང་རྒྱུ་མེད་པར་ཚང་མས་གཞིས་ཁུལ་དེ་ཁྱིམ་དུ་བརྩིས་ནས། སྤུན་ཟླ་མི་རིགས་ཁག་བར་འཆམ་མཐུན་གྱི་མེ་ཏོག་ལྷན་དུ་བཞད་བཞིན་ཡོད་ཅེས་བཤད།

ཨ་བྲ་ཆུང་ཡང་གཟུགས་བཞི་ཚང་ཞེས་པའི་དཔེ་ལྟར། ཏང་ཀྲི་པུའུ་དང་ཁང་བདག་ཨུ་ལྷན་ཆུང་ཆུང་འདིའང་སྡོད་དམངས་མི་གྲངས་3000ལྷག་གི་ཚབ་མཚོན་ཞིག་རེད། ད་ལྟ་ཨོའུ་ཁྲེང་ལྡུམ་རའི་གཞིས་ཁུལ་ནི་མི་རིགས་མཐུན་སྒྲིལ་མང་བ། སྡོད་དམངས་ཞུགས་ཚད་མང་བ། དགའ་སྤྲོའི་དགོད་སྒྲ་མང་བ་བཅས་ཀྱི་སྔར་དང་མི་འདྲ་བའི་མང་བ་རྣམ་གསུམ་དུ་གྱུར་ཡོད། ཏང་ཡོན་གཅིག་གིས་ཐོག་ཁང་གཅིག་ལ་དྲོ་སྐྱིད་སྟེར་བ་དང་ཀྲི་པུའུ་གཅིག་གིས་གཞིས་ཁུལ་གཅིག་ལ་མཐུན་སྒྲིལ་བྱེད་ཐུབ་པ་བྱུང་།
ཞོགས་པའི་འཆར་ཀ་དང་འགྲོགས་ནས་སྒོ་ལ་བུད། དགོང་ཁའི་སྒྲོན་འོག་དང་འགྲོགས་ནས་ཕྱོགས་བསྡོམས་བྱེད། འདི་ནི་ནམ་རྒྱུན་ཚེ་བློས་ལས་ཀ་སྒྲུབ་པའི་གནས་ཚུལ་དངོས་མཚོན་ཡོད། ཁོང་གིས་གཞིས་ཁུལ་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་འགན་འཁྲི་ལྕི་མོ་ཞིག་མཚོན་གྱི་ཡོད། གཞི་རིམ་ཏང་རྩ་འཛུགས་ཤིག་ཡིན་པའི་ངོས་ནས་བརྗོད་ན། དེ་ནི་གར་སྟེགས་ཆུང་ཆུང་ཞིག་ཡིན་རུང་། དེའི་ཐོག་ཏང་སྲིད་ཡར་རྒྱས་གོང་འཕེལ་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་དམངས་བདེ་སྡོད་ལས་བརྩོན་བཅས་དང་འབྲེལ་བ་ཡོད་པའི་ཟློས་གར་ཆེན་པོ་ཞིག་འཁྲབ་བཞིན་ཡོད། ངས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་གཞིས་ཁུལ་བཅོས་སྐྱོང་གི་ལམ་བུ་མུ་མཐུད་འཚོལ་ཞིབ་བྱས་ནས་རྩ་འཛུགས་དང་ཀུན་གྱི་རེ་བ་ཆུད་ཟོས་སུ་གཏན་ནས་གཏང་རྒྱུ་མིན་ཞེས་བཤད་དོ། །

མཐོ་སྒང་གི་ན་གཞོན་གཉིས་ཀྱིས་གྲོང་ཁྱེར་དུ་ལག་ཤེས་གཉེར་བའི་གཏམ་རྒྱུད།

ཉེ་བའི་ལོ་ཤས་རིང་། བོད་འབྲེལ་ས་ཁུལ་གྱི་ན་གཞོན་མང་པོ་ནང་ལོགས་སུ་ཞོར་ལས་གཉེར་བར་ཕྱིན་ཏེ། གྲོང་ཁྱེར་གྱི་འདུ་འཛིའི་ཁྲོད་ཕུགས་བསམ་བཅངས་ཏེ་དཀའ་སྤྱད་སྡུག་རུས་ཀྱིས་ལག་ཤེས་ལ་འབད་བཞིན་མཆིས།

