ཅི་ཉིང་གྲོང་ཁྱེར་མཛེས་རྩལ་ཁང་དེ་2019ལོའི་ཟླ་ལྔ་པར་ལེགས་གྲུབ་བྱུང་བ་ཡིན་ལ། མཛེས་རྩལ་ཁང་འདི་གསར་སྤེལ་ཁུལ་ཆེ་གྲས་ཤིག་ཏུ་གནས་ཤིང་།ཧྲན་ཏུང་ཞིང་ཆེན་ཅི་ཉིང་གྲོང་ཁྱེར་གྱི་གྲོང་ཁུལ་ནས་རླངས་འཁོར་དུ་བསྡད་ན་སྐར་མ་ཉི་ཤུ་ཙམ་ལ་འགྲོ་དགོས། ལས་གཞི་དེར་བྱེད་ནུས་མང་པོ་ཡོད་ལ། མཛེས་རྩལ་ཁང་མ་གཏོགས་ད་དུང་སྤྱི་གླིང་དང་འཚིག་ཇ་ཁང་ཡོད་པ་དང་། འབྱུང་འགྱུར་ཅི་ཉིང་གྲོང་ཁྱེར་གྱི་རིག་གནས་ལྟེ་གནས་གསར་པར་འགྱུར་རྒྱུ་རེད། སྤྱིའི་འཆར་འགོད་ནང་རིག་གནས་སྒྲིག་བཀོད་4ཚུད་ཡོད་དེ། དཔེ་མཛོད་ཁང་དང་རིགས་མི་འདྲ་བའི་རྟེན་རྫས་བཤམས་མཛོད་ཁང་གསུམ་བཅས་ཡོད་ལ། ད་དུང་ཚོང་ལས་སྒྲིག་བཀོད་དང་གཞུང་ལས་ཁང་། སྤྱི་གླིང་བཅས་ཡོད་པ་རེད། ཅི་ཉིང་གྲོང་ཁྱེར་མཛེས་རྩལ་ཁང་ནི་སྤྱི་གླིང་འཆར་འགོད་ཀྱི་ཆ་ཤས་ཤིག་ཡིན་པ་དང་། དེའི་ཕྱོགས་བཞིར་རང་བྱུང་ཁམས་ཀྱིས་བསྐོར་ཡོད་ཅིང་། དེའི་ཉེ་འཁོར་ཁོད་ཡངས་པའི་མཚེའུ་ཡིན། ཁོ་ར་ཁོར་ཡུག་སྔོ་ལྗང་གཡུ་ལོས་བརྒྱན་ཞིང་མཐའ་འཁོར་ཆུ་དང་མཚེའུས་བསྐོར་ཡོད། རྟེན་རྫས་བཤམས་མཛོད་ཁང་དེ་རང་བྱུང་ཁམས་དང་འདྲེས་ཐུབ་ཆེད། ཇུས་འགོད་ཀྱི་བསམ་ཕྱོགས་གཙོ་བོ་ནི་སྐྱེ་ལྡན་གྱི་འཁྱོག་ཐིག་བཟོ་དབྱིབས་གཞི་ཁྱོན་ཆེན་པོས་ཁང་ཀླད་བརྒྱན་ཡོད། ཁང་ཀླད་ཀྱི་མཐོ་ཚད་དེ་སྨི་བཞི་ནས་སྨི་བཅུ་བཞི་བར་རིམ་བཞིན་མཐོ་རུ་ཆགས་ནས་རང་བྱུང་གིས་སྤྱི་གླིང་ནང་གི་སྐྱེ་ལྡན་ཡུལ་ལྗོངས་རྒྱུན་མཐུད་བྱས་ཡོད། སྒྲིག་གཞི་ནི་ངར་ལྕགས་ཀྱི་སྒྲོམ་གཞི་ལས་གྲུབ་པ་ཞིག་ཡིན་ལ། ཁང་པའི་ཞབས་ཀྱི་བར་སྟོང་ཕྱེད་ཀ་ཙམ་སྤྱི་གླིང་གི་བར་སྟོང་དུ་སྤྱད་ཡོད། ལྷག་མའི་ཆ་ནི་མཛེས་རྩལ་ཁང་གི་ཁྱབ་ཁོངས་ཡིན། ཆེ་ཆུང་མི་འདྲ་བའི་འགྲེམས་ཁང་དང་དེ་མིན་གྱི་རིགས་མི་འདྲ་བའི་ཁང་པ་རྣམས་མཛེས་རྩལ་ཁང་དུ་བཀོད་སྒྲིག་བྱས་ཡོད་ལ་ཕྱི་རོལ་དུ་ཤེལ་གྱི་བར་ཁྱམས་ཀྱིས་བསྐོར་ནས་སྒོ་ར་མང་པོ་ཞིག་ཆགས་ཡོད།