ལོ་ན་21ལ་སླེབས་པའི་གསང་པོ་ནི་དཀར་མཛེས་ཁུལ་གསེར་རྟ་རྫོང་ར་ཀྲམ་ཡུལ་ཤོག་ཏོག་ཚ་ཡུལ་ཚོ་ནས་ཡིན་པ་དང་། དེ་སྔ་གསེར་རྟ་རྫོང་གི་མགྲོན་ཁང་ཞིག་གི་ཞབས་ཞུ་པ་ཞིག་རེད། ད་ལོའི་ཟླ་དང་པོར་ཝུན་ཅང་ཆུས་ཀྱི་གསེར་རྟ་རྫོང་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་རོགས་རམ་འོག་ཁྲེང་ཏུའུ་རུ་ཐུང་དབྱིས་ཁེ་ལས་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་གི་ཐོན་སྐྱེད་བཀོལ་སྤྱོད་པ་ཞིག་ཏུ་གྱུར་ཡོད། གསང་པོས་གསར་འགོད་པར་ལས་སླ་པོར་བྱུང་བ་ཞིག་མིན་པའི་གོ་སྐབས་ལ་རང་ཉིད་ཀྱིས་གཅེས་འཛིན་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ང་རང་གི་མཐོང་རྒྱ་ཆེ་རུ་ཕྱིན་པར་མ་ཟད། ད་དུང་ཤེས་བྱ་གསར་པ་མང་པོ་ཞིག་ཤེས་བྱུང་ཞེས་བཤད། ད་ཆ་ཁོ་མོའི་གླ་ཕོགས་དེ་སྔོན་ལས་ལྡབ་གཅིག་ཙམ་མང་དུ་སོང་བར་མ་ཟད་འགན་བཅོལ་ལྔ་དང་མ་དངུལ་གཅིག་ཡོད་པ་དང་།
ཟླ་རེར་ཁྱིམ་དུ་བསྐུར་བའི་དངུལ་གྱིས་ཀྱང་ཕ་མ་གཉིས་ཀྱི་སྨན་བཅོས་བྱེད་རིན་དང་། གཅུང་པོ་དང་གཅུང་མོ་སློབ་གྲྭར་འགྲོ་བའི་སློབ་རིན་སོགས་ཀྱི་རྒྱུན་གཏན་གྱི་འགྲོ་སོང་གི་དགོས་མཁོ་སྐོང་ཐུབ།

གསང་པོ་གནས་སའི་ཁེ་ལས་ཀྱི་འགན་འཁུར་པ་ཀྲའོ་ཡིའུ་དབྱི་ཡིས་གསར་འགོད་པར། གསང་པོ་ལ་བོད་རིགས་བུ་མོའི་བབ་ཆགས་པའི་རྣམ་འགྱུར་ལྡན་ཡོད། མོས་ལས་ཀ་ནན་ཏན་བསྒྲུབས་པར་མ་ཟད་སློབ་སྦྱོང་ཡང་བྱེད་ཐུབ་ཀྱི་ཡོད། ཟླ་འདི་ཤས་རིང་རྒྱ་ཡིག་དང་རྒྱ་སྐད་ཀྱི་ཆུ་ཚད་དང་དེ་མིན་ལས་ཀ་སོགས་གང་ཅིའི་ཐད་ནས་ཡར་རྒྱས་ཆེན་པོ་བྱུང་ཡོད་ཅེས་བཤད། ཝུན་ཅང་ཆུས་སུ་ལས་ཀ་བྱས་ནས་ཟླ་བ་ཁ་ཤས་སོང་བའི་ཉམས་མྱོང་ལས་གསང་པོ་ལ་རང་ཉིད་ཀྱི་བསམ་བློ་ཡོད་དེ། ཁོ་མོས་རང་ཉིད་ལ་གོ་སྐབས་ཡག་པོ་དེ་འདྲ་ཞིག་བྱུང་བས་སླད་ཕྱིན་མུ་མཐུད་དུ་སློབ་སྦྱོང་དང་ལས་ཀ་ཧུར་ཐག་བསྒྲུབ་རྒྱུ་དང་ཆབས་ཅིག་ཕ་ཡུལ་ལ་རང་ཉིད་ཀྱི་ལེགས་སྐྱེས་ཕྲན་བུ་འབུལ་འདོད་ཡོད་དེ། རང་ཉིད་ཀྱི་ལས་ཀའི་ཉམས་མྱོང་ངོས་ཐད་ནས་སྔོན་ཆད་རང་ཉིད་ལ་རོགས་སྐྱོར་གནང་མྱངས་པའི་ལས་བྱེད་པ་དང་མཉམ་དུ་ཡུལ་མི་དེ་བས་མང་བ་འདི་གར་ལས་ཞུགས་བྱེད་པར་ཡོང་རྒྱུར་ཤུགས་རྐྱེན་བཟོ་བ་དང་སྐུལ་ཁྲིད་བྱས་ཏེ། ཁོང་ཚོའང་མི་གཅིག་ལས་ཞུགས་ཐུབ་པ་ན་ནང་མི་ཚང་མ་སླར་ཡང་དབུལ་པོར་འགྱུར་རྒྱུར་སྔོན་འགོག་ཐུབ་པ་བྱས་ཏེ། རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་དེ་བས་ལེགས་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་འདོད།

དཔལ་འབྱོར།

དེ་ཡང་ཝུན་ཅང་ཆུས་ཀྱིས་གསེར་རྟ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་བྱས་པ་བརྒྱུད་ཝུན་ཅང་དང་གསེར་རྟ་ས་གནས་གཉིས་ཀྱི་མི་ཤུགས་ཐོན་ཁུངས་སྤེལ་རེས་ཟབ་མོ་དང་མཉམ་འགུལ་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ། མཉམ་ལས་གཉིས་ཁེ་ཡོང་བ་བྱས་ནས་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཕྱུག་འགྱུར་གྱི་ལེའུ་གསར་པ་ཞིག་བརྩམས་འདུག །

ལོ་ན་24ལ་སླེབས་པའི་དཔལ་འབྱོར་ནི་གསེར་རྟ་རྫོང་རྒྱ་ཤོད་ཡུལ་ཤོག་རྒྱ་ཁོག་ཡུལ་ཚོ་ནས་ཡིན་པ་དང་ད་ཆ་ཞང་ཕིའོ་ཕིའོ་བཟའ་བཅའ་སི་ཁྲོན་ཚད་ཡོད་སྤྱི་གཉེར་ཁང་གི་སྒྲིག་ཆས་ཉམས་བཟོ་པ་ཞིག་རེད། ད་ལོ་ནི་ཁོ་ཝུན་ཅང་ཆུས་སུ་ལས་ཞུགས་བྱེད་པར་ཡོང་བའི་ལོ་བཞི་པ་དེ་ཡིན་པ་དང་། རྒྱུན་ཆད་མེད་པར་སློབ་སྦྱོང་དང་སྦྱོང་བརྡར་ཐོབ་པས་ད་ཆ་ཕུལ་བྱུང་གི་ལག་རྩལ་བཟོ་པ་ཞིག་ཏུ་གྱུར་ཡོད། དཔལ་འབྱོར་གྱིས་རང་ཉིད་ཀྱི་ལས་ཀའི་སྐོར་གླེང་སྐབས་མཚམས་འཇོག་མེད་པར་ལྷུག་པར་བརྗོད་ཅིང་། ཁོ་རང་གི་ལས་ཀ་ཧ་ཅང་ལས་སླ་པོ་རེད་ཅེས་པའི་ཚིག་དེ་ཐོས་སྐབས་ཁོས་རང་ཉིད་ཀྱི་ལས་ཀར་བཅངས་པའི་དགའ་ཞེན་དང་བློ་ཡིད་ཚིམ་པོ་ཡོད་པ་མཐོང་ཐུབ།