ཤེལ་གྱི་ཁྱམས་རིང་གིས་འགྲེམས་ཁང་སོ་སོ་སྦྲེལ་ཡོད་པར་མ་ཟད། ད་དུང་དེའི་ཁ་ཞེང་ཆེ་ཆུང་གི་འགྱུར་ལྡོག་ལ་བརྟེན་ནས་ཁྱད་པར་ཅན་གྱི་བྱེད་ནུས་ལྡན་པའི་བར་སྟོང་གྲུབ་པ་སྟེ། དཔེར་ན། འཚིག་ཇ་ཁང་དང་ངལ་གསོ་ཁང་། དཔེ་ཁང་སོགས་ཀྱིས་གྲུབ་ཡོད།སྤྱི་གླིང་ལ་ཕྱོགས་པའི་བར་སྟོང་དེ་ཁང་ཀླད་ཀྱིས་མཐའ་ལ་བཀབ་ནས་ཕྱི་རོལ་གྱི་བར་སྟོང་ཕྱེད་ཙམ་ཞིག་ཆགས་པ་དང་། དུས་མཚུངས་སུ་མཛེས་རྩལ་ཁང་གི་ཆ་ཤས་ཤིག་དང་ཡང་ན་སྤྱི་གླིང་ནས་ཐད་ཀར་འཛུལ་ཏེ་ཁེར་རྐྱང་གི་བར་སྟོང་བྱས་ནས་བེད་སྤྱོད་བྱས་ཀྱང་ཆོག །ཁང་ཀླད་ཆེན་པོས་ཚ་བ་ཆེ་བའི་དབྱར་དུས་སུ་མི་རྣམས་ལ་གྲིབ་བསིལ་གནང་བའི་རེ་བ་ཡོད། སྒོ་རའི་ནང་དཀར་ཆ་དོད་ལ་གསལ་བའི་རྣམ་པ་ཞིག་བཏོད་ཡོད་པ་དང་། ཁང་སྟེང་དང་སོ་ཕག་གིས་བརྩིགས་པའི་གྱང་གིས་ཅུང་མོག་མོག་གི་བར་སྟོང་ཞིག་བཏོད་ཡོད་པ་རེད། འཛུགས་སྐྲུན་འདི་སྤྱི་གླིང་གི་ཆ་ཤས་ཤིག་ཏུ་བསྐྲུན་རྒྱུ་དེ་ཇུས་འགོད་ཀྱི་མཐར་ཐུག་གི་དམིགས་ཡུལ་ཡིན་ལ། ཉེ་འཁོར་གྱི་ཡུལ་ལྗོངས་དང་འཆམ་མཐུན་གྱི་འབྲེལ་བ་འཛུགས་རྒྱུ་དེ་རེད། ལས་གཞི་དེའི་ནང་ང་ཚོས་ས་གནས་དེ་གའི་སོ་ཕག་གི་རྒྱུ་ཆ་བེད་སྤྱད་དེ་ལྕགས་སྒྲོམ་གྱི་བདེ་ལྕག་འཁྱུག་པའི་ཚོར་སྣང་དང་ཕྱི་གསལ་ནང་གསལ་གྱི་ཚོར་སྣང་གཉིས་བསྡུར་ནས་གྲུབ་པ་ཞིག་རེད། སོ་ཕག་རྒྱུ་ཆ་འདི་དག་ནི་སྲོལ་རྒྱུན་གྱི་སོ་ཕག་སྲེག་ཁང་དུ་བསྲེགས་ནས་གྲུབ་པ་ཞིག་ཡིན་པར་མ་ཟད། ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱུ་ཆ་སྡེབ་བསྡུར་བྱེད་ཐབས་སྤྱད་པ་རེད། བཟོ་སྐྲུན་དེ་དེང་རབས་ཀྱི་རང་བཞིན་དང་དྭངས་གསལ་གྱི་རང་བཞིན་ལྡན་པ་དང་ཆབས་ཅིག་དེ་དང་ཀྲུང་གོའི་སྲོལ་རྒྱུན་དང་ལོ་རྒྱུས་འབྲེལ་མཐུད་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད།
གལ་སྲིད་ཤིས་ཙེ་ལི་ཝུའེ་ཡིས་ཐུན་མོང་མ་ཡིན་པའི་རིག་གནས་ཇུས་འགོད་བྱས་ནས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ལ་གུས་འདུད་ཞུ་བ་དང་ཀྲུང་གོའི་རིག་གནས་འགྲེམ་ཁང་འཛུགས་སྐྲུན་ཐད་ཀྱི་གོམ་པ་དང་པོ་དེ་སྤོས་སོང་ཟེར་ན། ས་གནས་ཀྱི་རྟགས་མཚན་ལྟ་བུའི་བཟོ་བཀོད་ཀྱི་ཁྱད་ཆོས་དང་སྤུས་ཚད་མཐོ་བའི་འགྲེམ་སྟོན་གྱིས་ལྟ་སྐོར་བ་ཚོར་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་ཡོད། སྣག་ཆུའི་སྙིང་སྟོབས་ལས་སྲོལ་རྒྱུན་གྱི་བསམ་བློ་དང་བློ་གྲོས་ཁྲོད་གསར་གཏོད་གསར་པ་ཞེས་པའི་མཉམ་འགྲེམ་ནས་ན་གཞོན་གྱི་འཆར་གཞི་སྟེ། ལོ་དུ་མའི་ཕུལ་བྱུང་བརྩམས་ཆོས་འགྲེམ་སྟོན་དང་སེམས་ཁམས་ཀྱི་འོད་སྣང་ཞེས་པའི་དེང་རབས་མི་སྣ་གྲགས་ཅན་གདན་ཞུའི་འགྲེམ་སྟོན་སོགས་ལོ་ཕྱེད་ཙམ་རིང་ཚད་གཞི་མཐོ་བའི་སྒྱུ་རྩལ་འགྲེམ་སྟོན་ཐེངས་དགུ་བྱས་པ་ལས་རྒྱལ་ནང་གི་སྒྱུ་རྩལ་ཁྱབ་ཁོངས་ཀྱི་མདུན་གྲལ་དུ་ཡོད་པ་དག་ལ་མཉམ་འཇོག་བྱེད་དུ་བཅུག