དཔལ་འབྱོར་ནི་ལས་ཀར་སྤྲོ་སྣང་ཆེ་ཞིང་མི་གཞན་དང་འགྲོགས་སྐབས་གདོང་ལས་ཟོལ་མེད་ཀྱི་འཛུམ་མདངས་མངོན། ཁོས་གསར་འགོད་པར་2019ལོར་རོགས་སྐྱོར་ལས་བྱེད་པ་ཀྲུང་ཏི་ཁུའེ་ཡིས(སྐབས་དེ་དུས་ཀྱི་གསེར་རྟ་རྫོང་རྒྱ་ཤོད་ཡུལ་ཤོག་རྒྱ་ཁོག་ཡུལ་ཚོའི་ཧྲུའུ་ཅི་དང་པོ)རོགས་རམ་འོག་ཝུན་ཅང་ཆུས་སུ་ལས་ཀ་བྱེད་སར་བསྐྱོད་པ་དང་།
ལས་ཀ་བྱེད་རིང་ཀྲུང་ཧྲུའུ་ཅི་ཡིས་རོགས་རམ་དང་མཛུབ་ཁྲིད་མང་པོ་བྱས་པ་དང་། ལག་རྩལ་བྱང་ཆུབ་པ་ཞིག་ཤེས་རྗེས་ན་ནིང་ལོ་མཇུག་ཏུ་གཞི་ནས་ད་ལྟའི་སྤྱི་གཉེར་ཁང་འདིར་ལས་ཀ་བྱེད་ཀྱི་ཡོད་ཅེས་བཤད། དཔལ་འབྱོར་གྱིས་གསར་འགོད་པར་རང་ཉིད་ཝུན་ཅང་ཆུས་སུ་མ་ཡོང་གོང་ཕ་ཡུལ་དུ་གནས་སྐབས་ལས་ཀ་བྱེད་ཀྱི་ཡོད་ལ་ལག་རྩལ་སྣ་གཅིག་ཀྱང་མེད། ད་ཆ་ཁོའི་དམིགས་ཡུལ་འབའ་ཞིག་ནི་རང་ཉིད་ཀྱི་ལས་ཀ་ཡག་པོ་སྒྲུབ་པ་དང་ཆེད་ལས་ཀྱི་འཕྲུལ་འཁོར་ཞིག་གསོ་བྱེད་པའི་ཤེས་བྱ་སློབ་སྦྱོང་བྱས་ནས་རང་ཉིད་སློབ་མཐར་ཕྱིན་རྗེས་ཕ་ཡུལ་དུ་སློབ་མ་བསྡུས་ཏེ་ལག་རྩལ་གྱི་ཟ་མ་ཟ་ཐུབ་པ་བྱ་རྒྱུའི་འཆར་གཞི་ཡོད་ཅེས་བཤད།

ཝུན་ཅང་ཆུས་ལས་ཞུགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཕུང་ཏུང་ནི་ཝུན་ཅང་གིས་གསེར་རྟ་ལ་རོགས་སྐྱོར་བྱེད་པའི་ཁག་དྲུག་པའི་རོགས་སྐྱོར་ལས་བྱེད་པའི་གྲས་ཤིག་རེད། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཝུན་ཅང་ཆུས་ཀྱིས་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་ས་གནས་གཉིས་ཀྱིས་ལས་ཞུགས་དང་ལས་གཏོད་རྩལ་ནུས་གསོ་སྦྱོང་སྣ་ཚོགས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། གསེར་རྟའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་དང་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བར་ཁྲིད་སྟོན་བྱས་ཏེ། ཕྱིར་གླ་པར་བསྐྱོད་ནས་ལས་ཞུགས་བྱེད་པའི་བྱེད་ཐབས་བརྒྱུད་རྒྱུན་མཐུད་ངང་ཡོང་འབབ་འཕར་ཏེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཡོད། ད་ལོའི་ཟླ་དང་པོར་ཝུན་ཅང་དུ་བཅའ་སྡོད་བྱས་པའི་གསེར་རྟ་རྫོང་གི་ངལ་རྩོལ་ནུས་ཤུགས་ཕྱིར་གཏོང་ལས་དོན་ཞབས་ཞུའི་ས་ཚིགས་ཀྱི་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་དང་བྱ་སྤྱོད་དེས་གསེར་རྟའི་ངལ་རྩོལ་ནུས་ཤུགས་ཝུན་ཅང་དུ་སྤོ་སྒྱུར་བྱེད་པའི་མགྱོགས་མྱུར་བགྲོད་ལམ་བཏོད་ཡོད་པར་མ་ཟད། ད་དུང་གསེར་རྟའི་ཝུན་ཅང་དུ་སྡོད་པའི་ལས་མིར་ཞབས་ཞུའི་འགན་ལེན་གྱི་བཀའ་རྒྱ་བཏང་ནས་བློ་བདེ་པོའི་ངང་ལས་ཞུགས་ཐུབ་པར་བྱས་ཡོད་པ་དང་། ད་ལོའི་ཟླ་དང་པོ་ནས་ཟླ་3པའི་བར་གསེར་རྟ་རྫོང་གི་ཞིང་འབྲོག་པ་བསྡོམས་པས་མི་441ཕྱིར་གླ་པར་བསྐྱོད་ནས་གསེར་རྟའི་ལོ་སྔོན་མ་དག་གི་དུས་མཚུངས་ཀྱི་ལས་ཞུགས་གཞན་སྒྱུར་མི་གྲངས་ལས་མང་ཤོས་སུ་གྱུར་འདུག །

 བློ་བཟང་ཟླ་བ་དང་ཝང་ཏན།བརྩེ་བའི་ཨ་ལོང་སྦྲེལ་ཏེ་བདེ་སྐྱིད་འཚོ་བ་རོལ་བའི་ཕལ་བའི་རྒྱ་བོད་བཟའ་ཟླ་གཉིས།

 དེ་སྔོན《རྟ་ཐོག་གི་ཉེན་རྟོག་པ》ཞེས་པའི་རྩོམ་ཞིག་མཐོང་མྱོང་ཞིང་། མིང་ལ་བློ་བཟང་ཟླ་བ་ཞེས་པའི་ཁམས་པའི་ཕོ་རྒོད་ཅིག་2007ལོར་མི་དམངས་ཉེན་རྟོག་པ་རུ་གྱུར་ཏེ་ས་མཐོའི་མཐའ་མཚམས་སུ་ཡུན་རིང་པོར་གཞི་ཚུགས་ནས་མི་དམངས་ཀྱི་བདེ་འཇགས་སྲུང་བའི་གཏམ་རྒྱུད་ཅིག་བྲིས་འདུག །

ཉིན་དེར་ཆར་པ་བབས་བྱུང་། སྔ་དྲོའི་ཆུ་ཚོད་10དང་ཕྱེད་ཀའི་ཐོག་གསར་འགོད་པའི་ཚོ་ཆུང་ཧྲོང་ལིའུ་ཆུས་སུ་བཅར་འདྲིར་ཕྱིན་པ་དང་། ཕྱི་དྲོར་བློ་བཟང་ཟླ་བ་དང་ཝང་ཏན་བཟའ་མི་གཉིས་པོར་འཕྲད། གཟུགས་པོ་རིད་ཅིང་ངོ་གདོང་སྐམ་པ། སྐད་ཆ་བཤད་དུས་ཅུང་འཚེར་སྣང་ལྡན་པའི་བློ་བཟང་ཟླ་བ་ད་ལོ་ལོ་ན་40ལོན་ཡོད་དེ་ཕར་བལྟས་ཚེ་དེ་ལས་རྒས་ཉམས་དོད་པས། གསར་འགོད་པའི་སེམས་སུ་མི་འདི་རང་སྲོག་ཤོར་རུང་ཉེན་རྟོག་པ་བྱེད་འདོད་པའི་ཕོ་རྒོད་དེ་ཨེ་ཡིན་སྙམ།

 