ཀྲུང་གོ་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཆུ་ཚོན་རི་མོའི་སྒྱུ་རྩལ་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཅན་སུའོ་ཡིས་མཛེས་རྩལ་ཁང་དེའི་ནང་འགྲོ་སྐབས་སྲོལ་རྒྱུན་གྱི་ཉམས་འགྱུར་ལྡན་ལ་དེང་རབས་ཀྱི་ཉམས་འགྱུར་ཡང་ལྡན་པས་གྲོང་ཁྱེར་གྱི་རིག་གནས་དང་དཔལ་འབྱོར་འཛུགས་སྐྲུན་མཉམ་འདྲེས་གང་ལེགས་བྱུང་བའི་དཔེ་མཚོན་ཞིག་རེད། ཉམས་ལེན་དེ་ནི་མཛེས་སྡུག་ལྡན་ལ་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་ཞིག་རེད་ཅེས་བཤད་པ་རེད། ཁོང་གི་ངོས་ནས་བརྗོད་ན་མཛེས་རྩལ་ཁང་གི་འགྲེམ་སྟོན་ཐོག་ཅི་ཉིང་གིས་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་འཕོ་འགྱུར་ནུས་པ་མངོན་པར་མ་ཟད། རིག་གནས་གསར་པ་དང་ཚེ་སྲོག་གསར་པ་ཡང་མངོན་ཡོད།
སྒྱུ་རྩལ་གྱིས་ལྟ་སྐོར་བའི་ཡིད་དབང་འཕྲོག་ཆེད། ཅི་ཉིང་མཛེས་རྩལ་ཁང་གིས་རང་འགུལ་ངང་ཁྲོམ་ར་དང་བརྒྱུད་བསྒྲགས་ཀྱི་དགོས་མཁོ་དང་འབྲེལ་མཐུད་བྱས་ཏེ་ཕྱོགས་གཅིག་ནས་རིག་གནས་གསར་གཏོད་ཁྱབ་ཁོངས་སུ་ཞུགས་ནས་མཛེས་རྩལ་ཁང་དང་ས་གནས་དེ་གའི་སྲོལ་རྒྱུན་རིག་གནས་བརྗོད་དོན་གཙོ་བོར་བྱས་པའི་ཉེ་འཁོར་གྱི་ཐོན་རྫས་ཁག་གཅིག་བཏོན་ཏེ་སྒྱུ་རྩལ་གྱི་འཛད་སྤྱོད་བྱས་པ་དང་། ཕྱོགས་གཞན་ཞིག་ནས་དར་མའི་སྣུམ་ཚོན་རི་མོ་དང་སྒྱུ་རྩལ་སྒམ་ཆུང་གི་ལག་ཤེས་ཉམས་ལེན་སོགས་ཀྱི་སྒྱུ་རྩལ་སློབ་ཚན་ཧུར་ཐག་བཏོད་ནས་རི་མོ་དང་ལག་ཤེས་ཀྱི་རྨང་གཞི་མེད་པའི་ལྟ་སྐོར་བས་ཀྱང་སྟབས་བདེའི་སློབ་སྦྱོང་བརྒྱུད་རང་ཉིད་བློ་ཡིད་ཚིམ་པའི་བཟོ་རྩལ་ཐོན་རྫས་བཟོ་ཐུབ་བཞིན་ཡོད། ཅི་ཉིང་ནི་རིག་གནས་ཀྱི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་པའི་ངོས་ནས་རིག་གནས་འགྲེམས་ཁང་བསྐྲུན་པ་དང་རིག་གནས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དེས་མི་རྣམས་ལ་སྒྱུ་རྩལ་གྱི་ཉམས་འགྱུར་གྱིས་ཁེངས་པའི་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཡོད། །