གསར་འགོད་པས་ཁྱོ་ཤུག་ཁོང་གཉིས་ཀྱི་གཏམ་རྒྱུད་སྐོར་གྱི་དྲི་བ་བཏོན་པ་ན། བློ་བཟང་ཟླ་བས་བཤད་རྒྱུར། དང་ཐོག་ང་རང་ལུས་པོ་ཅུང་མི་བདེ་བ་བྱུང་མོད། ཡིན་ཡང་རང་གིས་དེ་ཙམ་འཛེམ་དོགས་མ་བྱས། 2014ལོར་ལས་ཁུངས་འགོ་ཁྲིད་ཀྱིས་བཙན་ཀྱིས་བཀའ་གནང་སྟེ་གཟུགས་པོར་བརྟག་དཔྱད་བྱས་མཐར་ནད་གཞི་རིགས་14ཙམ་ཕོག་ཡོད་པ་ཤེས་རྟོགས་བྱུང་།
སྐབས་དེར་ང་རང་གིས་རང་གི་ལས་གནས་བརྟན་སྲུང་བྱ་འདོད་ཡོད་ཀྱང་། འགོ་ཁྲིད་ཀྱིས་ཐུགས་ཁུར་ཆེན་པོ་གནང་སྟེ་སྨན་བཅོས་བྱེད་བཅུག་པ་དང་། དེ་ནས་བཟུང་ཁྲེང་ཏུའུ་ནས་སྨན་བཅོས་བྱས་ཏེ་ལོ་མང་པོ་འགོར་སོང་། དེ་དུས་ངེད་གཉིས་ཐེངས་དང་པོ་འཕྲད་པ་ཡིན།

བློ་བཟང་ཟླ་བའི་བཟའ་ཟླའི་མིང་ལ་ཝང་ཏན་ཟེར། ཁོ་མོས་བློ་བཟང་ཟླ་བའི་སྐད་ཆའི་འཕྲོར་མཐུད་དེ་གསར་འགོད་པར། དེ་ནི་2017ལོའི་ཟླ་5པའི་ཉིན་ཞིག་རེད། ང་རང་གྲོགས་པོ་དང་མཉམ་དུ་སྨན་ཁང་དུ་བློ་བཟང་ཟླ་བ་ལ་ལྟ་རུ་ཕྱིན། རྒྱུ་མཚན་ནི་དེའི་སྔོན་ངས་ཚགས་པར་ཐོག་ནས་ཁོའི་ལོ་རྒྱུས་མཐོང་མྱོང་བས་སེམས་འགུལ་ཆེན་པོ་ཐེབས་བྱུང་།
ངས་བློ་བརྟན་འགྱུར་མེད་ཀྱི་ཉེན་རྟོག་པ་དེ་ཐེངས་ཤིག་མཇལ་བར་འདོད། ཁོང་མཐོང་དུས་ངའི་སེམས་སུ་དཔའ་བོའི་སྣང་བརྙན་དེ་ཁོ་ལྟ་བུ་ཞིག་ལོས་ཡིན་སྙམ་ཞེས་བཤད།

བློ་བཟང་ཟླ་བར་མཚོན་ན་ན་ཚའི་སྡུག་བསྔལ་ཚད་མེད་མྱོང་བ་ཞིག་ཡིན་མོད། འོན་ཀྱང་བརྩེ་བའི་སྨྱུ་གུ་ཞིག་དུས་དེ་ནས་རིམ་བཞིན་འབུས། དེ་བཞིན་བློ་བཟང་ཟླ་བ་སྨན་ཁང་ནས་ཕྱིར་བུད་རྗེས་ཉེ་རིང་ཞིག་གི་ཁྱིམ་ནས་ངལ་གསོ་བྱས། ཉིན་ཞིག་ལུས་སྦྱོང་བྱེད་སྐབས་སླར་ཡང་ཝང་ཏན་ལ་འཕྲད་པ་དང་ཕན་ཚུན་འབྲེལ་གཏུག་ཨང་གྲངས་བཞག་པར་མ་ཟད། ཁོམ་ལོང་གི་སྐབས་སུ་ཕན་ཚུན་སྤྲོ་སྣང་ལྡན་པའི་བྱ་བ་མཉམ་སྤྱོད་བྱས་ཏེ་བརྩེ་དུང་ཡང་ཕན་ཚུན་ལྷག་བསམ་ཟོལ་མེད་ཀྱི་སྤྱོད་ཚུལ་ཁྲོད་ཇེ་ཟབ་ཏུ་ཕྱིན།

ཝང་ཏན་གྱིས་བཤད་རྒྱུར། བློ་བཟང་ཟླ་བ་དང་ཐེངས་དང་པོར་ངོ་འཕྲད་དུས། ངའི་སེམས་གཏིང་ནས་བརྗོད་མི་ཤེས་པའི་ཤ་ཚ་སྙིང་རྗེའི་ཚོར་བ་དྲག་པོ་ཞིག་སྐྱེས་བྱུང་། དེས་མ་ཟད་མ་གཞི་ང་རང་བོད་མི་རིགས་ལ་དགའ་ཞེན་ཆེ་ཞིང་། མི་རིགས་འདི་སེམས་བཟང་སྙིང་རྗེ་ལྡན་པའི་བག་ཆགས་ཟབ་མོ་ཞིག་ཡོད། ཁོ་དང་འགྲོགས་པའི་བརྒྱུད་རིམ་ཁྲོད་ངས་ཁོ་ལ་ཁྱིམ་ཞིག་སྟེར་ན་འདོད། སྔོན་ཆད་ཁོ་ལ་ན་ཚས་འདི་འདྲ་མནར་མོད། འོན་ཀྱང་མ་འོངས་པ་ལ་ངེད་གཉིས་སྐྱིད་སྡུག་མཉམ་མྱོང་བྱས་ཆོག །

ཝང་ཏན་གྱི་བརྩེ་བ་རྣལ་མས་བློ་བཟང་ཟླ་བའི་སེམས་ཁོང་དྲོ་རུ་བཅུག །ཡུན་རིང་མ་སོང་བར་ཝང་ཏན་ལས་ཀའི་དབང་གིས་ཕྱི་རྒྱལ་དུ་འགྲོ་དགོས་བྱུང་། དེ་བཞིན་བློ་བཟང་ཟླ་བས་སྔར་བཞིན་སྨན་བཅོས་བྱས་པ་དང་ལུས་པོའང་ཉིན་རེ་བཞིན་སྐམ་རིད་དུ་གྱུར། ཡིན་ཡང་ཁོའི་ཉེ་འགྲམ་དུ་བདག་སྐྱོང་བྱེད་མཁན་མེད་པའི་རྐྱེན་ཝང་ཏན་གྱིས་ཐེ་ཚོམ་སྤུ་ཙམ་མེད་པར་ལས་ཀའི་མཚམས་བཞག་སྟེ་བློ་བཟང་ཟླ་བའི་གམ་དུ་ལོག །དེར་བརྟེན་ཁོང་གཉིས་ཀྱི་ཡོང་འབབ་ཡོད་ཚད་བློ་བཟང་ཟླ་བའི་གླ་ཕོགས་ཁོ་ནར་བརྟེན་དགོས་ཀྱི་ཡོད་ཅིང་། གླ་ཕོགས་ཀྱི་སུམ་ཆ་གཉིས་དུས་རྒྱུན་གྱི་སྨན་བཅོས་ཐད་སྤྱོད་དགོས་པས་ཁོང་གཉིས་ཀྱི་འཚོ་བར་དཀའ་ཁག་ཆེན་པོ་ཞིག་འཕྲད་ཡོད། སྐབས་དེ་དུས་ཝང་ཏན་གྱིས་བློ་བཟང་ཟླ་བ་ལ་གཡོག་བྱེད་པ་དང་ཆབས་ཅིག་ཉེ་ས་ནས་ལས་ཀ་ཞིག་བཙལ་ནས་འཚོ་བའི་འགྲོ་གྲོན་ཁ་གསབ་བྱ་རྒྱུའི་ཐག་བཅད།

སྟབས་ལེགས་པ་ཞིག་ལ་སྐབས་དེར་ཨོའུ་ཁྲེང་ལྡུམ་རའི་གཞིས་ཁུལ་གྱི་ཏང་ཀྲི་པུའུ་དང་ལས་རིགས་ཨུ་ལྷན་གྱིས་སྡོད་ཁུལ་གྱི་གནམ་གྲུར་སྲུང་སྐྱོང་དང་བསྒྱུར་བཀོད་བྱས་པར་མ་ཟད། ཕྱི་ཕྱོགས་སུ་བོགས་གཏོང་ཡང་བྱས་པ་རེད། ཝང་ཏན་གྱིས་གོ་སྐབས་དེར་དོ་སྣང་ཆེན་པོ་བྱས་ཤིང་ཐེ་ཚོམ་གྱི་བསམ་བློ་བཏང་མོད། ཡུལ་དངོས་སུ་རྟོག་ཞིབ་བྱས་ནས་གནམ་གྲུ་མཐོང་བའི་སྐབས་སུ་དེ་སྔོན་བློ་བཟང་ཟླ་བར་འཕྲད་པ་དང་འདྲ་བར་འཕྲལ་མར་སེམས་ཐག་བཅད་དེ་རང་ཉིད་ཀྱི་ལས་ཀའི་འཆར་གཞིའི་འགོ་ཚུགས་ཏེ། རང་ཁྱིམ་གྱི་རླངས་འཁོར་གཅིག་པུ་དེ་བཙོངས་པར་མ་ཟད། གཉེན་ཉེ་དང་གྲོགས་པོའི་ས་ནས་མ་དངུལ་གཡར་ཏེ་གཞན་མི་གཉིས་དང་མཉམ་དུ་སྒོ་རྩིས་ཚོང་ཁང་ཞིག་གཉེར་བ་དང“དུས་གཏན་གནམ་གྲུའི་ཞབས་ཞུའི“སྒོ་རྩིས་ཚོང་ཁང་ཞེས་པའི་མིང་བཏགས།

ཝང་ཏན་གྱིས་གསར་འགོད་པར་བཤད་རྒྱུར། བློ་བཟང་ཟླ་བ་ནི་གྲངས་ཉུང་མི་རིགས་ཡིན་པ་དང་ཁོའི་ཉེ་འགྲམ་གྱི་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་མང་པོ་ཞིག་གིས་ཅ་ལག་ཉོ་སྐབས་གྲོང་ཁྱེར་དུ་ཅ་ལག་ཉོ་རུ་འགྲོ་དགོས་ཀྱི་ཡོད་པ་ཤེས་རྟོགས་བྱུང་སྟེ། ནམ་རྒྱུན་སྟབས་བདེ་མེད་པར་མ་ཟད་དུས་ཚོད་ཀྱང་འཕྲོ་བརླག་གཏོང་གི་འདུག།།དེར་བརྟེན་ང་ཚོའི་སྒོ་རྩིས་ཚོང་ཁང་གིས་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་དང་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་བྲིན་ཚོང་བྱེད་ཀྱི་ཡོད།

རང་ཉིད་ཀྱི་རྒྱུན་མཐུད་འབད་བརྩོན་བརྒྱུད། བཟའ་ཟླ་ཁོང་གཉིས་ཀྱི་འཚོ་བ་རིམ་གྱིས་ཇེ་བཟང་དུ་ཕྱིན། ད་ཆ་ཝང་ཏན་ལ་ཇ་བསྲུབས་མ་འཐུང་བ་དང་། རྩམ་པ་ཟ་བ། ཤ་སྐམ་ཟ་བ་སོགས་ཀྱི་གོམས་གཤིས་ཆགས་ཡོད་པར་མ་ཟད། ད་དུང་བོད་སྐད་སྟབས་བདེ་ཁ་ཤས་ཀྱང་བཤད་ཐུབ། ཁོང་གཉིས་ཀྱིས་རང་ངོས་ཀྱི་བྱ་སྤྱོད་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་བརྩེ་བར་འགྲེལ་བ་བརྒྱབ་པ་དང་2021ལོར་སྙིང་དང་འདྲ་བའི་བུ་ཕྲུག་ཅིག་ཀྱང་སྐྱེས་ཡོད།

ད་ལོ་ནི་བློ་བཟང་ཟླ་བ་དང་ཝང་ཏན་མཉམ་དུ་བསྡད་པའི་ལོ་5པ་དེ་ཡིན་ལ། སྒོ་རྩིས་ཚོང་ཁང་ལས་གཉེར་བྱས་པའི་ལོ་3པའང་རེད། ཝང་ཏན་ནི་བློ་བཟང་ཟླ་བའི་ཚེ་སྲོག་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་སུ་གྱུར་ཡོད་པ་དང་། སྒོ་རྩིས་ཚོང་ཁང་དེའང་སྡོད་ཁུལ་གྱི་དོ་བདག་ཚོའི་རྒྱུན་གཏན་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། །

 

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1